ལྡེའུ་ཆོས་འབྱུང་།
གཉིས་པ། རྩོམ་པར་དམ་བཅའ་བ།
Previous Chapter
Next Chapter

(གཉིས་པ། རྩོམ་པར་དམ་བཅའ་བའི་གཞུང་ཚིག་ལས་འཕྲོས་ཏེ་དུས་གསུམ་གྱི་སངས་རྒྱས་བྱོན་ལུགས་མདོ་ཙམ་བསྟན་པ།)

དེ་ལས་འདིར་བཤད་པར་དམ་བཅས་པ་ལས་འཕྲོས་ནས་དུས་གསུམ་གྱིས་སངས་རྒྱས་བྱོན་ལུག་ཟུར་གཅིག་བཤད་ན། ཁམས་གསུམ་གྱིས་སེམས་ཅན་ཉོན་མོངས་པའི་ནད་ཀྱིས་གདུངས་པ་རྣམས་གསོ་བར་མཛད་པའི་ཕྱིར། དཔལ་གྱིས་མགུར་ནས་ཚངས་པའི་གསུང་ཕྱུང་། དུང་གི་ཚེམས་བར་ནས་འཕྲུལ་གྱིས་ལྗགས་རྐྱང་ནས། ཞལ་ཀྱིས་བུམ་པ་ལས་ཆོས་ཀྱིས་བདུད་རྩི་ཕྱུང་པར་གྱུར་པའོ། །དེ་ཡང་དུས་ནམ་བྱོན་ཞིང་ཆོས་ཇི་ལྟར་གསུངས་ཞེ་ན། དུས་གསུམ་གི་སངས་རྒྱས་ཐམས་ཅད་ཀྱི་གསུངས་ཏེ། བཟངས་སྤྱོད་ལས་ཀྱང་དུས་གསུམ་གཤེགས་པ་མིའི་སེང་གེ་ཀུན་ཞེས་པ་དང་། མཇམས་དཔལ་ལས་ཀྱང་། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུངས་གྱུར་ལ། །

4b

ད་ལྟར་བྱུང་པའི་རྫོགས་སངས་རྒྱས། །ཞེས་པ་ལ་སོགས་པ་གསུང་བར་གསལ་ལོ། །དེ་འདས་པའི་དུས་སུ་བྱོན་པ་ཡང་སངས་རྒྱས་ཉིད་ཀྱིས་ལུང་བཞག་སྟེ། དགོངས་འདུས་ལས་མངོན་བསྐལ་པ་ཆེན་པོ་སྔོན་པར་དགའ་བ་ལ་སངས་རྒྱས་ཁྲི་གསུམ་སྟོང་བྱུང་ཏེ། དེ་རྣམས་ཀྱིས་ཐ་མ་ལ་སངས་རྒྱས་ཀུན་ཏུ་བཟང་པོ་ལ། ཁྱིའུ་བདེ་སྐྱོབས། ཏ་ལི་ཏྲ། ནང་ལས་བྱིན། ཧུཾ་བུ་ར། དཔལ་བྱིན། རྒྱལ་རིགས་རྗེ་རིགས་རྨངས་རིགས་བྲམ་ཟེའི་རིགས། གདོལ་པ་ཅན་གྱིས་རིགས་དང་རིགས་ལྔའི་ཁྱིའུ་ལྔ་པོ་དེས་སེམས་བསྐྱེད་པ་དེ། ད་ལྟ་རིགས་ལྔའི་སངས་རྒྱས་ཡིན་ཏེ། དེ་ཡང་རང་བརྒྱུད་པ་དང་། སྤྲུལ་པ། རང་བརྒྱུད་པ་གོང་དུ་སེམས་བསྐྱེད་པའི་ཁྱིའུ་ལྔ་པོ་ཡིན་ནོ། །སྤྲུལ་པ་སྟོན་པ་ཆོས་སྐུ་དང་ལོངས་སྐུར་འཚང་རྒྱ་རྩ་ན། ཐུགས་ཀ་ནས་སྟོན་ནས་ལྷའི་དབང་པོ་རྒྱ་བྱིན་གྱིས་ཁང་རྩར་ཆོས་བཤད་པ་ལགས་སོ། །དེ་འོག་མུན་པའི་སྐལ་པ་བརྒྱ་བྱུང་། དེ་ནས་བསྐལ་པ་རྫོགས་ལྡན་བྱ་བ་ལ་འབུ་དྷ་བྱེ་བ་ཕྲག་བརྒྱ་བྱུང་། དེའི་འོག་དུ་ཐང་ཁོབ་ཀྱིས་བསྐལ་པ་བརྒྱ་བྱུང་། དེ་ནས་བསྐལ་པ་བཟང་ལྡན་བྱ་བ་ལ་བུད་དྷ་བྱེ་བ་ཕྲག་བརྒྱ་བཅུ་རྩ་བཞི་བྱུང་། དེ་ནས་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང་། དེ་ནས་བསྐལ་པ་མཐོང་ན་དགའ་བ་ཞེས་བྱ་བ་ལ་འབུད་དྷ་བྱེ་བ་ཕྲག་བརྒྱ་བཅུ་བྱུང་། དེ་ནས་མུན་པའི་བསྐལ་པ་བདུན་བརྒྱ་བྱུང་། དེ་ནས་བསྐལ་པ་དགའ་བ་དང་ལྡན་པ་ཞེས་བྱ་བ་ལ་བུད་དྷ་སྟོང་

5a

༄༅།       །ཕྲག་དྲུག་བཅུ་བྱུང་། དེའི་རྗེས་ལ་ད་ལྟའི་བསྐལ་པ་བཟང་པོ་འདི་བྱུང་ངོ་། །འདི་ལས་སངས་རྒྱས་སྟོང་རྩ་གཉིས་འབྱུང་ཞེས་བཤད་དོ། །མ་འོངས་པའི་བསྐལ་པ་ཇི་ལྟར་འབྱུང་བའི་ཚུལ་ཡང་དགོངས་འདུས་ལས། འདིའི་གཏིང་ལ་ཐང་ཁོབ་ཀྱིས་བསྐལ་པ་རིགས་ངན་དྲུག་འབྱུང་། དེའི་འོག་ཏུ་བསྐལ་པ་དྲག་པ་དང་ལྡན་པ་ལ་བུད་དྷ་སྟོང་ཕྲག་བཅུ་འབྱུང་། དེ་རེ་རེའི་འོག་ཏུ་རིགས་ངན་གྱིས་བསྐལ་པ་སྟོང་ཕྲག་བརྒྱ་བཅུ་འབྱུང་། དེའི་འོག་ཏུ་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་བུད་དྷ་སྟོང་ཕྲག་བརྒྱ་བཅུ་འབྱུང་། དེའི་འོག་ཏུ་མུན་པའི་བསྐལ་པ་སུམ་བརྒྱ་འབྱུང་། དེའི་འོག་ཏུ་བསྐལ་པ་མཛེས་ལྡན་བྱ་བ་ལ་བུད་དྷ་སྟོང་ཕྲག་དྲུག་བཅུ་རྩ་ལྔ་འབྱུང་། ཞེས་དགོངས་འདུས་ཀྱིས་བྱུང་ཚུལ་བཅུ་གཅིག་པ་ལས་གསུངས་སོ། །བསྐལ་བཟངས་ནས་ཡོན་ཏན་བཀོད་པ་ལ་བུད་དྷ་བརྒྱ་ཁྲི་བཞི་སྟོང་འབྱུང་ཞེས་ཟེར་སྟེ་དེ་གཉིས་མི་མཐུན་གོང་མ་རྣམས་མཐུན་ནོ། །མདོ་བསྐལ་བཟངས་ནས་འདས་པའི་འབུད་དྷ་བྱུང་པ་ནི་གསལ་བར་མ་བཤད་དེ།  མ་འོངས་པ་ལ་འབྱུང་བར་བཤད་དེ། དེ་ཡང་བསྐལ་པ་འདིའི་གཏིང་ལ་ངན་འགྲོའི་བསྐལ་པ་དྲུག་བཅུ་རྩ་ལྔ་འབྱུང་ཏེ། དེའི་འོག་བསྐལ་པ་སྙན་པ་ཆེན་པོ་ལ་བུད་དྷ་ཁྲི་རྩམ་འབྱུང་པར་བཤད་དོ། །དེའི་འོག་བུད་དྷ་མེད་པའི་བསྐལ་པ་བརྒྱ་བཅུ་འབྱུང་། དེའི་འོག་བསྐལ་པ་སྐར་མ་ལྟ་བུ་འབྱུང་། དེའི་དུས་སུ་བུད་དྷ་བརྒྱ་ཁྲི་འབྱུང་། དེའི་འོག་

