ལྡེའུ་ཆོས་འབྱུང་།
ལམ་གྱི་ཁྱད་པར།
Previous Chapter
Next Chapter

(ལམ་གྱི་ཁྱད་པར།)

གཉིས་པ་ལམ་གྱིས་ཁྱད་པར་ནི། མཚན་ཉིད་ལ་གྲངས་མེད་པ་གསུམ་དུ་བསྒོམས་ཀྱང་ས་བཅུ་ལས་མ་ནོན་སྟེ་འབུད་དྷེ་སྭ་ཏྭ་ལས་མ་ཐོབ། སྔགས་ནི་ཚེ་གཅིག་རང་ལ་ལམ་རྫོགས་སྟེ་རྡོ་རྗེ་ས་འོག་ལས། སྐལ་པ་བྱེ་བར་རྙེད་དཀའ་བའི། །བུད་དྷ་ཉིད་ཀྱང་བརྩོན་འགྱུར་པས། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུ་ཅན་གྱིས་མིང་གིས་འབོད་ཞེས་སོ། །དེ་ཡང་འབྲས་བུ་ཇི་ལྟར་ལམ་དུ་བྱེད་ན། དབྱིངས་ཆོས་སྐུ་སྐྱེ་མེད་ལམ་དུ་བྱེད། ཡེ་ཤེས་རང་རིག་པའི་ཡེ་ཤེས་ལམ་དུ་བྱེད་དོ། །གསུམ་པ་འབྲས་བུའི་ཁྱད་པར་ནི། པ་ར་མི་ཏ་བའི་ཐེགས་པས་གྲངས་མེད་གསུམ་གྱིས་ས་བཅུ་ནོན་ཀྱང་། གསང་སྔགས་ཀྱི་དབང་མ་བསྐུར་ན་སངས་མི་རྒྱ། གསང་སྔགས་པ་དབང་བསྐུར་གདམས་ངག་བཏབ་པ་རྩམ་གྱིས་ས་དང་པོའི་བདེན་པ་མཐོང་། བསྐྱེད་རིམས་བསྒོམས་པས་ས་བརྒྱད་པ་ནོན། རྫོགས་རིམས་ངག་དབེན་སེམས་དབེན་གྱིས་ས་བཅུ་པ་ནོན། འོད་གསལ་གྱིས་ས་བཅུ་གཉིས་པ།

79a

༄༅།       །ཟུང་འཇུག་གི་ས་བཅུ་གསུམ་པ་རྡོ་རྗེ་མཛིན་པའི་ས་ནོན་པའོ། །དེ་སྐད་དུ་ཡང་གསང་འདུས་ལས། དང་པོ་ལས་ཀྱིས་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་པ་ནི། །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་རྣམ་ལྔ་ཞེས། །རྩང་མའི་ས་བོན་དེ་ནས་ནི། །སངས་རྒྱས་ཆ་ལ་གནས་པར་འགྱུར། །ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན། །ཞེས་པ་དང་། དུས་འཁོར་ལས་ཀྱང་། རྡོ་རྗེ་ཐེགས་པའི་འབྲས་བུ་ནི། །སངས་རྒྱས་དྲུག་པ་རྡོ་རྗེ་འཆང་། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །ཚེ་འདི་ཉིད་ལ་མཉམ་སྦྱོར་བས། །དེ་གཉིས་གཉིས་སུ་མི་ཤེས་པས། །ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་ཞེས་སོ། །ཡང་རྒྱུ་འབྲས་ལ་ཁྱད་པར་གསུམ་ཏེ། ཕྱི་རོལ་ཡུལ་གྱིས་ཁྱད་པར། བར་ཕུང་པོ་སྤོང་མི་སྤོང་གི་ཁྱད་པར། ནང་རིག་པ་སྐྱེ་བ་འགེག་མི་འགེག་གི་ཁྱད་པར་རོ། །དེ་ལ་ཕྱི་རོལ་ཡུལ་ནི་མཚན་ཉིད་པ་ཀུན་རྫོབ་མི་བདེན་པ་རྩམ་དུ་འདོད། གསང་སྔགས་ལ་ལྷ་དང་གཞལ་ཡས་ཁང་ལ་སོགས་པར་འདོད་པར་ཕུང་པོ་སྤོང་མི་སྤོང་གི་ཁྱད་པར་ནི། མཚན་ཉིད་པ་རྣམས་ཕུང་པོ་འདི་སྤོང་སྟེ་མི་རྩང་པར་འདོད། གསང་སྔགས་པ་མི་སྤོང་སྟེ་ལྷ་དེ་བི་མ་ནར་འདོད། ནང་རིགས་པ་འགེགས་མི་འགེག་ནི། མཚན་ཉིད་པ་རིགས་པ་འགེགས་སྟེ་ཏན་ཚིག་བཞིས་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པར་འདོད། གསང་སྔགས་རིགས་པ་མི་འགེགས་སྟེ་ཐར་པ་སྒྲུབས་པའི་རྟེན་དུ་དགོས་པའི། རིགས་པ་ལ་སྐྱེ་འགག་དང་རྒྱུན་ཆད་མེད་པར་འདོད་པའོ། །