ལྡེའུ་ཆོས་འབྱུང་།
ས་དང་ལམ་གྱི་གནས་ལུགས་བསྟན་པ།
Previous Chapter
Next Chapter

(ས་དང་ལམ་གྱི་གནས་ལུགས་བསྟན་པ།)

ཐེགས་ཆུང་གི་མདོ་

18b

ཁ་གཅིག་ནས་དེ་ལྟར་གྲངས་མེད་གསུམ་གྱིས་སངས་རྒྱས་མི་ཐོབ་སྟེ་སུམ་བཅུ་རྩ་དྲུག་འགོར་ཟེར། དེ་ཡང་ཚོགས་ལམ་སྦྱོར་ལམ་གཉིས་ལ་གྲངས་མེད་གསུམ་གསུམ་སྟེ་དྲུག །དེ་ནས་ས་དང་པོ་ནས་ས་བཅུ་པའི་བར་དུ་ས་རེ་རེ་ལ་གྲངས་མེད་གསུམ་གསུམ་འགོར་བས་སུམ་བཅུ་རྩ་དྲུག་ན་སངས་རྒྱས་ཟེར་བ་ཡོད་སྐད་དོ། །དེ་ནས་ས་ནི་དང་པོ་བརྒྱད་པ་བཅུ་པ་ནོན་ཅེས་པ་ལ། སྤྱིར་འབུད་དྷ་སྒྲུབས་པར་བྱེད་པ་ལ་ས་དང་ལམ་གཉིས་ལ་རྟེན་དགོས། དེ་ལས་དང་པོ་ས་བསྟན་ན་ངོ་བོ་ངེས་ཚིག་དབྱེ་བའོ། །ངོ་བོ་ནི་གནས་ཤིང་རྟེན་པས་ནས་ས་ཞེས་བྱའོ། །ངེས་ཚིག་ནི་ས་བཅུ་ལ་དང་པོ་ལ་སེམས་ཅན་དོན་སྒྲུབས་མཐོང་པ་ལ་རབ་ཏུ་དགའ་བས་ན་རབ་ཏུ་དགའ་བའི་ས་ཞེས་པ་ལ་སོགས་པའོ། །དབྱེ་ན་གསུམ་སྟེ་སོ་སོ་སྐྱེ་བོའི་ས། འབུད་དྷེ་སྭ་སྟྭའི་ས། འབུད་དྷའི་སའོ། །དང་པོ་ལ་གསུམ། མོས་པ་ལ་སྤྱོད་པའི་ས། ཚོགས་ལམ་གྱིས་ས། སྦྱོར་ལམ་གྱིས་སའོ། །དེ་གསུམ་གྱི་ངེས་ཚིག་ནི། སྨོན་པའི་སེམས་སྔོན་དུ་བཏང་ནས་མོས་པས་སྤྱོད་པས་མོས་པ་སྤྱོད་པ། ཚོགས་ལམ་ནི་མི་དགེ་བོར་ཏེ་ལུས་ངག་ཡིད་གསུམ་གྱིས་སྒོ་ནས་དགེ་བའི་བཤེས་གཉེན་ལ་ཐོས་པ་བྱས་སྟེ་ཚོགས་བསོགས་པའོ། །སྦྱོར་ལམ་ནི་འགུ་རུའི་གདམས་པ་ལ་རྟེན་ནས་ཆོས་ཅན་མཚན་མ་ཅན་ལ་ཆོས་ཉིད་མཚན་ཎ་སྦྱོར་བས་སྦྱོར་ལམ་གྱི་སའོ། །བྱང་ཆུབ་སེམས་དཔའི་ས་ལ་བཅུ་སྟེ། ས་དང་པོ་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་དུའོ། །ངེས་ཚིགས་གོང་དུ་སྟན་ཏེ་སྤྲིན་བཞིན་གཉིས་ཀྱིས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན་ཞེས་པའི་བར་དུའོ། །ས་དང་ཕ་རོལ་དུ་ཕྱིན་པ་སྦྱར་ན་ས་དང་པོ་སྦྱར་ན་ས་དང་པོ་ལ་

