ལྡེའུ་ཆོས་འབྱུང་།
གསུམ་པ། ཤཱཀྱ་ཐུབ་པའི་རྣམ་ཐར་དོན་ལྔ་ཡིས་བསྟན་པ།
Previous Chapter
Next Chapter

(གསུམ་པ། ཤཱཀྱ་ཐུབ་པའི་རྣམ་ཐར་དོན་ལྔ་ཡིས་བསྟན་པ།)

ད་ནི་ཆོས་འབྱུང་ཐ་མ་ཤཱཀྱ་ཐུབ་པའི་རྣམ་ཐར་ནི། དེ་ལ་ཡང་དོན་ལྔས་བསྟན་པར་མཆད་ན། དེ་ལ་ཡང་དང་པོ་འབུད་དྷ་སངས་རྒྱས་ལུགས་དང་། ཆོས་གསུངས་ལུགས།

14a

༄༅།       །བཀའ་བསྡུད་པ་པོས་བསྡུས་ལུགས། མི་ཡུལ་དུ་སྣང་ལུགས། ཞར་ལ་ཐང་ཁོབ་བོད་དུ་ཆོས་བྱུང་ཚུལ་དང་བཅས་པ་སྟོན་པ་ལགས་སོ། །དེ་ལྟར་དོན་ལྔས་འཆིང་པའི་རྒྱུ་མཚན་ཀྱང་། དང་པོར་ལུང་གི་ཆོས་འཆད་པར་འདོད་པ་རྣམས་ཀྱིས། གང་ཟག་ཉན་པོ་རྣམས་ཆོས་ལ་མི་འཇུག་པའི་རྒྱུ་ནི། སྟོན་པ་དང་དེས་གསུང་པའི་ཆོས་གཉིས་ཀྱི་ལོར་རྒྱུས་སམ་ཆེ་བའི་ཡོན་ཏན་ནམ། དཀའ་སླ་བ་ཕན་ཡོན་ཆ་མེད་པས། ཆོས་ལ་མ་དད་པ་འམ་མ་གུས་པར་འགྱུར་ལ། དེ་དག་ལ་གུས་ཤིང་དད་པར་བྱ་སྟེ། དེ་ལ་འཇུགས་པའི་ཕྱིར། སྟོན་པ་དང་དེས་གསུང་པའི་ཆོས་ཀྱིས་ཡོན་ཏན་བརྗོད་དགོས་པས། སངས་རྒྱས་ལུགས་དང་། ཆོས་གསུང་ལུགས་སྔོན་དུ་སྟན། དེ་ཡང་འགྲོ་བ་ཕལ་ཆེ་བ་ལ་གཞུང་ཚིག་དང་ཡི་གེར་སྣང་དགོས་པས་བསྡུད་པ་པོས་སྤོ་ཏི་དང་གླེ་བམ་དུ་བསྡུས་ཚུལ་སྟོན་དགོས། དེ་ལྟར་བསྡུས་ཀྱང་ལྷ་ཀླུ་ལ་སོགས་པ་རྫུ་འཕྲུལ་ཅན་རྣམས་ཀྱི་གླེག་བམ་ཐམས་ཅད་སོ་སོར་ཁྱེར་ནས་མི་ཡུལ་ན་ཆོས་མི་བཞུགས་པ་ལས། སངས་རྒྱས་གཉིས་པ་ལྟ་བུའི་བླ་མ་རྣམས་ཀྱི་ཐ་དད་ནས་སླངས་ནས་མིའི་ཡུལ་དུ་དར་ལུགས་སྟོན། དེ་ལྟར་རྒྱ་གར་རིགས་པའི་བྱུང་ཁུངས་བསྟན་པས་བྱོན་པའི་ས་ནས་ཆོས་ཡོད་ཀྱང་། འོ་སྐོལ་བོད་མུན་པའི་དམགས་རུམ་ལྟ་བུ་འདི་ན་ཆོས་མེད་པས་ལོ་བན་སྐྱེས་མཆོག་དག་པ་རྣམས་དང་། མངའ་བདག་བྱང་ཆུབ་སེམས་དཔའི་སྤྲུལ་པ་རྣམས་ཀྱི་རིང་ལ་ཆོས་བྱོན་པ་ཡིན་པས། གོང་མ་བཞི་པོའི་ཞར་ལ་ཐང་ཁོབ་འདིར་ཆོས་འབྱུང་ལུགས་ཀྱང་སྟོན་དགོས། ལྔ་བས་མང་མི་དགོས་ལ་

14b

ཉུངས་ན་མ་ཆོག་ནས་ལྔ་ཁོ་ནར་ངེས་སོ། །དེ་ལས་དང་པོར་སངས་རྒྱས་ལུགས་སྟོན་ཏེ། གཞུང་ལས་ད་ལྟར་སྟན་པའི་བདག་པོ་ཤཀ་ཐུབས་དེ། སྟོན་པ་འདིས་ཀྱང་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཞེས་པས་སེམས་བསྐྱེད་བར་མཐུན་ཀྱང་བསྐྱེད་ལུགས་ཐེགས་པ་ཆེ་ཆུང་དུ་བྱུང་ངོ་། །