ལྡེའུ་ཆོས་འབྱུང་།
དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།
Previous Chapter
Next Chapter

(དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།)

དེ་ལ་ཐེགས་ཆུ་ངུའི་བཞེད་པས། ཤཀ་ཐུབ་འདིས་ཡང་ལས་ཀྱི་དབང་གི་ལན་གཅིག་བྱ་པ་དང་ཉ་པར་སྐྱེས། དེའི་ལས་བྱས་པས་དམྱལ་བར་སྐྱེས་སྟེ་བ་ཤི་ཏ་ཞེས་བྱའོ། །ཁོའི་བཟླ་བོ་བདུད་ལྷས་སྦྱིན་དམྱལ་བ་ན་གནས་པ། ཡང་ཀ་མ་རུ་པ་ཞེས་བྱའོ། །དེར་དམྱལ་བའི་མིའི་ཤིང་རྟ་འདྲེན་པ་ལ། ཀ་མ་རུས་མ་འགྲོངས་པ་ལས། དམྱལ་དཔོན་ཨ་བ་གླང་མགོ་ཅན་བྱ་བ་ལུས་ནག་ཅིང་གྱོང་པ། ཁ་ནས་མེ་འབར་བ་སྣ་ནས་དུད་པ་འཐུལ་བ། ཁ་ནས་གནམ་ལྕགས་ཀྱི་ཐོག་འབེབ་པ། ལགས་པ་གཡས་ན་ལྕགས་ཀྱི་ཐོ་བ་ཐོགས་པ། གཡོན་མདུང་རྩེ་གསུམ་པ་ཐོགས་པ་གཅིག་གིས་ཀ་མ་རུའི་སྙིང་ཕུག་མདུང་རྩེ་གསུམ་པ་དེ་རྒྱབས་པས། སྐད་ངན་ཆེན་པོས་ཨ་པ་ཞེས་འདོན་པ་དང་། དེ་ལ་སྙིང་རྗེ་སྐྱེས་སྟེ་དམྱལ་དཔོན་ལ་ཞུས་པས། ཁོའི་སྐལ་བ་ཡང་ངས་དྲངས་ཀྱིས། ཁོ་ལ་སྡུག་བསྔལ་དེ་རྩམ་མ་མཛད་ཞེས་ཞུས་པས། བཟང་པོ་འདི་ཁྱོད་རའི་ལས་གྲུབ་པས་ཆོག་མོད། ཁོའི་སྡུག་བསྔལ་ཁྱོད་ལ་མ་བཅོལ་ཅིག་ཟེར་ནས། མདུང་རྩེ་གསུམ་པས་བ་ཤི་ཏ་བསད་ཚེ་ཟད་པར་མ་གྱུར་ཀྱང་། ཟླ་བོ་ལ་བྱང་སེམས་སྐྱེས་པས་དེ་ལས་ཐར་ཏེ་སྣང་བྱེད་དུ་སྐྱེས་སོ། །དེ་ལ་ཡང་སེམས་བསྐྱེད་མཁན་

