(གསུམ་པ་སྐོས་པའི་རྒྱལ་པོའི་ལོ་རྒྱུས།)
ད་ནི་སྐོས་པའི་རྒྱལ་པོའི་ལོ་རྒྱུས་སྟོན་ཏེ། གཞུང་ལས་སྐོས་པའི་རྒྱལ་པོ་སྤྱི་དོན་སུམ་བཅུ་སྟོན། ཞེས་པའི་ཚིག་བརྒྱད་ཀྱི་སྟོན་ཏེ། རྒྱལ་པོ་རེ་རེ་ལ། ཕ་གང་ཡིན་པ་དང་། མ་གང་ཡིན་པ་དང་། བཏགས་པའི་མིང་དང་། བཙུན་མོ་དང་། བློན་པོ་དང་། སྲས་དང་། ཕྱོགས་དང་། ཕོ་རང་དང་། འབངས་དང་། སྐོས་པའི་ལུགས་དང་། སྟོན་པ་གང་ཡིན་པ་དང་། ལས་ཅི་མཛད་པ་དང་། དགྲ་རུ་གང་གནོད་པ་དང་། བདུད་དུ་ཅི་བབས་པ་དང་། འགེལ་བའི་ཁལ་གང་ཡིན། ནོར་དུ་ཅི་སྲེལ་བ་དང་། ཟས་སུ་ཅི་གསོལ་བ་དང་། གོས་སུ་ཅི་གོན་པ་དང་། གོ་ཆ་གང་ཡིན་པ་དང་། ལག་ཆར་ཅི་ཐོག་པ་དང་། སྐད་གང་གི་
སྐད་དུ་སྨྲ་བ་དང་། ཆད་ཁུངས་གང་ལས་ཆད་པ་དང་། སྤྱོད་པ་ཇི་ལྟར་མཛད་པ་དང་། གླིང་ག་ན་གནས་པ་དང་། དུས་ཇི་རྩམ་ན་བྱོན་པ་དང་། ཁམས་གསུམ་ལས་གནས་རིགས་གར་རྟོགས་པ་དང་། སྐྱེ་གནས་བཞི་ལས་གང་ལས་སྐྱེས་པ་དང་། ཚེ་ཚད་ཇི་རྩམ་ཐུབ་པ་དང་། ལུས་ཚད་ཇི་རྩམ་ཡོད་པ་དང་། དོན་སུམ་བཅུ་སུམ་བཅུ་བརྒྱ་ཉི་ཤུས་སྟོན་ཏེ། རིན་ཆེན་དཔུང་པ་ལས། རྒྱ་གར་ཆོས་ཀྱིས་རྒྱལ་པོའི་བཤད་པ་ལ། །ཕའི་མིང་ནི་སྲིད་པ་དགུ་ཁྲི་ཡིན། །མ་ནི་སྤྱང་འགྲམ་སྔོན་མོ་ཡིན། །ཁོང་རའི་མིང་ནི་ཤེ་ལེ་བགྲེས་པོ་ཡིན། །བཙུན་མོའི་མིང་ནི་ཁྲི་སྨན་སྟོང་བཤད་ཡིན། །བློན་པོའི་མིང་ནི་དྷར་མ་ཀོ་ཤམ་ཡིན། །སྲས་ཀྱི་མིང་ནི་ཤེལ་འཕྲེང་མཛིན་པ་ཡིན། །ཡུལ་ཕྱོགས་ལྷོ་ཡིན་སྐར་མ་ཉེ་བཞིའི་འོག །ཕོ་རང་མཁར་ནི་ཤེ་ལེ་ཟམ་དུར་ཡིན། །འབངས་ནི་ལྷ་ལས་ཆད་པའི་མི་རིགས་བཞི། །སྐོས་ལུགས་གླང་ཆེན་སྣའི་བུམ་པ་ཡིས། །སུ་ལ་དབང་བསྐུར་དེ་ལ་སྐོ་བ་ཡིན། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱེད། །ལས་སུ་དགེ་བཅུ་ལ་སོགས་དང་དུ་ལེན། །དགྲ་རུ་ཕྱི་པ་མུ་སྟེགས་གནོད་པ་ཡིན། །བདུད་དུ་དུག་སྦྲུལ་ནག་པོ་བབས་པ་ཡིན། །ཁལ་དུ་མ་ཧེ་སྔོན་པོ་འགེལ་བ་ཡིན། །ནོར་དུ་མཁར་བའི་དུང་རྩེ་སྤྱོད་པ་ཡིན། །གོས་སུ་གསོ་རས་དཀར་པོ་གོན་པ་ཡིན། །ཟས་སུ་གོ་ལ་དཀར་པོ་གསོལ་བ་ཡིན། །གོ་ཆར་ལྕགས་ཀྱི་རྔ་གཞུ་གོན་པ་ཡིན། །ལགས་ཆར་རལ་གྲི་འབར་བ་ཐོག་པ་ཡིན། །རྒྱན་ཆ་རིན་ཆེན་གསེར་ལ་བྱེད་པ་ཡིན། །སྐད་ནི་སང་ཏྲི་ཏ་ཏེ་ལྷའི་སྐད། །ཆད་པའི་ཁུང་
༄༅། །ནི་འོད་གསལ་ལྷ་ལས་ཆད། །སྤྱོད་པ་བོད་ལ་སྦྲུལ་ལྟར་འཁྲིལ། །གླིང་མཆོག་ལྷོའི་འཛམ་བུའི་གླིང་ལ་དབང་། །དུས་ཚོད་གདུང་རྒྱུད་རྒྱལ་པོ་འདས་ནས་སུ། །ཚེ་ལོ་རྒྱ་པ་བརྩོད་ལྡན་དུས་སུ་བྱུང་། །གནས་རིགས་འདོད་པའི་ཁམས་སུ་རྟོགས་པ་ཡིན། །སྐྱེ་གནས་བཞི་ལས་མངལ་ལ་སྐྱེས་པ་ཡིན། །ཚེའི་ཚད་ནི་ངེས་པ་མེད་པ་ཡིན། །ལུས་ཀྱི་ཚད་ནི་རང་གི་ཁྲུ་བཞི་ཡིན། །དེའི་རྒྱ་གར་ཆོས་ཀྱིས་བཤད་པ་རྫོགས་སོ། །དེ་ནས་རྒྱ་ནག་གཙུག་ལགས་རྒྱལ་པོ་ཡིས། །ཕ་ཡི་མིང་ནི་སྲིད་པ་ལྔ་ཁྲི་ཡིན། །མའི་མིང་ནི་ཤར་གྱིས་ལྷ་མོ་ཡིན། །རྟགས་པའི་མིང་ནི་རྒྱ་ཆེ་མི་ཟད་ཡིན། །བཙུན་མོའི་མིང་ནི་གནམ་ལ་ཐེན་ཀར་རྗེ། །བློན་པོའི་མིང་ནི་གྱིང་ཤང་འབར་བ་ཡིན། །སྲས་ཀྱི་མིང་ནི་མེ་ལས་མཛིན་པ་ཟེར། །ཡུལ་ཕྱོགས་ཤར་ཡིན་སྐར་མ་སྨིན་དྲུག་འོག །ཕོ་རང་མིང་ནི་རྒྱལ་མཁར་གྲུ་བཞི་ཡིན། །འབངས་ནི་ཀླུ་ལས་ཆད་པའི་མི་རིགས་བཞི། །སྐོས་ལུགས་ལྕགས་ཀྱི་ལྷམ་བུ་གོན་ནས་སུ། །ཤེལ་གྱིས་སྐས་ལ་སུ་ཐར་དེ་ལ་སྐོ། །འདུལ་བའི་སྟོན་པ་འཕགས་པ་འཇམ་དཔལ་ཡིན། །མཛད་པའི་ལས་སུ་ལེགས་ཉེས་མེ་ལོང་ལྟ། །གནོད་པའི་དགྲ་རུ་རྒྱ་མཚོ་རླབས་ཆེན་གནོད། །འབབ་པའི་བདུད་དུ་ས་བདག་ནག་པོ་འབབ། །འགྱེལ་བའི་ཁལ་དུ་རྔ་མོང་ག་པ་འགེལ། །ཕུགས་ཀྱིས་ནོར་དུ་དངུལ་གྱིས་དུང་རྩེ་སྤྱོད། །ལུས་ཀྱི་ན་ཟའ་ཟབ་ཆེན་སྣ་ལྔ་གོན། །ཟས་དང་སྐོམ་དུ་ཆབ་
