ལྡེའུ་ཆོས་འབྱུང་།
ནང་པ་སངས་རྒྱས་པའི་དབྱེ་བ།
Previous Chapter
Next Chapter

(ནང་པ་སངས་རྒྱས་པའི་དབྱེ་བ།)

ད་ནི་ནང་པ་སངས་རྒྱས་པའི་ཆོས་ཉིད་ཀྱི་དབྱེ་བ་ཅིག་སྟོན་ཏེ་ནང་པ་ལ་དབྱེ་ན་ལུང་དང་རྟོགས་པའི་ཆོས་ཞེས་གཉིས་སུ་དབྱེ་བ་ཡང་མདོ་སྡེ་བརྒྱན་ལས། སྟོན་པའི་དམ་ཆོས་རྣམ་གཉིས་སྟེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །ཡང་ན་དོན་དང་ཡི་གེ་ཞེས་ཀྱང་བྱ་ཏེ། །དོན་དང་ཡི་གེར་ཤེས་པར་བྱ་ཞེས་པའོ། །དེ་རྟོགས་པའི་ཆོས་ལ་ཚིག་ཏུ་དབྱེ་བ་མེད། ལུང་ལ་ཕྱེ་བས། ལུང་གི་ཆོས་ལ་བཀའ་དང་སྟན་ཆོས་གཉིས་སུ་བྱུང་ཞེས་སྟེ། དེ་ཡང་རྣམ་པར་ཤེས་པའི་རིགས་པ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་སྟན་ཆོས་གཉིས་སུ་ཞེས་སོ། །དེ་ལ་བཀའ་ལ་གཉིས་སུ་འབྱེད་དེ། བཀའ་ལ་གཉིས་སྟེ་སྤྱི་དང་བྱེ་བྲག་གོ་ཞེས་སོ། །སྤྱི་ལ་ཡང་ཕྱེ་བས་གསུམ་དུ་འགྲོ་སྟེ། སྤྱི་ལ་གསུམ་ཏེ་ཞེས་པས་ཞལ་ནས་གསུང་པའི་བཀའ། རྗེས་སུ་གནང་པའི་བཀའ། བྱིན་གྱིས་བརླབས་པའི་བཀའོ། །དང་པོ་ཞལ་ནས་གསུང་པའི་བཀའ་ནི་བསྡུད་པའམ་མཚན་བརྗོད་ལྟ་བུའོ། །རྗེས་སུ་གནང་པའི་བཀའ་ནི་འབུད་དྷ་སྐུ་ཡོངས་སུ་མྱ་ངན་ལས་འདས་ཀར་ཀུན་དགའ་བོས་ཞུ་བ་བཞིས་དྲིས་

65b

པའི་དུས་སུ། བཀའ་བསྡུ་བར་བྱེད་པའི་དུས་སུ། མགོ་བོར་འདི་སྐད་བདག་གི་ཐོས་པའི་དུས་ཅིག་ན་དང་། བར་དུ་དྲིས་ལན་དང་། ཐ་མར་རྗེས་སུ་ཡི་རངས་བ་བྲིས་ཅིག་ཅེས་གསུངས་སོ། །དེ་སྐད་དུ་ཡང་མྱ་ངན་འདས་ཆུང་ལས། སྟོན་པ་སྒྲོན་མ་འདའ་ཁར་ནི། །འཁོར་གྱིས་ཞུས་པས་འདི་སྐད་གསུངས། །འདི་སྐད་ཅེས་སོགས་གླད་དུ་བྲིས། །གསུང་པ་ལ་ནི་ཡིད་རང་ཚིག །ཞབས་སུ་བྲིས་ཞེས་བཀའ་བཙལ་ཏོ། །ཞེས་པས་སོ། །བྱིན་གྱིས་བཀའ་ལ་གཉིས་ཏེ། སེམས་ཅན་གྱིས་རྒྱུད་དང་མ་འབྲེལ་བ་བེམ་པོ་ལ་བྱིན་གྱིས་རླབས་པ་དང་། སེམས་ཅན་གྱི་རྒྱུད་དང་འབྲེལ་བའི་རིགས་པ་ཅན་ལ་བྱིན་གྱིས་རླབས་པའོ། །བེམ་པོ་བཀར་ཅང་འགྲོ་འམ་ཞེ་ན། མདོ་སྡེ་པད་མ་དཀར་པོ་ལས། འདྲེན་པ་འབུད་དྷ་བྷ་ག་བན། ཐམས་ཅད། བདེ་བར། སྟོན་པ། རི་དང། པད་མོ། རྔ་མོ་ཆེ། རྒྱལ་བས། འདི་དག་བཀའ་ཞེས་བྱ་བར་བཤད། །ཞེས་པ་དང་། གཞན་ཡང་མཛོད་ལས། སེམས་དཔའ་མཆོག་གི་སྟན་པ་ནི། །ལུང་དང་རྟོགས་དང་དབང་འབྱོར་པས། །མཁའ་དང་གཟུགས་ནི་ཐམས་ཅད་དང་། །ནམ་མཁའ་ལས་ནི་འབྱུང་བར་འགྱུར། །ཞེས་སོ། །རྩེ་མོ་ལས་ཀྱང་། ཤིང་དང་པད་སོགས་ཐམས་ཅད་ལས། །ཆོས་ཀྱིས་སྒྲ་བྱུང་ཐོས་པར་འགྱུར། །ཞེས་སོ། །ཕལ་ཆེན་ལས་ཀྱང་། བྱ་རྣམས་དང་ནི་ཤིང་ཀུན་དང་། །འོད་ཟེར་རྣམས་དང་མཁའ་ལས་ཀྱང་། །ཆོས་ཀྱིས་སྒྲ་བྱུང་རྒྱུན་མི་འཆད། །ལུས་ཅན་རྣམས་ཀྱིས་མཐོང་པར་འགྱུར། །ཞེས་སྟེ།