5b

བསྐལ་པ་སུམ་རྒྱ་མི་འབྱུང་ངོ་། །དེ་ནས་ཡོན་ཏན་བཀོད་པ་ལ་རྒྱལ་པོ་དེའི་བཙུན་མོ་བརྒྱད་ཁྲི་བཞི་སྟོང་སངས་རྒྱའོ། །རྟོགས་ལས་ཀྱང་འདས་པའི་དུས་སུ་བྱོན་པར་བཤད་དོ། །རིགས་ཀྱི་བུ་སྔོན་འབྱུང་པའི་དུས་སུ་བསྐལ་པ་དགུ་བཅུ་རྩ་གཅིག་ན་བུདྷ་རྣམ་པར་གཟིགས་བྱོན། དེའི་འོག་དུ་གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབས་དང་། འཁོར་བ་འཇིགས་དང་། གསེར་ཐུབ་འོད་བསྲུངས་བྱོན་ཞེས་གསུངས་སོ། །དེ་ལྟར་བྱོན་པ་རྣམས་ཀྱང་སྣང་པའི་བསྐལ་པ་རེ་རེ་དང་། མུན་པའི་བསྐལ་པ་རེ་རེ་སྤེལ་བ་བཞིན་དུ་འབྱུང་པ་ནི། གཉིས་སྣང་མཛད་པའི་གང་ཟག་རྣམས་ལ་དགོངས་ནས་བྱོན་ཏེ། དེ་ལྟར་སྤེལ་མར་བྱུང་པ་ནི། འཁོར་བ་མྱ་ངན་འདས་པ་དང་། ཉིན་མཚན་སངས་རྒྱས་སེམས་ཅན་ཅེས་པ་དང་། ཕལ་པོ་ཆེ་ལས་ཀྱང་དུས་གསུམ་ཀར་བུདྷ་བྱུང་པར་གསལ་ཏེ། ལྷ་མོ་སྒྱུ་མས་ཀྱང་བསྐལ་པ་བཟང་པོ་འདིའི་སྔོན་རོལ་ཏུ་བསྐལ་པ་ཨུད་པ་ལའི་མདོག་ཅེས་བྱ་བ་བྱུང་ཏེ། དེ་ལ་ཁོ་མོས་བུདྷ་ཁྲི་བསྙེན་བསྐུར་རོ། །ད་ལྟའི་བསྐལ་པ་བཟངས་པོ་འདི་ཉིད་ལ་བུདྷ་སྟོང་རྩ་གཉིས་གྱི་ཡུམ་དུ་ཁོ་མོ་གྱུར་ཏོ་ཞེས་གསུངས་སོ། །དེ་ལ་བསྐལ་པ་བཟང་པོ་འདི་ལ་བུདྷ་བྱོན་པའི་ཚུལ་ཟུར་རྩམ་བཤད་ན། དེ་ཡང་བུདྷ་རྣམས་བསྐལ་པ་ཡར་འཕེལ་ལ་མི་འབྱུང་བར་མར་འགྲིབ་ཀྱི་དུས་སུ་འབྱུང་ཏེ། མཛོད་ལས་ཀྱང་། བུདྷ་འབྱུང་ངོ་མར་ནི་འགྲིབ། །བརྒྱའི་བར་ལ་དེ་དག་འབྱུང་པར་གྱུར་ཞེས་སོ། །འོ་ན་མར་འགྲིབ་པའི་དུས་ན་ལ་འབྱུང་བ་དེ་བུདྷ་རྣམས་བསོད་ནམས་མ་བསགས་སམ་ཞེ་ན།

