ལྡེའུ་ཆོས་འབྱུང་།
བཀའ་གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར་སྐོར།
Previous Chapter
Next Chapter

(བཀའ་གཉིས་པ་མཚན་ཉིད་མེད་པའི་ཆོས་འཁོར་སྐབས།)

དེ་ནས་ཆོས་ཀྱི་འཁོར་ལོ་གཉིས་པ་ནི། དེའི་རྗེས་ཐེགས་པ་ཆེན་པོའི་རིགས་ཅན་ལ། ཐེགས་པ་ཆེན་པོ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་བྱ་བ་སྟེ། དེ་ཡང་འཁོར་རབ་འབྱོར་དང་ཀུན་དགའ་བོ་ལ་སོགས་ཐེགས་ཆེན་གྱི་རིགས་ཅན་རྣམས་ལ་བཀའ་ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་གཞུང་བྱེ་བ་ཕྲག་ཉི་ཤུ་གནས། གནས་རྒྱལ་པོའི་ཁབ་འམ། བྱ་རྒོད་ཀྱིས་ཕུང་པོའི་རི་ལ་སོགས་པར་དགུང་ལོ་བཞི་བཅུ་ཞེ་གཉིས་ནས་བདུན་བཅུའི་བར་དུ་གསུངས་ཏེ། དེ་ཡང་བདེན་པ་རྣམ་པར་བཞག་པའི་ཆོས་ལས་བདེན་པ་གཉིས་རྣམ་པར་བཞག་པའི་ཆོས་ཀྱིས་འཁོར་ལོ། དྲང་དོན་གྱིས་མདོ་སྡེ་སྟེ་ངེས་པའི་དོན་མ་ཕྱེ་བའོ། །དེ་ནས་ཐེགས་པ་ཐུན་མོངས་ཀྱི་རིགས་ཅན་ལ། ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བདག་མེད་པའི་ཆོས་གསུངས་ཏེ། ཡུལ་ཡངས་པ་ཅན་ལ་སོགས་པར། དགུང་ལོ་བདུན་བཅུ་ནས་བརྒྱ་བཅུའི་བར་དུ་ངེས་པའི་དོན་གྱིས་ཆོས་བདག་མེད་པའི་ཆོས་གསུང་། འཁོར་འབུད་དྷེ་སྭ་ཏྭ་དོན་དམ་ཡང་དག་འཕགས་ལ་སོགས་པ་ལ། ཆོས་དགོངས་པ་ངེས་པར་འབྲེལ་བ་ལ་སོགས་པའི་བདེན་པ་རྣམ་པར་མ་བཞག་པའི་ཆོས་གསུང་ཏེ། དེ་ཡང་གང་ཞེས་ན། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་དག་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེགས་པ་ཆེན་པོ་མཐའ་དག་འདུས། །ཞེས་པའི་

50b

ཚུལ་ཅན་ཏེ། དེ་ནི་དྲང་དོན་མ་ཕྱེ་བའི་ངེས་པའི་དོན་གྱིས་མདོ་སྡེའོ། །དེ་གཉིས་ལ་ནི་བར་པར་བཞེད་ཞེས་པས་གཉིས་སུ་སྡེབས་པ་ལའོ། །