ལྡེའུ་ཆོས་འབྱུང་།
༡.དགའ་ལྡན་ནས་འཕོ་བའི་མཛད་པ།
Previous Chapter
Next Chapter

(༡.དགའ་ལྡན་ནས་འཕོ་བའི་མཛད་པ།)

དེ་ནས་སྤྲུལ་པའི་སྐུ་སྣང་པ་མ་དག་པ་རྣམས་ཀྱི་དོན་མཛད་པའི་ཕྱིར་འཛམ་བུའི་གླིང་དུ་བྱོན་པ་ནི། གཟིགས་པ་བཞི་འམ་ལྔ་ལ་གཟིགས་ནས་ཟས་གཙང་སྲས་སུ་འཁྲུངས། བཅུ་གཉིས་མཛད་པས་དཀའ་བ་སྣ་ཚོགས་པ་ཅད། སྤྲུལ་སྐུ་རྡོ་རྗེའི་གདན་ལ་ཞེས་པའི་ཚིག་གསུམ་གྱིས་སྟོན་ཏེ། དེ་ཡང་སྔོན་གྱི་དུས་ན་མར་མེ་མཛད་ཀྱི་ལུང་སྟན་ཏེ། བྲམ་ཟེ་ཁྱིའུ་ཁྱོད་འདི་ནས་སྐྱེ་བ་རྒྱུད་ནས་ནས་གཟུགས་ཁམས་སུ་འབུད་དྷེ་སྭ་སྟྭ་སྟོབས་ལྡན་སྙིང་པོ་ཞེས་བྱ་བར་གྱུར་ནས་དེར་དོན་བྱེད་དོ། །དེ་ནས་འདོད་ཁམས་སུ་འབུད་དྷེ་ཏོག་དཀར་པོར་གྱུར་ནས་དགའ་ལྡན་པ་རྣམས་ལ་ཆོས་སྟོན་ཏེ། དེ་ནས་འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་བྱས་ནས་སླར་འོག་མིན་དུ་ཆོས་ཀྱི་སྐུ་ལ་ཐིམས་པར་འགྱུར་རོ་ཞེས་པས། དམ་

22a

༄༅།       །པ་ཏོག་དཀར་པོ་ཞེས་ཀྱང་བྱ། རྒྱལ་མཚན་མཐོན་པོ་ཞེས་ཀྱང་བྱ་བར་འགྱུར་ནས་དགའ་ལྡན་ཆོས་ཀྱི་མཐོ་བའི་གཞལ་ཡས་ཁང་ན་བཞུགས་སྟེ་ལྷ་རྣམས་ལ་ཆོས་སྟོན་པ་ལས། འབུད་དྷེ་སྭ་ཏྭ་དེ་ལ་ཕྱོགས་བཅུ་ནས་བསྐུལ་བ། ཀྱེ་བསོད་ནམས་རྒྱ་ཆེན་ཚོགས་མང་དྲན་རྟོགས་མངའ། །བློ་གྲོས་མཐའ་ཡས་ཤེས་རབ་འོད་བཟང་པའི། །མཚུངས་ཆེན་སྟོབས་མངའ་རྒྱུ་རྩལ་ཆེ་མངའ་བའི། །མར་མེ་མཛད་ཀྱིས་ལུང་སྟན་དགོངས་པར་མཛོད། །ཞི་གནས་བརྟུལ་ཞུགས་ཚུལ་ཁྲིམས་བཟོད་པ་དང་། །སྦྱིན་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་སྟོབས། །བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམ་ཅད་པས། །སྤྱོད་རིགས་ཆེར་གྱུར་ཁྱོད་ནི་དགོངས་པར་མཛོད། །དེ་དུས་ལགས་ཀྱི་བཏང་སྙོམས་མ་མཛད་ཅིག །དཔལ་ལྡན་ཁྱོད་ཀྱི་རྟེན་རྣམས་དཔལ་གྱིས་ནི། །དགའ་ལྡན་ལྷའི་ཕོ་བྲང་མཛེས་མོད་ཀྱི། །འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་གྱུར་པས། །འཛམ་བུའི་རྒྱལ་མཚན་འདི་ལ་ཆོས་ཆར་ཕོབ། །ཁྱོད་ལ་གང་དག་ལྷུང་བཟེད་བཞི་འབུལ་བའི། །འཇིག་རྟེན་སྐྱོངས་པ་བཞི་པོ་བསྡོད་ལགས་ཀྱིས། །ཁྱོད་ལྟམ་གང་ཚེ་ལེགས་བསྐུལ་བའི། །ཚངས་པ་བྱེ་བ་ཕྲག་ཁྲིག་རྣམས་ཀྱང་བསྡོད། །བློ་གྲོས་བཟང་པོ་རིགས་ལྡན་རིགས་ཆེ་བའི། །རིགས་ཀྱིས་ནང་ནས་ཁྱེད་ཉིད་བཙུན་པའི་རིགས། །ཞེས་བསྐུལ་བས། འབུད་དྷེ་སྭ་ཏྭས་ཀྱང་འདུལ་བའི་དུས་ལ་བབས་པར་མཁྱེན་ནས་རང་གི་ཅོད་པན་བཀྲོལ་སྟེ་བྱམས་པ་ལ་བཀོན་ནས་རྒྱལ་ཚབ་དུ་བཞག །དེ་སྐད་དུ་ཡང་ཉིད་ཀྱི་ཕྱག་གིས་ཉིད་ཀྱི་ཅོད་པན་