66a

༄༅།       །དེ་ནི་བེམ་རིགས་གཉིས་ལ་བྱིན་གྱིས་རླབས་པའི་ལུང་ངོ་། །རིགས་པ་ཅན་ལ་རླབས་པ་ལ་གཉིས་སྟེ་སྤྱི་དང་བྱེ་བྲག་གོ །སྤྱིའི་ལུང་ནི་བསྡུད་པ་ལས། རྒྱལ་བ་ཉན་ཐོས་པ་དང་ཇི་སྙེད་ཆོས་སྟོན་དང་། འཆད་དང་། མཆོག་འཕགས། དེ་དག་ཀུན་ཀྱང་། ཞེས་སོ། །རིགས་ཅན་དགོས་སུ་བརླབས་པ་ལ་གསུམ་སྟེ། སྐུ་དང་། གསུང་དང་། ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའོ། །དེ་ལ་སྐུས་བྱིན་གྱིས་བརླབས་པ་ནི། འབུད་དྷེ་སྭ་ཏྭས་རྡོ་རྗེ་སྙིང་པོའི་སྤྱི་བོར་འབུད་དྷས་ཕྱག་བཞག་པས། རྣམ་གྲོལ་ཟླ་བ་ལ་མདོ་སྡེ་ས་བཅུ་པ་བཤད་ནུས་པ་ལྟ་བུའོ། །གསུང་ནི་འབུད་དྷས་རབ་འབྱོར་ཁྱོད་ལ་བྱོས་ཤིག་ཅེས་པས་འཆད་ནུས་པའམ། དངོས་སུ་མཚོན་ན་བུད་དྷས་མོའུ་འགལ་གྱིས་བུ་ལ་ཤཀྱའི་རིགས་རྒྱུད་ཤོད་ཅིག་ཞེས་གསུང་པས་མདོ་སྡེ་མངོན་པར་འབྱུང་བ་ཤད་ནུས་པ་ལྟ་བུའོ། །ཐུགས་ཀྱིས་བྱིན་གྱིས་རླབས་པ་ནི་དེ་བཞིན་གཤེགས་པ་ཏིང་འཛིན་ལ་སྙོམས་པར་བཞུགས་ནས། སྤྱན་རས་གཟིགས་ཤད་པ་པོར་བྱིན་གྱིས་རློབས། ཤ་རིའི་བུ་ཉན་པ་པོར་བྱིན་གྱིས་བརླབས་ནས། ཤེས་རབ་སྙིང་པོ་བཤད་པ་ལྟ་བུའོ། །བྱེ་བྲག་ཆེ་ཆུང་གཉིས་ཞེས་པ་ནི། ཐེགས་པ་ཆེན་པོ་དང་ཆུང་ངུའོ། །དེ་སྐད་དུ་ཡང་ཐུབ་པ་དགོངས་པའི་རྒྱུད་ལས། རྒྱལ་བ་ཤག་ཐུབ་ཐེགས་པ་ནི། །རྣམ་པ་གཉིས་སུ་ཡང་དག་བཤད། །ཆེན་པོ་དང་ནི་ཆུང་ངུའོ་ཞེས་སོ། །ཆུང་ངུ་ལ་ཡང་ཉན་ཐོས་རང་རྒྱལ་གཉིས། །ཞེས་པ་ནི་གསང་བ་འདུས་པ་ལས། ཉན་ཐོས་

66b

ཀྱིས་དམ་ཚིག་འདི་ཕྱུང་ངོ་། །རང་རྒྱལ་བའི་དམ་ཚིག་འདི་ཕྱུང་ངོ་། །ཞེས་པས་སོ། །ཉན་ཐོས་ལ་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པའོ། །དེ་ཡང་ཕྱེ་ན་གསུམ་སྟེ། ཞི་བ་བསྒྲོད་པ་དང་། མངོན་པའི་ང་རྒྱལ་ཅན་ནོ། །སྤྲུལ་པའི་ལམ་ཅན་ནོ། །རང་འབུད་དྷ་ལ་གཉིས་སྟེ། གསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའོ། །ཉན་ཐོས་ཀྱིས་གཞུང་ལས་ཡང་ཤེས་བྱ་སྟན་ལ་འབེབས་པའི་གཞུང་ནི་བྱེ་བྲག་ཏུ་སྨྲ་བ་མཛོད་རྩ་འབྲེལ་དང་། མདོ་སྡེ་པའི་རབས་འབྱེད་པ་སྡེ་བརྒྱད་དོ། །དེ་གཉིས་ཀའི་ཉམས་སུ་ལེན་པར་སླང་བའི་ཆོས་ནི་ལུང་སྡེ་བཞི་དང་། རྒྱ་ཆེ་འབྲེལ་པ་དང་། མདོ་རྩ་ལ་སོགས་པའོ། །ལུང་སྡེ་བཞི་ལ་བཞི་བཅུ་བདུན་གྱིས་སྟོན་ཏེ། རབ་བྱུང་གསོ་སྦྱོང་བཞི་དང་ནི། །དགག་དབྱེ་དབྱར་དང་སྐོ་ལྕག་དང་། །སྨན་དང་གོས་དང་བསྲབ་སྐྱང་དང་། །ཀོ་ཤམ་བི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །རྣམ་འབྱེད་འཕྲན་ཚེགས་ཞུ་བ་པོ། །ཆོས་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་བརྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཅེས་པའོ། །རྣམ་འབྱེད་ལ་དགེ་སློང་ཕ་མ་གཉིས། ཞུས་པ་འདུལ་བྱེད་ལ་སོགས་པ་བཅུའོ། །རང་བུ་ཏའི་གཞུང་ཡང་ས་ལུ་ལྗང་པ་ལ་སོགས་པའོ། །ཐེགས་པ་ཆེན་པོ་ལ་རྒྱུ་དང་འབྲས་བུའི་ཐེགས་པས་སྟེ། ཞེས་པ་ནི། རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་སོ། །དེ་སྐད་དུ་ཡང་ཐེགས་པ་ཆེན་པོ་ཡོངས་སུ་སྟོན་པའི་རྒྱུད་ལས། ཐེགས་པ་ཆེན་པོ་གཉིས་སྟེ། ཕ་