19a

༄༅།       །སེར་སྣ་མ་གནས་པས་སྦྱིན་པ་རྫོགས། དེ་བཞིན་དུ་ས་བཅུ་པའི་བར་ལ་ཡེ་ནས་གནས་པའི་དོན་རིགས་ཅིང་རྟོགས་པས་ཡེ་ཤེས་ཀྱི་པ་ར་མ་ཏ་རྫོགས་པའོ། །ཏ་ཐ་ག་ཏའི་ས་ལ་གསུམ་སྟེ། ཀུན་ཏུ་འོད་དང་། པདྨའི་སྤྱན་དང་། ཡི་གེའི་འཁོར་ལོ། དེ་ལ་ཀུན་ཏུ་འོད་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་འབྲས་བུ་ཆོས་ཀྱི་སྐུའོ། །པདྨའི་སྤྱན་ནི་ཆོས་ཀྱི་སྐུའི་ངང་ལས་སྤྲུལ་པའི་སྐུ་མི་འགག་པ་ལ་སྐུའོ། །ཡི་གེ་འཁོར་ལོའི་ཚོགས་ཆེན་གྱི་ས་ནི་དཔའ་བོ་འབྲུ་ལྔ་ལྟ་བུས་མཚོན་ནས་གདུལ་བྱ་ཇི་ལྟར་བྱུང་པ་འདུལ་བའི་སྤྲུལ་པའི་སྐུར་བྱུང་པའོ། །ད་ནི་ལམ་སྟན་པར་བྱ་སྟེ། དེ་ཡང་ངོ་བོ་ངེས་ཚིག་དབྱེ་བའོ། །ངོ་བོ་ནི་བགྲོད་པར་བྱ་བས་ན་ལམ་མོ། །ལམ་ལ་དབྱེ་ན་ལྔ་ཏེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །ཚོགས་ལམ་ལ་བཅུ་གཉིས་སྟེ། དྲན་པ་ཉེར་བར་བཞག་པ་ལྔ། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱིས་རྐང་པ་བཞིའོ། །དེ་ཅིའི་ཕྱིར་ཚོགས་ལམ་ཞེ་ན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བའི་ལས་དུ་མ་བྱེད་ཅིང་ཚོགས་བསོགས་པའི་ཕྱིར་རོ། །སྦྱོར་ལམ་ལ་བཅུ་སྟེ། དབང་པོ་ལྔ་དང་སྟོབས་ལྔའོ། །ཅིའི་ཕྱིར་སྦྱོར་ལམ་ཅེས་ན་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་ནས་མཐོང་ལམ་ལ་སྦྱོར་བས་ན་སྦྱོར་བའི་ལམ་མོ། །དེ་ཡང་གཟུང་པ་རང་བཞིན་མེད་པར་དྲོད། དེ་ལ་ཡིད་ཆེས་སྐྱེས་པས་རྩེ་མོ། མཛིན་པ་རང་བཞིན་མེད་པས་བཟོད་པ། དེ་ལ་ཡིད་ཆེས་སྐྱེས་པ་ནི་འཇིག་རྟེན་ཆོས་མཆོག་གོ །མཐོང་ལམ་ལ་བདུན་ཏེ། བྱང་ཆུབ་ཀྱི་ལམ་ཡན་ལགས་བདུན་ནོ། །དེ་ལ་ཅིའི་ཕྱིར་མཐོང་ལམ་ཞེ་ན། སྔར་མ་

19b

མཐོང་པའི་དོན་མཐོང་པས་ན་མཐོང་ལམ་ཞེས་བྱ་སྟེ། ཅི་མཐོང་ཞེས་ན་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་མཐོང་པས་སོ། །བསྒོམས་པའི་ལམ་འཕགས་པའི་ལམ་ཡན་ལགས་བརྒྱད་པ་དེ་ལ་ཅིའི་ཕྱིར་བསྒོམས་ལམ་ཞེ་ན། ཆོས་ཉིད་མཐོང་པའི་དོན་དེ་ལ་ཡང་ནས་ཡང་དུ་འདྲིས་པར་བྱེད་པས་ན་བསྒོམས་ལམ་ཞེས་བྱའོ། །མཐར་ཕྱིན་པའི་ལམ་ནི་ས་དགུ་པ་ནས་ས་བཅུའི་བར་ཏེ། བདག་གཞན་གཉིས་ཀྱི་དོན་མཐར་ཕྱིན་པས་ན་མཐར་ཕྱིན་པའི་ལམ། ཞེས་བྱའོ། །གཞན་ཡང་མིང་གི་རྣམ་གྲངས་ཀྱང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་རྟོགས་པས་བར་མ་ཆོད་པས་བར་མེད་པའི་ལམ། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ན་རྣམ་པར་གྲོལ་བའི་ལམ། དེའི་དུས་སུ་ཉན་ཐོས་ཀྱི་བདེན་པ་བཞི་ལ་མི་སློབ། རང་རྒྱལ་གྱིས་རྟེན་འབྲེལ་ལ་མི་སློབ། ཏ་ཐ་ག་ཏའི་ལམ་ལྔ་ལ་མི་སློབ་པས་ན་མི་སློབ་པའི་ལམ་ཞེས་བྱའོ། །དེ་ལྟར་ན་ས་དང་ལམ་གཉིས་ཆོས་མཐུན་རྩི་ན། ཚོགས་ལམ་སྦྱོར་ལམ་གཉིས་ནི་ས་ལས་སོ་སོ་སྐྱེ་བོའི་ས། མཐོང་ལམ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ས་སྟེ་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱའོ། །བསྒོམས་པའི་ལམ་ནི་ས་དང་པོ་ནས་བརྒྱད་པའི་བར་རོ། །མཐར་ཕྱིན་པའི་ལམ་ནི་ས་དགུ་པ་ནས་བཅུ་པའི་བར་རོ། །དེ་ལ་རང་དོན་གཞན་དོན་གཉིས་ཀའི་དོན་གསུམ་ལས། མོས་པ་སྤྱོད་པ་ནས་རབ་ཏུ་དགའ་བའི་བར་ནི་རང་དོན་གཙོ་བོར་སྒྲུབས། ས་གཉིས་པ་ནས་བརྒྱད་པའི་བར་ནི་གཉིས་ཀའི་དོན་སྒྲུབས། ས་དགུ་པ་ནས་བཅུ་པའི་བར་ནི་གཞན་དོན་འབའ་ཞིག་མཛད་པའོ། །དེ་ལྟར་ས་ནོན་པ་དེས་ས་བཅུ་བྱང་ཆུབ་སེམས་དཔའི་སྟོན་པ་མཛད་ཅེས་སྟེ། ས་བཅུ་ལ་གནས་པའི་འབུད་

20a

༄༅།       །དྷེ་སྭ་སྟྭས་འགྲོ་བ་སེམས་ཅན་གཞན་གྱིས་དོན་འབའ་ཞིག་མཛད་པའོ། །སྔོན་གྱིས་སྨོན་ལམ་གྱིས་སྟོབས་དང་འགྲོ་བ་གཞན་དོན་བྱ་བའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱ་བར་བཞེད་དེ། ལྷའི་གནས་གསུམ་དུ་གཤེགས་སྟེ་ལོངས་སྐུས་སངས་རྒྱ་བར་བྱེད་པའོ། །དེ་ལྟར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཞེས་བྱའོ། །