ལྡེའུ་ཆོས་འབྱུང་།
བཀའ་ཡི་བསྡུ་བ་གཉིས་པ་བསྟན་པ།
Previous Chapter
Next Chapter

(བཀའ་ཡི་བསྡུ་བ་གཉིས་པ་བསྟན་པ།)

དེ་ནས་བསྡུ་བ་གཉིས་པ་ནི། དུས་ནི་སྟོན་པ་འདས་ནས་ལོ་བརྒྱ་རྩ་བརྒྱད་ནའོ། །གནས་ཡངས་པ་ཅན་གྱིས་གྲོང་ཁྱེར་ཕུར་མ་ཕུ་རིའི་གཙུག་ལག་ཁང་དུའོ། །གསོལ་བ་འདེབས་པ་ཚེ་དང་ལྡན་པ་གྲགས་པ་ཞེས་བྱ་སྟེ་ཉར་སྦས་སོ། །གང་བསྡུས་པའི་ཆོས་ནི་སྡེ་སྣོད་གསུམ་པོ་ཉིད་དོ་ཟེར་ཀྱང་། བཙུན་པ་ལྷ་ཆེན་པས་གསུངས་པའི་མི་རུང་པའི་བཞི་བཅུ་བོར་ནས། རྩ་བ་སྡེ་བཞིར་བསྡུས་སྟེ་ཡང་ལྷ་ཆེན་པོ་འམ། ཡངས་པ་ཅན་གྱིས་དགེ་སློང་མེད་ས་ན་རེ། ཧུ་ལུ་ཧུ་ལུ་ཡིད་རང་ཀུན་སྤྱོད་སྣོད་དང་ལན་ཚ་དང་། ལམ་དང་པོར་གཉིས་དཀྲུག་དང་གདིང་། གསེར་གྱིས་རུང་པ་བྱས་པ་ནི། འདི་ནི་མི་རུང་བཞི་བཅུ་ཡིན་ཞེས་པས་ལོག་པ་དེ་དག་གསལ་ནས། ཐམས་ཅད་ཡོད་པར་སྨྲ་བ་དང་། མང་པོ་

93b

བསྐུར་པ་དང་། གནས་གཏན་པ་དང་། ཕལ་ཆེན་པའི་སྡེ་པའོ། །འདུས་པའི་ཚད་ནི་དགྲ་བཅོམ་པ་བདུན་རྒྱ་སྟེ། དེ་ཡང་གཅིག་མ་ཚངས་པ་བླ་རྒུར་གྱིས་བསབས་སོ། །ལུང་འཕྲན་ཚེགས་ལས་སླ་རྒུར་གྱིས་མ་ཚོར་བ་དད་པའི་ལྷས་སྦྲན་ཏེ། ཁོས་རྫུ་འཕྲུལ་གྱིས་འོངས་ནས་སྒོ་བརྡུང་པ་དང་སུ་ཡིན་ཞེས་པ་ལ་དེའི་ལན་དུ། གང་དག་སྤར་བུ་ཅན་ནས་འོངས་པའི། །དགེ་སློང་མང་དུ་ཐོས་པའི་འདུལ་བ་མཛིན་པ། །དེ་དག་ལས་ནི་གང་ཞིག་འདིར་འོངས་སྟེ། །དབང་པོ་ཞི་ཞེས་བྱ་བ་སྒོ་ན་སྡོད་ཞེས་པ་དང་། ནང་པས་གང་ཡིན་ངོ་མ་ཤེས་ནས་རང་གི་མཚན་སྟོན་པ། གང་དག་དཔར་བུ་བྱ་བ་སྒོ་བསྲུངས་པ་མཛད་དེ་བསྡོད་ཞེས་སྨྲས་པས་ངོ་ཤེས་སྟེ་འབྲས་བུ་ཐོབ་པར་ཤེས་ནས་ནང་དུ་བཏང་པས་བདུན་རྒྱར་ཐེམ་སྟེ། དེའི་དུས་སུ་ཡང་ཐམས་ཅད་ལྷག་ཆད་མེད་པར་སྨྲ་བར་འདུག་ནས། གཞུང་དུ་མ་བཀོད་དེ་བློ་ལ་བསྡུས་པའོ། །