67a

༄༅།       །རོལ་ཕྱིན་པའི་ཐེགས་པ་དང་། རྡོ་རྗེ་ཐེགས་པ་བླ་མེད་དོ། །ཞེས་སོ། །རྒྱུའི་ཆོས་ལ་སེམས་རྩམ་དབུ་མ་གཉིས་ཞེས་པ་ནི། རྒྱུ་མཚན་ཉིད་ཀྱི་ཐེགས་པ་ལ་ཡང་སེམས་རྩམ་དབུ་མ་གཉིས་སོ། །སེམས་རྩམ་ལ་ཡང་རྣམ་བདེན་དང་རྣམ་རྫུན་གཉིས་སོ། །དེ་གཉིས་ཀྱིས་གྲུབ་མཐའ་སྟོན་པའི་གཞུང་ཡང་སྡེ་ལྔ་དང་སྡོམ་རྣམ་པ་གཉིས་ལ་སོགས་པའོ། །དབུ་མ་ལ་རྒྱུ་མ་ལྟ་བུ་དང་རབ་ཏུ་མི་གནས་པ་ལ་   གཉིས། རབ་ཏུ་མི་གནས་པ་ལ་བཞི་སྟེ། རྒྱུན་ཆད་རབ་ཏུ་མི་གནས་པ་དང་། བཏང་སྙོམས་དང་། འགོག་པ། ཟུང་འཇུག་རབ་ཏུ་མི་གནས་པའོ། །དེ་གཉིས་ཀྱི་གྲུབ་མཐའ་སྟོན་པའི་གཞུང་ཡང་རིགས་ཚོགས་དང་ཤར་གསུམ་ལ་སོགས་པའོ། །ས་ལམ་སྟན་ལ་འབེབས་པ་ནི་སྙིང་པོའི་དོན་སྟོན་པ་བཅུ་བཞི་དང་སྐབས་བརྒྱད་དུ་སྟོན་པ་དྲུག་ལ་སོགས་པའོ། །འབྲས་བུ་གསང་སྔགས་ཀྱིས་ཐེགས་པ་ནི། འབྲས་བུ་ཡང་གསར་སྙིང་གཉིས་སུ་འདོད། ཞེས་པ་བོད་ཐང་ཁོབ་པ་རྣམས་ཀྱིས་གོ་ཚུལ་གྱིས་ཕྱེ་བ་རྩམ་མོ། །གསར་མའི་འདོད་པ་གཟུང་ན་རྒྱུད་སྡེ་རྣམ་པ་བཞི་འམ་ལྔར་འདོད་དེ་ཡང་བཞིར་འདོད་པ་མང་བས། གསར་མ་ཕལ་ཆེར་རྒྱུད་སྡེ་བཞི་རུ་འདོད་ཞེས་སྟེ། དེ་ཡང་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལྟར་ཡང་རྡོ་རྗེ་རྣམ་པར་བཀོད་པ་ལས། བདེ་བར་གཤེགས་པའི་དགོངས་པའི་རྒྱུད། རྣམ་པ་བཞི་རུ་ཤེས་བྱས་སྟེ། བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་པས་སོ། །འོ་ན་བཞི་ཁོ་ནར་བཞག་པ་ཅིའི་ཕྱིར་

67b

ཞེ་ན། འཇིག་རྟེན་པ་དུས་བཞི་སྟེ། སྐལ་པ་རྫོགས་ལྡན་དང་། གཉིས་ལྡན་དང་། གསུམ་ལྡན་དང་། བཞི་པ་བརྩོད་ལྡན་གྱིས་དུས་སུ་རྒྱུད་སྡེ་བཞིའི་རིམས་པ་འབྱུང་ཏེ། དེ་སྐད་དུ་ཡང་གསང་འདུས་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གཉིས་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གསུམ་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །བཞི་པ་བརྩོད་ལྡན་བླ་མེད་དོ། །ཞེས་སོ། །སྐལ་པ་རྫོགས་ལྡན་གསུམ་ལྡན་གཉིས། །བརྩོད་དུས་རྒྱུད་བཞིའི་རྣམ་པར་བཅའ། །དུས་བཞི་ལ་ནི་དགོངས་ནས་སུ། །རྒྱུད་སྡེ་བཞི་རུ་གནས་པ་ཡིན། །ཞེས་པ་དང་། དེ་བཞིན་དུ་གནས་བཞིར་རྒྱུད་སྡེ་བཞིར་གསུངས་ཏེ། དེ་ལྟར་ཡང་གུར་ལེའུ་བཞི་པ་ལས། དེ་བཤད་ནས་ནི་རྣམ་བཞི་སྟེ། །མི་དང་ལྷ་གནས་མཁའ་འགྲོ་དང་། །གནས་གཞན་འཕྲ་མོ་འདུལ་བའི་ཕྱིར། །མཐུན་པའི་སྐུ་གསུང་ཐུགས་ཉིད་སྟོན། །ཞེས་པ་དང་། མི་རིགས་བཞི་ཡོད་པས་ཀྱང་དེའོ། །དགྲ་ནག་ལས་ཀྱང་། བྲམ་ཟེ་རྗེ་རིགས་རྒྱལ་རིགས་དང་། །དམངས་རིགས་གདོལ་པ་འདུལ་བའི་ཕྱིར། །རྒྱུད་ཀྱི་དབྱེ་བ་རྣམ་པ་བཞི། །ཞེས་པ་དང་། ཡང་དབང་པོ་རབ་འབྲིང་བཞི་ལ་རྒྱུད་སྡེ་བཞིར་གསུངས་ཏེ། དེ་ལྟར་ཡང་གུར་གྱིས་ལེའུ་བཅུ་གསུམ་པ་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་ལྷག་ལའོ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །བླ་མེད་རྣལ་འབྱོར་དེ་ལྷག་བོ། །ཞེས་པ་དང་། ཡང་འདོད་ཆགས་ཀྱི་སྤྱོད་ཚུལ་ལ་ཡང་བཞི་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་

