ལྡེའུ་ཆོས་འབྱུང་།
༩.བདུད་བཏུལ་བའི་མཛད་པ།
Previous Chapter
Next Chapter

(༩.བདུད་བཏུལ་བའི་མཛད་པ།)

དེ་ནས་བདུད་བཏུལ་བའི་མཛད་པ་ནི། རྡོ་རྗེ་གདན་ལ་གཤེགས་ཏེ། ཇི་སྲིད་སྡུག་བསྔལ་ཀུན་གྱི་མཐའི། །ཟག་ཟད་ཡང་དག་མ་ཐོབ་པར། །དེ་སྲིད་སྲོག་མཐར་གྱུར་ཀྱང་ནི། །དཀྱིལ་དཀྲུང་འདི་ནི་ཞིག་མི་བྱ། །ཞེས་ནས་རྡོ་རྗེ་གདན་ལ་ཀླུའི་རྒྱལ་པོའི་གདན་ལ་བཞུགས་སོ། །དེ་ནས་བདུད་དགའ་རབ་དབང་ཕྱུག་གིས་འཇིགས་པའི་ཆ་བྱད་དུ་སྤྲུལ་ཏེ། ཏབ་ཏབ་པོར་འོངས་ནས། གྲོང་ཁྱེར་སེར་སྐྱ་ནི་ལྷ་སྦྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཀྱ་བ་རྣམས་ནི་ཁ་བཏགས་ན་ཁྱོད་ཅིའི་ཕྱིར་འདི་ན་བསྡོད་ཞེས་པ་དང་།

39a

༄༅།       །བདུད་ཀྱིས་དཀྲུག་ཀྱང་རྟོགས་པ་གསུམ་མ་སྐྱེས་སྟེ། དང་པོ་འདོད་པའི་རྟོགས་པ་ཆུང་མ་གསུམ་སྤངས། གནོད་ཀྱིས་རྟོགས་པ་ལྷ་སྦྱིན་ལ་མ་སྐྱེས། རྣམ་པར་འཚེ་བའི་རྟོགས་པ་ནི་རྗེས་སུ་འཚོ་བའི་ཤཀྱ་བ་ལ་མ་སྐྱེས་སོ། །དེ་ནས་དགེ་བའི་རྣམ་རྟོགས་གསུམ་སྐྱེས་སྟེ། ངེས་འབྱུང་གི་རྣམ་རྟོགས། གནོད་སེམས་མེད་པའི་རྣམ་རྟོགས། རྣམ་པར་མི་འཚེ་བའི་རྣམ་རྟོག་གོ །དེའི་ཤིང་གི་ལྷ་མོ་བརྒྱད་ཀྱིས་བསྟོད་པ་བྱས། དེ་ནས་ལྷ་སྦྱིན་ན་རེ་ཁྱོད་འདིར་ཅི་བྱེད་ཟེར། ང་སངས་རྒྱས་ནས་ཆོས་འཆད་བྱས་པས། ཁྱོད་རྒྱ་ན་ང་ཡང་རྒྱ་ཞེས་སོ། །དེ་ནས་འབུད་དྷེས་ཁྱོད་ཀྱིས་མཆོད་སྦྱིན་སྣ་གཅིག་གི་ཆ་ཅིག་རྩམ་ཡང་མ་བཏང་པར་སངས་ཇི་ལྟར་རྒྱ། ངས་ནི་སྐལ་པ་དཔག་ཏུ་མེད་པར་ཚོགས་བསགས་ནས་བྱ་བ་རྫོགས་སྟེ་འཚངས་རྒྱ་བ་ཡིན་ཞེས་སོ། །ངས་མཆོད་སྦྱིན་ཆ་གཅིག་རྩམ་བཏང་པ་ཁྱོད་ལ་ཆ་ཡོད་ཀྱང་། ཁྱོད་ཀྱིས་བྱ་བ་རྫོགས་པའི་རྒྱུས་ང་ལ་མེད་པས་འོ་སྐོལ་རང་ལ་དཔང་པོ་མེད་དོ་ཟེར་བས། སྨྲས་པ་དཔང་པོ་ཡོད་དོ་ས་འདི་ཆགས་ནས་གནས་པ་སའི་ལྷ་མོ་སྟན་མ་ཡོད་བྱས་པས། དེ་འོ་སྐོལ་གྱིས་མི་མཐོང་ཟེར། དེར་ལྷ་མོ་སྦྲན་པས་བྱོན་ཏེ་སྡིག་ཏོ་ཅན་ཁྱོད་ཉོན་ཅིག །འབུད་དྷས་ཚོགས་བསགས་པ་ནི་སྟོང་གསུམ་གྱི་སའི་སྡུལ་རྩམ་མོ། །ཁྱོད་ཀྱིས་མཆོད་སྦྱིན་བཏང་པ་ནི་ལྷམ་ཐིལ་ནང་གི་སའི་བརྡུལ་རྩམ་མོ་ཞེས་སོ། །དེར་ལྷ་སྦྱིན་སྐྱེངས་ནས་མི་མ་ཡིན་གྱིས་བདུད་གར་བ་དབང་ཕྱུག་