ཚ་ལ་སོགས་གསོལ། །གོ་ཆར་བསེའི་རྔ་ཞུབ་གོན་ནོ་སྐད། །ལགས་ཆར་བསེའི་མདུང་དམར་ཐོགས་ནས་བརྡེག །རྒྱན་ཆར་དངུལ་དང་མུ་ཏིག་དག་ལ་བྱེད། །སྐད་ནི་ན་ག་ར་རྩ་ཀླུའི་སྐད་དུ་སྨྲ། །ཆད་ཁུངས་ནག་པོ་ཀླུ་ལས་ཆད་དོ་སྐད། །སྤྱོད་པ་བོད་ལ་ལུགས་ལ་སྤྱང་འཇབ་འདྲ། །གླིང་ནི་ལྷོའི་འཛམ་བུ་གླིང་ལ་དབང་། །དུས་ནི་ཚེ་ལོ་བརྒྱ་པའི་དུས་སུ་བྱུང་། །གནས་རིགས་འདོད་པ་ཁམས་ཀྱི་མི་ཡིན་ནོ། །སྐྱེས་གནས་དེ་ཡང་མངལ་ལས་སྐྱེས་པ་ཡིན། །ཚེའི་ཚད་ལ་དེ་ཡང་ངེས་པ་མེད། །ལུས་ཀྱི་ཚད་ནི་རྒྱ་གར་ཆོས་རྒྱལ་འདྲ། །དེ་ནི་རྒྱ་ནག་རྒྱལ་པོའི་བཤད་པ་རྫོགས་སོ། །སྟག་གཟིགས་ནོར་གྱི་རྒྱལ་པོའི་བཤད་པ་ལ། །ཕའི་མིང་ནི་ལྷ་གད་བདུན་ཁྲི་ཡིན། །མའི་མིང་ནི་ལྷ་སྨན་གཡུ་ཁྲི་མ། །བཏགས་པའི་མིང་ནི་ཁ་ཆེ་མེར་བ་ཡིན། །བཙུན་མོའི་མིང་ནི་ཉི་ཟླ་མཛེས་ལྡན་མ། །བློན་པོའི་མིང་ནི་སིང་ང་གྲགས་སོ་ཞེས། །སྲས་ཀྱི་མིང་ནི་མུ་ཏིག་མཛིན་པ་ཡིན། །ཡུལ་ཕྱོགས་ནུབ་ཡིན་ཟླ་བ་ཚེས་པའི་འོག །ཕོ་བྲང་ཤེལ་མཁར་གསེར་ཐོགས་གཡུ་བད་ཅན། །འབངས་ནི་གནོད་སྦྱིན་བུ་ཡིན་མི་སྡེ་བཞི། །སྐོས་ལུགས་ནོར་བུ་རིན་ཆེན་སུས་ལོན་པ། །སྟོན་པ་འཕགས་པ་ཨརྱ་འཛམ་བྷ་ལྷ། །ལས་སུ་དབུལ་འཕོངས་དུ་ཁ་སེལ་བ་ཡིན། །གནོད་པའི་དགྲ་རུ་གཅན་ཟན་གདུག་པ་ཅན། །བདུད་དུ་དལ་ཡམས་ནད་ངན་འབེབས་སོ་སྐད། །འགེལ་པའི་ཁལ་ནི་གླང་པོ་ཆེ་ལ་འགེལ། །ནོར་དུ་ཡིད་བཞིན་ནོར་བུ་དེ་ལ་སྤྱོད། །གོས་སུ་