6a

༄༅།       །དེ་ལྟར་མ་ཡིན་ཏེ། མདོ་སྔོན་པར་འབྱུང་པ་ལས་རྒྱུ་མཚན་བཤད་དེ། སྐྱེ་དགུའི་ཚེ་ལོ་བཅུ་པ་ནས། ཡར་འཕེལ་བ་བརྒྱ་ཁྲིའི་བར་ལ་སངས་རྒྱས་མི་འབྱུང་། དེ་ཅིས་ན་ཡར་འཕེལ་བའི་ཚེ་སེམས་ཅན་རྣམས་ཡིད་འབྱུང་བར་དཀའ་ཞིང་། དབང་པོ་བརྟུལ་བ་ལ་བདེ་བ་མང་པའི་ཕྱིར། སྐྱོ་བ་ཤས་ཆུང་སྟེ། ཆོས་ཀྱི་སྣོད་དུ་མི་འགྱུར་བའི་ཕྱིར་རོ། །དེའི་དུས་སུ་རྩ་ཀྲ་བར་ཏི་མང་དུ་བྱུང་ནས་དབང་བསྒྱུར་རོ། །མི་རྣམས་ཀྱིས་ཚེ་ལོ་བརྒྱ་ཁྲི་པ་ནས་མར་འགྲིབས་པའི་ཚེ་ནི། སེམས་ཅན་བདེ་བ་ཉུང་ལ་ཡིད་འགྱུར་བར་བླ་བའི་ཕྱིར་དེ། དབང་པོ་རྣོ་ལ་སྐྱོ་བ་ཆས་ཆེ་བས་ཆོས་ཀྱི་སྣོད་དུ་འགྱུར་རོ། །ཞེས་གསུངས་སོ། །འོ་ན་སྟོན་པ་རྣམས་གླིང་གསུམ་དུ་མི་འབྱུང་པར། འཛམ་བུའི་གླིང་ཁོ་ནར་འབྱུང་བ་ཅི་ཡིན་ཞེ་ན། གླིང་གསུམ་གྱིས་མི་ནི་ཐ་མལ་པའི་བདེ་བ་མང་པས། ཆོས་ལ་མི་འཇུག་པ་དང་། འཛམ་བུ་གླིང་པ་ནི་ལས་ཀྱི་ས་པ་སྟེ། ཉོན་མོངས་པ་མང་ལ་རགས་པས་སྡུག་བསྔལ་གྱིས་མནར་བས་དེ་ལས་བཟློག་དགོས་པའི་ཕྱིར་དེས། དུས་གསུམ་གྱི་བུདྷ་ཐམས་ཅད་རྡོ་རྗེ་གདན་ལ་སངས་རྒྱས་པས་སོ། །དེ་སྐད་དུ་ཡང་ཀ་མ་ལ་ཤི་ལས། ཏིང་ངེ་འཛིན་རྒྱལ་པོའི་ལུང་དྲངས་པ། རྒྱལ་པོའི་ཁབ་ཀྱིས་ཤར་ཕྱོགས་འདི་ཉིད་དུ། །བུདྷ་བ་སྟོང་རྣམས་འབྱུང་འགྱུར་ཞིང་། །རྒྱལ་བ་ཀུན་གྱིས་དྲུང་དུ་འདི་ཡིས་ནི། །ཏིང་འཛིན་ཞུ་བ་མཆོག་འདི་ཞུ་བ་བྱས། །ཞེས་པས་དུས་གསུམ་གྱིས་བུདྷ་འདི་རྣམས་སངས་རྒྱས་པར་གསུངས་སོ། །འོ་ན་སངས་རྒྱས་འབྱུང་བ་དེ་དག་ཀྱང་། རྒྱུ་རྐྱེན་ནམ་ཚུལ་

6b

མཐུན་པར་འབྱུང་ངམ་མི་འབྱུང་ཞེས་ན། གསང་སྔགས་གསེབ་ལམ་ལ་ངེས་དོན་དུ་སངས་རྒྱས་པ་ལ་ངེས་པ་མེད་དེ། དྲང་དོན་དུ་སངས་རྒྱའ་བ་རྣམས་ཚུལ་མཐུན་པར་དང་པོར་སེམས་བསྐྱེད། བར་དུ་ཚོགས་བསགས། ཐ་མར་མཛད་པ་བཅུ་གཉིས་མཛད་ནས་སངས་རྒྱ་བའོ། །དེ་སྐད་དུ་ཡང་སངས་རྒྱས་མཉམ་སྦྱོར་ལས། བུདྷ་ཐམས་ཅད་ཆོས་སྐུ་མཉམ་པའི་རིགས་དང་། དེ་ལྟར་མཆོད་བརྗོད་བཤད་པར་དམ་བཅའ་བ་ཀླད་ཀྱིས་དོན་ཐལ་ནས། ད་ནི་གཉིས་པ་གཞུང་གིས་དོན་མཆད་དེ། དེ་ལ་ཡང་ཆོས་འབྱུང་དང་པོ་སྐུ་གསུམ་གྱིས་ལོ་རྒྱུས་དང་། བར་སངས་རྒྱས་སྟོང་རྩ་གཉིས་ཀྱི། ཐ་མ་ཤཱཀ་ཐུབ་ཀྱིས་རྣམ་ཐར་གྱིས་ལོ་རྒྱུས་སོ། །