39b

སྦྲན། དེར་འབུད་དྷས་རྩའི་གདན་ལ་ཞལ་ཤར་དུ་གཟིགས་ནས་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་པ་ཞེས་བྱ་བའི་འོད་བཏང་ཏེ། བདུད་ཀྱི་གནས་སུ་མུན་པས་ཁེབས་པ་ལ་སོགས་པའི་རྨི་ལྟས་སོ་གཉིས་རྨིས་ནས་སོ། །དེར་བདུད་མང་དུ་ལྷགས་སྟེ་གཡས་ན་བདུད་ཀྱིས་སྡེ་དཔོན་ལེགས་པའི་བློ་གྲོས། གཡོན་ནས་བློ་གྲོས་ངན་པ་གཉིས་ཀྱིས་ལྟས་པས། སྙིང་གས་ཏེ་བདུད་ཀྱིས་དེད་དཔོན་སྡེ་བཟང་པོ་ན་རེ་མི་ཐུབ་ཟེར་ཏེ་མཚོན་ཆའི་ཆར་ལ་སོགས་པས་བར་ཆོད་བྱས་ཀྱང་། འབུད་དྷས་བྱམས་པའི་ཏིང་ངེ་མཛིན་ལ་ཞུགས་པས། མཚོན་ཆའི་ཆར་མེ་ཏོག་དང་བདུད་རྩིའི་ཆར་དུ་གྱུར་ནས་མ་ཚུགས་པས། དེར་ལྷའི་བུའི་བདུད་བཅོམ་སྟེ། དེར་བདུད་ན་རེ་ཁྱོད་སངས་རྒྱའ་ན་ངེད་ཀྱང་འཚངས་རྒྱ་སྟེ་ཁྱོད་དང་ངེད་ཁྱད་མེད་དེ་ཅིའི་ཁྱད་ཡོད་ཟེར། གསུང་པ་ཁྱོད་ཉོན་ཅིག་ང་ལ་ནི་མཚན་བཏགས་རྣམ་པ་བརྒྱད་ཡོད་དེ། ངའི་དབུ་བཀྲ་ཤིས་ཀྱི་གདུག་སུ་གསལ། ངའི་སྤྱན་ཉར་གསལ། མགུལ་བུམ་པ། ཕྱག་ཞབས་འཁོར་ལོ། ཚེམས་དུང་བུ། ལྗགས་པདྨ། སྐུ་རྒྱལ་མཚན་དུ། ཐུགས་བཀྲ་ཤིས་དང་དཔལ་གྱི་བེའུར་གསལ་ཏེ། དེ་རེ་རེ་ལ་ཡང་བཞི་བཞིར་ཕྱེ་བས་མཚན་སུམ་བཅུ་རྩ་གཉིས་སུ་ཡོད་དོ། །བརྒྱད་པོ་རེ་རེ་ལ་ཡང་བཅུ་བཅུར་ཕྱེ་བས་དཔེ་བྱད་བཟང་པོ་བརྒྱད་བཅུ་དང་ལྡན་ཞེས་གསུང་པས་དེ་རྩམ་ན་ཐ་མལ་གྱིས་ཕུང་པོར་མི་འདུག་པས་ནང་ཕུང་པོའི་བདུད་བཅོམ་མོ། །དེ་ནས་བདུད་

40a

༄༅།       །ཀྱི་བུ་མོ་གསུམ་བསླུར་བཏང་པས་འདོད་ཆགས་ཀྱིས་ཡུལ་རྣམས་སྟན་ནས་ཞུས་པས། བདུད་ཀྱིས་རྒྱལ་པོ་སོས་ཀའི་དུས་ལ་བབས། །ཞུགས་ཤིང་ལོ་འདབ་རྒྱས་པས་རོལ། །ལྷའི་ལོངས་སྤྱོད་རྟེན་དུ་བདག་འཚམས་ན། །འབུད་དྷེ་སྭ་ཏྭའི་ཐུགས་ནི་སླར་ཟློག་ལ། །འདོད་པའི་རོལ་པས་བདག་ལྕགས་ཅད་དུ་གསོལ། །ཅེས་པས། གསུངས་པ། པད་མ་འདྲའི་རྒན་མོ་རྣམས། །འདོད་ཆགས་ཞེས་བྱའི་ཉོན་མོངས་འདི། །ལན་ཚའི་ཆུ་བཞིན་ཕྱིར་ལ་སྐོམ། །འདོད་པ་དེ་ལ་སུ་ཞིག་ཆགས། །ཞེས་གསུངས་ནས། སེ་གོལ་གདབ་པས་རྒན་མོ་གསུམ་དུ་གྱུར་ནས་བྲོས་ནས་ཐལ་ལོ། །དེའི་ཚེ་ཉོན་མོངས་པ་མ་སྐྱེས་པས་ཉོན་མོངས་པའི་བདུད་བཅོམ་མོ། །དེ་ནས་བཙུན་དའ་ཕྱེད་དུ་སྐུ་ཚེ་འུར་བས་མཆི་བདག་གི་བདུད་བཅོམ་མོ། །དེ་ནས་དེའི་ཉིན་པར་སྲས་སྒྲ་གཅན་མཛིན་དང་དགའ་བོ་གཉིས་བཙས་པས། རྒྱལ་བུ་བཞུད་ཀྱང་ཅུང་བཙས་པས་དེ་ལ་ཡབ་དགྱེས་པས་མིང་དགའ་བོར་བཏགས་སྐད། དེར་སྒྲ་གཅན་ལ་སྐྱེ་བོ་དག་ན་རེ་དོན་འགྲུབ་ཀྱི་སྲས་མ་ཡིན་ཟེར་བས་དེ་ལ་མས་སྨོད་བོར་ཏེ་བུ་སྤང་དུ་ཁྱེར་ནས་ཕོ་བོང་ལ་ཞོན་ཏེ་འདི་བུ་མ་ཡིན་རྫིང་དུ་བྱིང་ཅིག །ཡིན་ན་མ་བྱིང་ཞེས་པས་མ་བྱིང་བས་ངན་ཁ་བཀག་གོ །དེ་ནི་བདུད་བརྟུལ་བའི་མཛད་པའོ། །