68a

༄༅།       །རྒྱུད་ལས། མགོན་པོ་རལ་པའི་ཐོར་ཚུག་ཅན། །སྤྱན་ནི་ཅུང་ཟད་ལྟ་བར་བྲི། །ཞེས་པས་བལྟས་པས་ཚིམ་པ་བྱ་བའི་རྒྱུད་དོ། །སྣང་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། གཙོ་བ་གསེར་གྱིས་མདངས་ལྡན་པ། །འཛུམ་བཅས་ཟླ་བའི་འོད་ལྡན་བྲི། །འཛུམ་བྱས་པས་ཚིམ་པ་རྣམ་པར་དག་པ་སྤྱོད་པའི་རྒྱུད་དོ། །རྩེ་མོ་རིགས་བསྡུས་ཀྱིས་དཀྱིལ་འཁོར་ནས། དེའི་གཡོན་ཕྱོགས་ལྷ་མོ་ནི། །བཅོམ་ལྡན་འདས་ཀྱིས་ཕྱག་ལ་འཇུས། །ཅེས་པས་འཁྱུད་པས་ཚིམ་པས་རྣལ་འབྱོར་གྱིས་རྒྱུད་དོ། །དགྱེས་པ་རྡོ་རྗེ་ལས། ཤེས་རབ་བཅུ་དྲུག་ལོན་པ་ལས། །ལགས་པ་གཉིས་ཀྱིས་འཁྱུད་ནས་ཀྱང་། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་གྱིས་ནི་དབང་དུ་བཤད། །ཅེས་པས་དབང་པོ་གཉིས་སྦྱར་བས་ཚིམ་པ་རྣམ་པར་དག་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །ཡང་ན་བྱ་སྤྱོད་རྣལ་འབྱོར་རྒྱུད་དག་ལས། ཞེས་པ་དགྱེས་པ་རྡོ་རྗེ་ལ་སོགས་པ་གསུམ་དུ་འདོད། དེ་ཁོ་ན་ཉིད་རབ་ཏུ་མི་གནས་པ་ལས་ལྔར་གསུང་ཏེ། བྱ་དང་སྤྱོད་དང་རྣལ་འབྱོར་དང་། །གཉིས་སུ་མེད་ལ་ཐབས་ཤེས་རབ། །ལྔ་པ་གོང་ན་མེད་པའོ། །ཞེས་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས་ཀྱང་། ལྔར་གསུངས་ཏེ། བྱ་བའི་རྒྱུད་ལ་ནི་སྟོང་ཕྲག་བཞི། སྤྱོད་པ་ལ་བརྒྱད། གཉིས་ཀའི་རྒྱུད་ལ་དྲུག །རྣལ་འབྱོར་གྱིས་རྒྱུད་ལ་བཅུ་གཉིས་

68b

རྟོགས་པའི་རྒྱུད་ལ་བཞི་སྟེ་རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་པའོ། །ཕྱི་རྒྱུད་ནས་རྒྱུད་གཉིས་སྙིང་མར་འདོད་པར་འབྱེད་ཞེས་པས་སྟེ། ཕྱི་པ་ཐུབ་པའི་རྒྱུད་གསུམ་ནི། ཏྲི་ཡ་ཡོ་ག་ཨུ་པ་ཡའོ། །ནང་པ་ཐབས་ཀྱིས་རྒྱུད་གསུམ་ལས། བསྐྱེད་དང་། རྫོགས་དང་། རྫོགས་པ་ཆེན་པོའོ། །དེ་ལ་ཏྲི་ཡ་ལ་ཡང་སྤྱི་རྒྱུད་བྱེ་བྲག་རྒྱུད་དོ། །སྤྱི་རྒྱུད་གསང་པ་ཕྱིའི་རྒྱུད་དང་། རིགས་པ་མཆོག་གི་རྒྱུད་དང་། སུ་སི་ཏི་ཀ་ར་ལ་སོགས་པའོ། །བྱེ་བྲག་ལ་ཕོའི་རྒྱུད་སྡེ་བཅུ་གཅིག་སྟེ། མོའི་རྒྱུད་སྡེ་སུམ་བརྒྱ་དྲུག་བཅུ་ལ་སོགས་པའོ། །ཨུ་པ་ཡ་ལ་སོགས་པའི་རྒྱུད་ནི་ཕྱག་རྡོར་དབང་བསྐུར་བའམ། རྣམ་སྣང་མངོན་བྱང་ངམ། འཇམས་དཔལ་སྒྱུ་འཕྲུལ་དྲ་བ་ལ་སོགས་པའོ། །རྣལ་འབྱོར་ཡོ་གའི་རྒྱུད་ནི་རྩ་རྒྱུད་སང་ཏྲ་ཧ་བཤད་རྒྱུད་བཞི་སྟེ། ཉེ་བའི་རྒྱུད་ངན་སོང་སྦྱོང་རྒྱུད་ལ་སོགས་པའོ། །ནང་པ་ཐབས་ཀྱི་རྒྱུད་ལ་གསུམ་ཏེ། བསྐྱེད་པ་མ་ཡོ་གའི་བསྐོར་རྒྱུད་སྡེ་བཅྭོ་བརྒྱད་དུ་བཀའ་བཙལ་བས་སྟེ། དེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བཞི་འམ་རྩ་བར་གྱུར་པའི་རྒྱུད་ལྔ་ནི། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐི་ལེ། ཐུགས་ཀྱིས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱིས་རྒྱུད་དཔལ་མཆོག་དང་པོ། འཕྲིན་ལས་ཀྱི་རྒྱུད་དཔལ་འཕྲེང་དཀར་པོའོ། །དེ་ནས་སྒྲུབས་པའི་ལག་ལེན་སྟོན་པའི་རྒྱུད་ལྔ་སྟེ། སྐུའི་བསྒྲུབས་པའི་ལག་ལེན་སྟོན་པ་ཧེ་རུ་ཀ་རོལ་པའི་