15a

༄༅།       །མེད་ཀྱང་སྙིང་རྗེ་སྐྱེས་པས་སེམས་བསྐྱེད་པ་ཞེས་ཟེར་རོ། །དེ་ལ་དང་པོ་སེམས་བསྐྱེད་པ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་སྔོན་རོལ་དུ། སྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་ལ། གྲོང་ཁྱེར་ཆེན་པོ་བ་རྔུ་ཞེས་བྱ་བར་སངས་རྒྱས་ཤཀྱ་ཐུབ་པ་ཆེན་པོ་བྱོན་ཏེ། གྲོང་ཁྱེར་གྱི་དབུས་སུ་ཆོས་སྟོན་ཏེ། དེའི་དུས་ན་ཡང་ཉིགས་མ་ལྔ་དང་ལྡན་པ། ཚེ་ལོ་བརྒྱ་པ་ལུས་ཚད་ཆུང་པའི་དུས་ཡིན་པས་འབུད་དྷ་དེ་ཡང་ཚུལ་མཐུན་པར་སྐྱེས་སོ། །འཁོར་འདུས་པའི་དང་པོ་ནི་དགེ་སློང་ཆོས་སྨྲ་བའི་རྒྱལ་པོ་ཞེས་བྱ་བར་འཕགས་པ་འཇམས་དཔལ་འདི་སྐྱེས་ཏེ། དེ་ལ་ཏིང་འཛིན་མངའ་བས་ཏིང་འཛིན་ལ་མཉམ་པར་བཞག་ཏེ། ད་ལྟ་སུ་དང་སུ་ཞིག་དར། སུ་དང་སུ་ཞིག་ནི་གུད། སུ་དང་སུ་ཞིག་ནི་སངས་རྒྱས་ཀྱི་སྣོད་དུ་འདུག །སུ་དང་སུ་ཞིག་ནི་དམྱལ་བར་འགྲོ་མངོན་པར་ཤེས་པས་ལྟས་པས། གྲོང་ཁྱེར་འདིའི་ཐ་ན་རིགས་ངན་གྱིས་བུ་རྫ་མཁན་གྱི་བུ་སྣང་བྱེད་ལ་སངས་རྒྱས་ཀྱི་སྣོད་དུ་འདུག་པར་མཐོང་ནས། དེ་འདུལ་བའི་དོན་དུ་དགེ་སློང་དེས་གྲོང་ཁྱེར་དུ་བསོད་སྙོམས་བླངས་ནས་འབྲས་ཆན་ལྷུང་བཟེད་གང་ཐོག་ཏེ། རྫ་མཁན་དེའི་དྲུང་ན་ཕར་ཕྱིན་པ་དང་། ཕ་མ་རྫ་བྱེད་དུ་སོང་། ཁོ་རྩེད་མོ་རྩེ་བ་དང་འཕྲད་དེ། སྣང་བྱེད་དེས་དགེ་སློང་དེའི་མདུན་དུ་ཕྱིན་ནས། བཙུན་པའི་ལགས་ཀྱི་དེ་ཅི་ཡིན་ཞེས་དྲིས་པ་དང་། དེར་ཆོས་སྨྲ་བའི་རྒྱལ་པོས། འདི་ནི་ཁ་ཟས་རོ་མཆོག་བརྒྱ་དང་ལྡན་པ་ཅེས་པ་དང་། འོ་ན་ང་ལ་བླངས་དང་ཞེས་པས། བྱིན་གྱིས་བརླབས་ནས་བྱིན་པས། དེའི་རོ་ལ་ཆགས་པ་དང་ལྟོགས་ཕྲུག་དུ་སོང་པ་དང་ཤིན་ཏུ་བཀྲེས་ནས་