22b

བཀྲོལ། །ཉིད་ཀྱི་ཕྱག་གི་མི་ཕམ་མགོ་ལ་བཀོན། །དེ་ཚེ་ཁྱད་པར་ཅན་དུ་ཁྱོད་གྱུར་སྟེ། །ཆོས་ཀྱིས་རྒྱལ་པོ་ཉིད་དུ་ཁྱོད་གྱུར་ཅིག །དེ་ནས་འཛམ་བུའི་གླིང་དུ་འགྲོ་བར་ཆས་པ་ལས། ལྷའི་བུ་གཞོན་པ་རྣམས་ཀྱིས་ཞབས་ལ་འཇུས་སྟེ། བདག་གི་སྟོན་པ་སུ་ལ་བྱེད་ཞེས་པ་དང་། ཁྱེད་ཀྱི་སྟོན་པ་ནི་ངའི་འོག་ཏུ་སངས་རྒྱས་པའི་རྒྱལ་བ་བྱམས་པ་འདི་ལ་གྱིས་ཅིག་ཞེས་པ་ནས། ལྷ་རྣམས་ལ་གྲོས་འདྲི་ཚུལ་སྟོན་ཏེ། བདག་འཛམ་བུའི་གླིང་དུ་འགྲོ་བ་ལ་རིགས་གང་ལ་བྱ། ཡབ་ནི་གང་ལ་བྱ། ཡུམ་ནི་གང་ལ་བྱ་ཞེས་གསུངས་པས། ལྷ་ལ་ལ་ནེ་རྒྱལ་པོ་མ་སྐྱེས་སྒྲ་འདི་ལས་ལྷག་པ་མེད་ཞེས་པ་དང་། ཏོག་དཀར་གྱིས་ཞལ་ནས་འདི་ནི་ལན་གཅིག་བུས་ཕ་བསོད་པར་འགྱུར་པའི་ཉེས་པ་ཡོད་པས་མི་རུང་ངོ་ཞེས་སོ། །དེ་ལ་སོགས་པ་མང་དུ་གླེང་ཀྱང་རྐྱོན་མེད་པར་མ་བྱུང་ནས། ཉིད་ཀྱིས་གཟིགས་པ་བཞི་ལ་གཟིགས་དགོས་པར་གསུངས་སྟེ། གླིང་ལ་གཟིགས་པས་འཛམ་བུའི་གླིང་། དུས་མངལ་སྐྱེས་ཀྱི་དུས། རིགས་རྒྱལ་རིགས། ཡུལ་དབུས་རྡོ་རྗེ་གདན། དེ་རྣམས་ལ་གཟིགས་སྐད།