69a

༄༅།       །རྒྱུད། གསུང་གི་རྟ་མཆོག་རོལ་པ། ཐུགས་སྙིང་རྗེའི་རོལ་པ། ཡོན་ཏན་བདུད་རྩི་རོལ་པ། འཕྲིན་ལས་ཀྱི་ཕུར་པ་བྱི་དོར་རོལ་པའོ། །དེ་ནས་སྤྱིའི་ཡན་ལགས་དུ་གྱུར་པའི་རྒྱུད་ལྔ་ནི། གོམ་འཕང་དབང་གིས་སྒྲོད་པའི་རྒྱུད་རི་བོ་རྩེག་པ། གཞི་དམ་ཚིག་གི་གཟུང་པ་ལ་དམ་ཚིག་བཀོད་པ། ཐག་ལྟ་བས་བཅད་པ་ལ་གླང་པོ་རབ་ཏུ་མཆོག །ཉམས་སུ་ཏིང་འཛིན་གྱིས་ལེན་པ་ལ་རྩེ་གཅིག་བསྡུས་པ། ལ་སྤྱོད་པས་དོར་བ་ལ་རྔམ་པ་གློག་ཡེ་ཤེས་འཁོར་དང་ལྔ་སྟེ། བཅྭོ་ལྔའོ། །དེའི་སྟེང་དུ་རྒྱུད་ཕྱི་མ་ལྟ་བུ་གཉིས་ནི། དངོས་གྲུབ་བསྒྲུབས་པའི་ཆོ་གའི་ཡན་ལགས་དུ་གྱུར་པ་ཐབས་ཀྱི་ཞགས་པ་པད་མོ་འཕྲེང་པ་དང་། དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་ཡན་ལག་དུ་གྱུར་པ་རྣམས་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་རྒྱུད་དོ། །དེ་དག་ཐམས་ཅད་ཀྱིས་དོན་བསྡུས་གཅིག་ཏུ་བསྡུས་ནས་སྟོན་བྱེད་པ་བསྡུས་དོན་ལྟ་བུའི་རྒྱུད་གཅིག་ནི་དཔལ་རྡོ་རྗེ་སེམས་དཔའི་རྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་རྒྱ་པའོ། །རྩ་རྒྱུད་ཆེན་པོ་དེ་ནི་ཨུར་རྒྱན་ནས་མཁའ་འགྲོ་མའི་གླིང་ན་བཞུགས་སྟེ། དེ་ལ་རྒྱ་གར་གྱིས་སློབ་དཔོན་ཡང་དངོས་གྲུབ་མཉེས་པ་རེ་རེ་རྩམ་ལས་མ་རྟོགས་པ་ཕལ་གྱིས་མ་གཟིགས་ཏེ་བོད་དུ་མ་འགྱུར་རོ། །རྒྱུད་གཞན་བོད་དུ་འགྱུར་བ་རྣམས་ཀྱི་རེ་ཤིག་རྩིས་གཏིང་ན་བུད་དྷ་མཉམ་སྦྱོར་ལ་ཅེས་པ་ཕྱོགས་གཅིག་དུ་བསྡུས་པའི་རྒྱུད་རྟོགས་པ་བཅུ་པ། རྒྱུད་ཕྱི་མ་རྟོགས་པ་གཅིག་པ། ཕྱི་མའི་ཡང་ཕྱི་མ་རྟོགས་པ་བཅྭོ་བརྒྱད་པའོ། །ཟླ་གསང་

69b

ཐི་ལེ་ལ་དཀྱིལ་འཁོར་དྲུག་པ་ཡན་ཆོད་རྩ་རྒྱུད། རྒྱུད་ཕྱི་མ་དཀྱིལ་འཁོར་བདུན་པའོ། །གསང་པ་འདུས་པ་ལས་རྩ་བའི་རྒྱུད་ལ་ལེའུ་བཅུ་བདུན་རྒྱུད་ཕྱི་མ་ལེའུ་ཅིག་བཅྭོ་བརྒྱད་དོ། །བཤད་རྒྱུད་བཞི་ལ་འཕྲོས་པའི་རྒྱུད་དང་ལྔ་ལ་སོགས་པའོ། །དཔལ་མཆོག་ལ་ཡོན་ཏན་རྒྱ་ཆེར་བཀོད་པ་རྣམ་པར་རོལ་པ་ལ་ལེའུ་སུམ་བཅུ་སོ་གཉིས། རྒྱུད་ཕྱི་མ་ལ་དམ་ཚིག་གསུམ་ལ་འཇུག་པ་ལེའུ་བཅྭོ་བརྒྱད་པའོ། །དཔལ་འཕྲེང་དཀར་པོ་ལ་རྒྱལ་བ་ཐམས་ཅད་ཀྱིས་འཕྲིན་ལས། རྒྱ་ཆེ་རོལ་པའི་རྒྱུད་རྟོགས་པ་བཅུ་གཉིས་པ། རྒྱུད་ཀྱི་ཕྱི་མ་ཟབ་མོའི་དོན་སྟན་ལ་འབེབས་པ་ལེའུ་བཅུ་གསུམ་པ། ཁ་མཐུན་པའི་རྒྱུད་འཇམས་དཔལ་གསང་པའི་རྒྱུད་གསང་པ་དྲུག་བཅུ་པ་ལ་ལེའུ་སོ་གཉིས་པ། ཉེར་གཉིས་པ་སོ་བདུན་པའོ། །ཧེ་རུ་ཀ་པ་རོལ་པའི་རྒྱུད་ལ་རྩ་རྒྱུད་ལེའུ་ཞེ་གསུམ་པ། ཕྱི་མ་བཅྭོ་བརྒྱད་པའོ། །དབང་ཆེན་ལ་རྩ་རྒྱུད་ལ་ལེའུ་བདུན་བཅུ་རྩ་གཉིས། རྒྱུད་ཕྱི་མ་རིམ་པར་ཕྱེ་བཅུ་བདུན་པའོ། །སྙིང་རྗེ་རོལ་པ་ལ་ལེའུ་སུམ་བཅུ། བདུད་རྩི་རོལ་པ་ལ་རིམས་པར་ཕྱེ་བ་བརྒྱད་པ། དུམ་བུ་གསུམ་པ། བཀོལ་བའི་རྒྱུད་བམ་པོ་བཅྭོ་བརྒྱད་པ། ཆ་མཐུན་པ་རྡོ་རྗེ་རྩི་སྨན་གྱིས་རྒྱུད་ལེའུ་བཅུ་གཅིག་པའོ། །བྱི་དོ་ལ་ཕུར་པ་བྱང་ཆུབ་སེམས་འབྱུང་བའི་རྒྱུད། དཀྱིལ་འཁོར་ཆེན་པོ་ལྔའི་རིམས་པར་རྣམ་པར་ཕྱེ་བ་རྩ་བའི་རྒྱུད། རྒྱུད་ཕྱི་མ་ཀི་ལ་ཡ་བཅུ་གཉིས་ཀྱིས་རྒྱུད། བཤད་རྒྱུད་མ་