15b

ཁོའི་ཕྱིར་འབྲངས་སྐད། དེར་ཤཀྱ་ཐུབ་པའི་ཕོ་བྲང་དེར་ལོ་བཅུ་གཉིས་ལ་སོགས་པར་འགོར་བ་ཡིན་པ་ལ། འཕགས་པ་ཐུགས་རྗེ་ཆེ་བ་དང་། སྣང་བྱེད་ལས་དག་པས་སྐྱེས་བུ་ལགས་པ་བརྐྱངས་པ་ལས་བསྐུམ་པ་རྩམ་ལ་སླེབས་སྐད། དེར་དགེ་སློང་གི་རྫུ་འཕྲུལ་གྱིས་གྲོང་དབུས་སུ་ཉེ་བར་ཕྱིན་པ་དང་། དེས་འབུད་དྷ་མཐོང་པས་ཡ་མཚན་སྐྱེས་སྟེ་འདི་ཅི་ཡིན་ཟེར། བཙུན་པ་ཡིན་ཅེས་པ་དང་། འདི་འབུད་དྷའོ། །འདི་ཅི་ལས་བྱུང་སེམས་བསྐྱེད་ཚོགས་བསགས་པ་ལས་བྱུང་པའོ། །ང་ལ་འོང་ངམ་ཅེས་པ་ལ་སེམས་བསྐྱེད་ན་འོང་ཅེས་སོ། །ཁོ་དད་དེ་འབྲས་ཆན་ལྷུང་བཟེད་གང་པོ་དེ་འབུལ་དུ་བཅུག་ནས་སེམས་བསྐྱེད་དོ། །དེ་ནས་རྫ་མཁན་གཟའ་མི་བུ་གཏོར་ཏེ་གང་ནས་ཀྱང་མ་རྙེད་པ་ལ། དེ་ནས་གྲོང་གི་དབུས་ནས་རྙེད་དོ། །དེ་ནས་སྣང་བྱེད་ཀྱི་རབ་ཏུ་བྱུང་པར་ཞུས་པ་དང་ཕ་མས་ཀྱང་གནང་ནས། ངེད་ཀྱང་རབ་ཏུ་བྱུང་པར་གསོལ་སྟེ་ཞུ་བ་ཕུལ་ཅིག་ཞེས་སོ། །དེ་སྐད་དུ་ཞུས་པས་འབུད་དྷས་གནང་སྟེ། དགེ་སློང་ཚུར་ཤོག་ཅེས་པ་དང་། སྐྲ་དང་ཁ་སྤུ་རང་བྱི་ནས་ངུར་དམིག་གོན་པའི་དགེ་སློང་དུ་གྱུར་ཏོ། །འབྲས་ཆན་ལྷུང་བཟེད་གང་ལ་རྟེན་ནས་སེམས་བསྐྱེད་པའོ། །སྣང་བྱེད་ཀྱིས་འགྲོན་བུ་ལྔ་མཆིལ་ལྷམ་ཟུང་གཅིག་རས་ཀ་ཤི་ཀའི་གདུགས་ཅིག །རྫ་བུམ་སོ་སྟང་པ་གཅིག་ཆུས་བཀང་ནས་ཕུལ་ཏེ་སེམས་བསྐྱེད་ནས་སྨོན་ལམ་བཏབ་ཏེ། སྦྱིན་པ་རྒྱ་ཆེན་གྱུར་པ་འདིའི་མཐུས། །འགྲོ་བ་རང་འབྱུང་འབུད་དྷར་གྱུར་ནས་ཀྱང་། །སྔོན་གྱིས་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བའི་ཚོགས་རྣམས་བདག་གིས་བསྒྲལ་བར་བགྱི། །ཞེས་པ་དང་། བདག་གི་དགེ་བའི་

16a

༄༅།       །རྩ་བ་འདིས། བདག་ནམ་ཅིག་ཞི་བ་དག་པར་སངས་རྒྱས་སྟེ། སེམས་མ་དག་པའི་དོན་བྱེད་པར་གྱུར་ཅིག །མིང་ཡང་ད་ལྟར་གྱི་འབུད་དྷ་འདི་ཁོ་ན་འདྲ་བའི་ཤཀྱ་ཐུབ་པ་ཞེས་བྱ་བར་གྱུར་གཅིག་ཅེས་སྨོན་ལམ་བཏབ་བོ། །བསྐལ་བཟང་ནས་སྨན་པ་ཡོན་ཏན་བཤེས་གཉེན་གྱིས་བུར་གྱུར་ཏེ། །འབྲས་ཆན་ཕུལ་ནས་སྨོན་ལམ་བཏབ་པ་ནི། །བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་ཚེའི་ཚད་ཀྱང་ཅི་འདྲ་བ། །ཁྱོད་ཀྱི་མཆོག་ཟུང་བཟང་པོ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་པས་སེམས་བསྐྱེད་ཟེར། ཐེགས་པ་ཆེན་པོའི་མདོ་ཁ་གཅིག་ནས་ཤཀ་ཐུབ་འདི་སྔོན་རྒྱལ་བུ་བརྩོན་འགྲུས་སྤྱོད་དུ་སྐྱེས་ནས་འབུད་དྷ་འོད་འཕྲོ་བའི་ཕུང་པོ་བྱ་བ་བྱུང་པ་ལ་སེམས་བསྐྱེད་པ་ཡིན་ཟེར། དེ་ལྟ་ན་ཡང་ངས་མཉམ་ཉིད་ཀྱིས་དོན་མ་རྟོགས་པ་དེ་སྲིད་དུ་ལམ་ལ་ཡང་དག་པར་ཞུགས་པ་མ་ཡིན་ནོ་ཞེས་པ་གྲངས་མེད་གསུམ་དུ་མ་རྟོགས་སོ། །