༄༅། །དར་ཆེན་སྣ་ལྔ་གོན་པ་ཡིན། །ཟས་སུ་སྦྲང་རྩི་ལ་སོགས་མངར་གསུམ་ཟ། །གོ་ཆར་རྭ་བྱང་འཇོལ་ཁྲབ་གོན་པ་ཡིན། །ལགས་ཆར་རྩེ་གསུམ་མདུང་ལ་བྱེད་པ་ཡིན། །རྒྱན་ཆ་རིན་ཆེན་ཤེལ་ལ་བྱེད་དོ་སྐད། །སྐད་ནི་ཤནྟྲི་ཏ་ཡིན་གནོད་སྦྱིན་སྐད་དུ་སྨྲ། །ཆད་ཀྱང་གནོད་སྦྱིན་ལུས་ལས་ཆད་པ་ཡིན། །སྤྱོད་པ་བོད་ལ་བྱ་ཁྱུང་ཁྲ་ལྟར་ཉུལ། །གླིང་དང་དུས་དང་གནས་རིས་སྐྱེས་གནས་དང་། །ཚེ་ཚད་ལུས་ཚད་རྒྱལ་པོ་བཞི་ཀ་མཐུན། །དེའི་སྟག་གཟིག་ནོར་གྱི་བཤད་པ་རྫོགས། །དེ་ནས་གེ་སར་དམག་གི་རྒྱལ་པོ་ཡིས། །སྤྱི་དོན་སུམ་བཅུ་ཐམས་པ་བཤད་པ་ནི། །ཕ་ནི་ཁྲི་གསུམ་ཁྲི་བཞེར་རྒྱལ་བ་ཡིན། །མ་ནི་བྱང་བཙུན་སྔོན་མོ་ཞེས་སུ་གྲགས། །ཁོ་རང་མིང་ནི་སྟག་བཞེར་ཁྲམ་རྒྱལ་ཟེར། །བཙུན་མོ་ལེགས་བཙུན་སྒྲོལ་མ་བྱ་བ་ཡིན། །བློན་པོའི་མིང་ནི་མཛི་ན་མི་ཏྲ་ཡིན། །སྲས་ནི་མདུང་རྩེ་གསུམ་པ་ཞེས་སུ་གྲགས། །ཡུལ་ཕྱོགས་བྱང་ཡིན་སྐར་མ་རྨིན་བདུན་འོག །ཕོ་བྲང་ལྕག་མཁར་གླིང་དགུ་རྩེ་མཐོན་ཡིན། །འབངས་ནི་ལྷ་ཡིན་རིགས་ཀྱི་མི་སྡེ་བཞི། །སྐོས་ལུགས་ཕྱོགས་བཞིར་དཔག་ཆེན་མདའ་བཞི་འཕངས། །དུས་གཅིག་སུས་ཟིན་དེ་ལ་སྐོ་བ་ཡིན། །འདུལ་བའི་སྟོན་པ་ལྷ་མོ་པན་རྩི་ཀ །མཛད་པའི་ལས་སུ་ཕ་རོལ་དགྲ་དཔུང་འཇོམས། །གནོད་པའི་དགྲ་རུ་རུས་སྦལ་ནག་པོ་འོང་། །འབབས་པའི་བདུད་དུ་མཚོན་གྱིས་སྐལ་པ་འབབ། །འགེལ་བའི་ཁལ་ནི་གེ་ལིང་རྟ་ལ་འགེལ། །ནོར་དུ་ལྕགས་
ཀྱིས་དུང་རྩེ་སྤྱོད་པ་ཡིན། །གོས་སུ་ཤིང་བལ་སྟག་པ་གོན་ནོ་སྐད། །ཟས་སུ་ཤིང་ཐོགས་སྣ་ཚོགས་ཟ་བ་ཡིན། །སྐད་ནི་ཀ་ར་ན་ཞེས་ལྷ་མིན་སྐད། །ཆད་ཁུངས་དང་པོ་བྱ་རྒྱལ་རྒོད་ལས་ཆད། །སྤྱོད་པ་བོད་ལ་ཤིང་ལ་རྟེ་ལྟར་འཚབ། །གླིང་དང་དུས་ཚོད་གནས་རིགས་སྐྱེས་གནས་དང་། །ཚེ་ཚད་ལུས་ཚད་རྒྱལ་པོ་བཞི་ཀ་མཐུན། །དེ་ནི་གེ་གསར་དམག་གི་རྒྱལ་པོའི་ལོ་རྒྱུས་སོ། །ཞེས་རྒྱལ་རབས་རིན་ཆེན་དཔུང་པ་ལས་བཤད་དོ། །དེ་ནི་སྐོས་པའི་རྒྱལ་པོའི་ལོ་རྒྱུས་སོ། །