70a

༄༅།       །མོ་རོལ་པ་དུ་ཁྲོད་བརྒྱན་གྱིས་རྒྱུད། མ་མཐུན་པས་ན་མྱ་ངན་ལས་འདས་པའི་རྒྱུད་ལ་སོགས་པའོ། །རི་བོ་རྩེགས་པ་ལ་ལེའུ་ཉེར་གཉིས། དམ་ཚིག་བཀོད་པ་ལེའུ་བཅུ་གསུམ་པ། གླང་པོ་ར་འབོག་ལ་ལེའུ་ཉེར་བརྒྱད་    པ། རྩེ་གཅིག་བསྡུས་པ་ལ་ལེའུ་བཅྭོ་ལྔ་སྟེ། དེ་བཞི་རྒྱུད་ཀྱང་དུ་བཞུགས་པའོ། །གླང་པོ་ར་འབོག་ལ་རྩ་རྒྱུད་ལེའུ་དྲུག་བཅུ་རྩ་གཉིས། ཕྱི་མ་ལ་ལེའུ་བཅུ་གསུམ། ཆ་མཐུན་པ་གློག་གི་གུ་ལེ་ལ་ལེའུ་བཅྭོ་བརྒྱད། ཐབས་ཀྱིས་ཞགས་པ་ལ་རྩ་རྒྱུད་ལེའུ་བཞི་བཅུ་རྩ་གཉིས་པ་དང་། ཕྱི་མ་ལས་རྒྱ་མཚོ་ལ་འཇུག་པ་ལེའུ་གཅིག་གོ །རྡོ་རྗེ་སེམས་དཔའི་རྒྱུ་འཕྲུལ་དྲ་བ་ལ་ཅེས་པ་ཕྱོགས་གཅིག་ཏུ་བསྡུས་ནས། གསང་པ་སྙིང་པོ་རྩར་རྒྱུད་དང་བཤད་རྒྱུད་བཅས་པ་ལ། རྒྱས་པ་སྒྱུ་འཕྲུལ་བརྒྱད་བཅུ་པ། བཤད་རྒྱུད་ལོགས་སུ་བཤད་པ་ལ་ཏིང་འཛིན་སྲུང་པ་ལེའུ་ཞེ་གཉིས་པ། བཀོལ་བའི་སྒྱུ་འཕྲུལ་བླ་མ་ལེའུ་བཅུ་གསུམ་པ། སྒྱུ་འཕྲུལ་རོལ་པ་ལེའུ་དགུ་པ། རྒྱལ་བའི་ཡོངས་སུ་མཉེས་པའི་ཐབས་ལེའུ་གསུམ་པ། འཁྲོ་བོ་སྟོབས་ཀྱིས་རྒྱུད་ལེའུ་ཅིག །རྒྱུད་ཕྱི་མ་རྟོགས་པ་ཐམས་ཅད་བསྡུས་པའི་ལེའུ་སོ་གཉིས་པ། ཕྱི་མའི་ཕྱི་མ་ཐེ་རྩོམ་གཅོད་པ་ལེའུ་གཅིག་པ། བཤད་པའི་རྒྱུད་འཕྲ་མོ་སྟེན་ལ་འབེབས་པ་ལ། སྒྱུ་འཕྲུལ་དྲ་བའི་ལེའུ་དགུ་པ། སྒྱུ་འཕྲུལ་ངོ་མཚར་བཤད་པ་ལེའུ་

70b

བཅུ་གཉིས་པ། ཆ་མཐུན་པའི་རྒྱུད་ལྷ་མོ་སྒྱུ་འཕྲུལ་ལེའུ་བཅུ་གསུམ་པའོ། །དེ་ལྟར་ཏན་ཏྲ་གཉིས་བཅྭོ་བརྒྱད་ཀྱིས་རྒྱུད་དེ་རྣམས་ལ་སྟེན་པའི་གལ་པོ་ཡང་གཉིས་སྟེ། ཕྱུང་པ་དང་བསྡུས་པའོ། །ཕྱུང་པའི་གལ་པོ་བྱ་བ་དབང་ཆེན་བསྡུས་པའི་ནང་ནས་དབང་བརྒྱས་བཅུད་དུ་ཕྱུང་པའམ། ཧེ་རུ་ཀ་རོལ་པའི་རྒྱུད་ནས། ལྟར་རྒྱུད་ཆེན་པོ་ཕྱུང་པ་ལ་སོགས་པ་རྒྱུད་རེ་རེའི་ནང་ནས་མི་གཅིག་གིས་མ་སླད་པ་གང་ཟག་རེ་རེའི་དགོས་པའི་ཆ་རྐྱེན་ཕྱུང་པ་རྣམས་སོ། །བསྡུས་པའི་གལ་པོ་ནི། ཡང་རྒྱུད་མང་པོའི་ནང་ནས་མི་ཅིག་གིས་མ་སླད་པར་དགོས་པ་བསྡུས་ནས་སྡེབས་པས་སྟེ། ཐེགས་པ་མཆོག་གསང་པའི་སྒྲོན་མ་ལ་སོགས་པའོ། །ལུང་ཨ་ནུ་ཡོ་ག་ལ། རྩ་བའི་མདོ་བདུན་དང་ཕྱི་མ་བདུན་ནོ། །རྩ་བ་བདུན་ནི། ཀུན་རིགས་རྒྱལ་པོ། ཀུན་འདུས་རིག་པ། སེམས་ལུང་ཆེན་པོ། རྔམ་པ་གློག་པ་ཡེ་ཤེས་རྩ་ཀྲ། དུར་ཁྲོད་རོལ་པ་ཁུ་བྱུག །བདུད་རྩི་འབྱུང་པའི་རྒྱུད་ཀྱིས་མདོ། ཕྱག་རྒྱ་རོལ་པའི་མདོ། ཕྱི་མ་བདུན་ནི། དབང་བསྐུར་རྒྱལ་པོའི་མདོ། རིགས་མཛིན་དྲུག་གི་མདོ། རིགས་མཛིན་མཆོག་གི་མདོ། གསང་སྒོ་འབྲེལ་པའོ། །རྡོ་རྗེ་འཁོར་ལོ། སྒྲོན་མ་རྩེགས་པའི་མདོ། དགོངས་པ་འདུས་པའི་མདོ་དང་བདུན་ནོ། །ཡང་མདོ་བཞི་དེམས་དང་ལྔ་ནི་དེ་ལས་མེད་ཀྱང་ཟེར་རོ། །དེམས་དགོངས་པ་འདུས་པ་མདོ་བཞི་པ་ནི། ཀུན་འདུས་རིགས་པའི་མདོ། སེམས་ལུང་།

71a

༄༅།       །ཆེན་པོ། རྔམ་པ་གློག་པ། དུར་ཁྲོད་རོལ་པ་ཁུ་བྱུག་གོ །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་སྤྱིར་རྒྱུད་སྡེ་ལྔ་བརྒྱ་དང་བཞི་བཅུ་རྩ་བཞི་རྩམ་བཞུགས་སྐད། དེ་ལས་རེ་ཤིག་ཆེ་ལོང་བརྗོད་ཅིང་དགོད་ན། སྨད་བྱུང་པ་ཁ་འབྱང་མས་ཀྱི་རྒྱུད་ལ། བསྐྱེད་པ་རྒྱལ་པོའི་རྒྱུད། བཏུད་པ་བློན་པོའི་རྒྱུད། རྣམ་པར་བཤད་པ་བྲམ་ཟེའི་རྒྱུད། མཁའ་ས་མ་ཡ་ནམ་མཁའ་དང་མཉམ་པའི་རྒྱུད། སྦས་པ་གསུམ་པ་མདུང་རྩེ་གསུམ་པའི་རྒྱུད་དང་ལྔ་རྨད་བྱུང་ངོ་མཚར་གྱིས་རྒྱུད་ཀྱང་གསུམ་ཏེ། ཉ་མོ་བག་ལ་ཉལ་ཆེ་ཆུང་གཉིས་དང་། ཡེ་ཤེས་གསང་པའི་རྒྱུད་དང་གསུམ། གཞན་ཡང་གསེར་འགྱུར་གྱི་རྒྱུད་བུ་ཆུང་བཅུ་གཉིས་ལ། མན་ངག་ཐུགས་ཀྱི་རྒྱུད་གསང་གཏེར་གྱིས་རྒྱུད། དྲི་མེད་རྣམ་པར་དག་པའི་རྒྱུད། མན་ངག་ཉག་གཅིག་དགོངས་པའི་རྒྱུད། མན་ངག་ཡི་གེ་མེད་པའི་རྒྱུད། མན་ངག་རྫོགས་པ་སྤྱི་གཅོད་ཀྱི་རྒྱུད། མན་ངག་རྩ་བ་འདུས་པའི་རྒྱུད། མན་ངག་རྩ་བ་འགྱུར་མེད་ཀྱིས་རྒྱུད། མན་ངག་བསམ་གཏན་གཅིག་བུའི་རྒྱུད། མུ་ཏིག་འཕྲེང་པ་ཐབས་ཀྱིས་རྒྱུད། མན་ངག་རྗེས་འཇུག་སྤྱོད་པའི་རྒྱུད། མན་ངག་ཡེ་ཤེས་རྫོགས་པའི་རྒྱུད། མན་ངག་ནམ་མཁའ་ཆེ་རྒྱས་པའི་རྒྱུད་དེ། གཏེར་མའི་བཞེད་གཞུང་ངོ་། །བཀའ་མའི་གཞུང་གི་རྒྱུད་སྡེ་བཅུ་དྲུག་དུ་འདོད་དེ། རྩར་རྒྱུད་ལྔ། ཡན་ལག་གི་རྒྱུད་བདུན། བཤད་པའི་རྒྱུད་བཞིའོ། །དེ་ལ་རྩ་བའི་རྒྱུད་སྡེ་ལྔ་ནི། བཀྲ་ཤིས་མི་འགྱུར་གསལ་བ་གནས་པའི་རྒྱུད།

71b

ཡོན་གཏན་རྫོགས་པ་རྣམ་རོལ་པའི་རྒྱུད། ཡུལ་ཀུན་ལ་འཇུག་པ་རྣམ་དག་སྟོན་པའི་རྒྱུད། ཐི་ལེ་རྒྱ་མཚོའི་གནས་ལ་འཇུག་པའི་རྒྱུད། རིན་ཆེན་བཀོད་པ་རྣམ་པར་འབྱེད་པའི་རྒྱུད་དོ། །ཡན་ལགས་ཀྱིས་རྒྱུད་བཅུ་བདུན་ལ། ཀུན་ཏུ་བཟང་པོ་རང་ཉིད་ཆེ་བ་ལྷུན་གྱིས་གྲུབ་པའི་རྒྱུད་དོ། །རང་འབྱུང་ཡེ་ཤེས་རང་ལ་གནས་པའི་རྒྱུད། དཀྱིལ་འཁོར་རྫོགས་པའི་རྒྱུད། གསལ་བ་རང་གྲོལ་གྱིས་རྒྱུད། མི་འགྱུར་གནས་པའི་རྒྱུད། བཀོད་པ་བརྒྱན་གྱིས་རྒྱུད། དོན་གསལ་བ་མཐར་ཕྱིན་པའི་རྒྱུད་དོ། །བཤད་པའི་རྒྱུད་བཞི་ནི། གསང་བ་རྨད་བྱུང་གི་རྒྱུད་དོ། །ཀུན་བྱེད་རྒྱལ་པོའི་རྒྱུད་དོ། །དེ་ཁོ་ན་ཉིད་སྟོན་པ་གསང་ཆེན་པོའི་རྒྱུད། ཆུབ་པ་རོལ་པ་ཡེ་ཤེས་སྟོང་གིས་བརྒྱན་པའི་རྒྱུད་དོ། །གོང་གི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གཉིས་སྟེ། ཕ་རྒྱུད་དང་མ་རྒྱུད་དོ། །དེ་སྐད་དུ་ཡང་། གུར་ལས་སྐྱེས་པ་བཞག་པར་བྱ་བའི་ཕྱིར། །རྣལ་འབྱོར་ཕའི་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་མའི་རྒྱུད་རབས་བཤད། །ཞེས་གསུངས་སོ། །མའི་རྒྱུད་ལ་གུར་ལེའུ་བཞི་པ་ལས། རྒྱུད་སྡེ་བཅུ་བཞིར་གསུངས་ཏེ། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །གསེར་གྱིས་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་དགེགས་པ་དང་ནི་གསང་པ་ཡིད་བདེ་དང་། །རྒྱུད་དེ་རྣམས་ལ་ཕན་པ་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དང་། །འཁོར་ལོ་

72a

༄༅།       །བདེ་མཆོག་གུར་དང་ཕུན་སུམ་འཚོགས་པ་རྣམས། །རྣལ་འབྱོར་མའི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་གསུངས་པས་སོ། །དེ་ཡང་བསྡུ་ན་གཉིས་ཏེ། རྒྱ་མཚོ་ལྟར་ཟབ་པའི་རྒྱུད་དགྱེས་པ་རྡོ་རྗེ་བཤད་རྒྱུད་དང་བབས་པ་དང་། བྱིན་བརླབས་ཀྱིས་ཉེ་བའི་རྒྱུད་བདེ་མཆོག་འཁོར་ལོའོ། །དེ་ལ་ཡང་གསུམ་ཏེ། རྩར་རྒྱུད། བཤད་རྒྱུད། མན་ངག་གམ་འཕྲོས་པའི་རྒྱུད་དོ། །རྩར་རྒྱུད་ནི་ལེའུ་ལྔ་བཅུ་རྩ་གཅིག་པའོ། །བཤད་རྒྱུད་དྲུག་ཏེ། དེ་སྐད་དུ་ཡང་། མཁའ་འགྲོ་འབྱུང་པ་ཀུན་སྤྱོད་དང་། །དེ་བཞིན་རྒྱུད་མཆོག་བླ་མེད་དང་། །ཁ་སྦྱོར་རྒྱུད་དང་དྲུག་པོ་འདི། །བཤད་པའི་རྒྱུད་དུ་རབ་གྲགས། །ཞེས་པས་སོ། །མན་ངག་གི་རྒྱུད་ནི་ཨ་ར་ལིའི་རྒྱུད་ཉི་ཤུ་རྩ་ལྔ། འཕྲོས་པའི་རྒྱུད་དྲུག་ཏེ་སུམ་བཅུ་ལ་སོགས་པའོ། །ཕའི་རྒྱུད་ལ་གཉིས་སྟེ། ནམ་མཁའ་ལྟར་གྲགས་པའི་རྒྱུད་གསང་པ་འདུས་པ། འཕྲོས་པའི་སྙིང་པོ་ལྟ་བུའི་རྒྱུད་འཇམས་དཔལ་གཤིན་རྗེའོ། །དེ་སྐད་དུ་ཡང་ནག་པོའི་རྒྱུད་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་ཏེ། །འཁྲུལ་འཁོར་མཐར་ཐུག་གཤིན་རྗེ་གཤེད་ཞེས་པས་སོ། །གསང་བ་འདུས་པ་ལ་གསུམ་ཏེ། རྩར་རྒྱུད་དང་། རྒྱུད་ཕྱི་མ་དང་། བཤད་པའི་རྒྱུད་དང་པོ། དེ་ལ་རྩར་རྒྱུད་ནི་སྟོན་པ་རྡོ་རྗེ་འཆང་ལ་འཁོར་རིགས་ལྔས་ཞུས་པའོ། །རྒྱུད་ཕྱི་མ་ནི་ལེའུ་བཅྭོ་བརྒྱད་པ་ཏེ། སྟོན་པ་རིགས་ལྔ་ལ་འཁོར་འབུད་དྷ་སྭ་ཏྭ་ཏ་མེ་ཏྲི་ལ་སོགས་པས་ཞུས་པའོ། །བཤད་རྒྱུད་ནི་བཞི་ཏེ། འཁྲོ་བོ་རྣམས་ཐེ་རྩོམ་དུ་གྱུར་

72b

ནས་ཞུས་པས་ཡེ་ཤེས་རྡོ་རྗེ་འཕྲེང་པ། འབུད་དྷེ་སྭ་ཏྭ་ཐེ་རྩོམ་དུ་གྱུར་ནས་ཞུས་པ་དགོངས་པ་ལུང་སྟོན། བསྡུད་པ་པོ་ཐེ་རྩོམ་དུ་གྱུར་སྟེ་ཞུས་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ། ལྷ་མོ་རྣམས་ཐེ་རྩོམ་དུ་གྱུར་པས་ཏེ་ཞུས་པས་ལྷ་མོ་བཞིས་ཞུས་སོ། །འཇམས་དཔལ་གཤིན་རྗེ་ལ་བཞི་སྟེ། དགྲ་ནག་འཇིགས་བྱེད། དགྲ་མགོན། གདོང་དྲུག་གོ །དེས་ནི་ནང་བཅུད་ལ་ཡང་ཕ་རྒྱུད་ཞེས་པའི་དོན་སྟན་པའོ། །