ལྡེའུ་ཆོས་འབྱུང་།
སྲོང་བཙན་སྒམ་པོ།
Previous Chapter
Next Chapter

(སྲོང་བཙན་སྒམ་པོ།)

སྟག་གུ་སྙན་གཟིགས་དང་འོལ་གོད་གཟའ་གདོན་བཙུན་སྒྲོན་གྱིས་སྲས་གནམ་རི་བསྲོང་བཙན་ཏེ། དེའི་དྲིན་ལ་མཐའི་རྒྱ་དྲུག་གྲུ་གུ་དང་ཧོར་གསུམ་བཏུལ། དེ་དང་ཚོང་དཔོན་གཟའ་འབྲིང་མ་ཐོད་དཀར་གྱིས་སྲས་སྲོང་བཙན་སྒམ་པོ་བྱོན་ཏེ། དེ་ནས་བོད་ཀྱིས་བསོད་ནམས་དར་བའི་དུས། །རྒྱལ་པོ་དྲུག་བྱུང་སྲོང་བཙན་སྒམ་པོ་ཡིས། །ཚེ་བསྟོད་རྒྱལ་ཁྲིམས་ཚེ་སྨད་ཆོས་ཁྲིམས་བཅས། །རྒྱལ་ཁྲིམས་ཚན་བཅུ་དང་ནི་སྡེ་བཅུ་དང་། །བཀྲ་དགུ། ཆེ་དགུ་ ཁ་རྒྱད་ལེ་བརྒྱད་དང་། །ཆེ་བདུན་དཔོན་བདུན་ན་དྲུག་ནེ་དྲུག་དང་། །བླ་ལྔ་ན་ལྔ་བཀའ་བཞི་རྩིས་བཞི་དང་། །ཁམས་གསུམ་ཆོས་གསུམ་གཉིས་ཀྲར་བེས་དང་གཅིག །ཅེས་པ་ལ་སོགས་པ་སྲོང་བཙན་སྒམ་པོའི་མཛད་སྲོལ་སྟོན་ཏེ། སྲོང་བཙན་སྒམ་པོ་ནས་ཁྲི་སྲོང་ལྡེབས་བཙན་གྱི་བར་དུ་སྤྲུལ་པའི་རྒྱལ་པོ་ཡིན་པས། རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་བཅས་པས་ན། བོད་ཀྱིས་བསོད་ནམས་དར་བའི་རྒྱལ་པོ་དྲུག་ཟེར་རོ། །དེ་ཡང་མེས་སྲོང་བཙན་སྒམ་པོ་འདི་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་ཡིན་ཏེ། ལི་ཡུལ་གྱིས་བན་དྷེ་གཉིས་ཀྱིས་སྤྱན་རས་གཟིགས་སྒྲུབས་པས། ལུང་སྟན་བྱུང་ཏེ། ད་ལྟ་བོད་ཀྱི་རྒྱལ་པོ་གཅིག་ཏུ་སྤྲུལ་ནས་བོད་རྣམས་འདུལ་གྱི་ཡོད་ཅེས་པ་བྱུང་ནས་

143a

༄༅།       །བོད་ཀྱི་ཁྲམ་འབྲུག་ཏུ་བྱོན་པ་དང་། དབུ་རའི་ནང་ནས་སྲོང་བཙན་སྒམ་པོས་མཆད་པ་ཅད་པའི་མིག་གི་ཕུང་པོ་དང་། བསྒྱིད་པ་བྲག་པ་ལ་སོགས་པའི་ལོ་རྒྱུས་ཐོས་པས་མ་མོས་ནས། ལྷ་ས་རུ་བྱོན་པ་དང་། ལྷ་ས་དན་འབག་གི་ནང་ན་ཡང་དེ་ལྟར་འདུག་པ་ལ་མ་མོས་སྟེ། སྤྱན་རས་གཟིགས་ཀྱིས་སྤྲུལ་པ་ཡོད་ཟེར་རྩ་ན་བདུད་ཀྱི་སྤྲུལ་པར་འདུག་པ་སྙམས་ནས་བྲོས་པ་དང་། སྲོང་བཙན་སྒམ་པོས་གཡོག་པོ་ལ་རྟ་སྐྱོན་ནས་ཟློག་པ་ལ་བཏང་ཏེ་དབུ་གཞུ་ཕུད་པས་ཞལ་བཅུ་གཅིག་པར་མཐོང་ནས། ཁྱེད་ཐུགས་རྗེ་ཆེན་པོའི་སྤྲུལ་པར་འདུག་པ་ལ། མིག་འབྱིན་པ་དང་སྒྱིད་པ་འདྲག་པ་ཅུག་ལགས་ཞེས་ཞུས་པས། སྲོང་བཙན་སྒམ་པོའི་ཞལ་ནས་ངས་བོད་འདུལ་བའི་ཕྱེད་དུ་སྤྲུལ་པ་བྱས་པ་ཡིན། ངས་དང་པོ་སེམས་སྐྱེད་ནས་ད་ལྟ་ཡན་ཆོད་དུ་སེམས་ཅན་གྱི་བ་སྤུའི་བུ་ག་གཅིག་ལ་ཡང་གནོད་པ་སྐྱེལ་མ་མྱོང་། ཁྱེད་གཉིས་དངོས་གྲུབ་ཅི་འདོད་གསུངས་པས། ངེད་རང་གཉིས་ཀྱི་ཡུལ་དུ་རྟོལ་བ་གཅིག་འདོད་ཟེར་ནས། འོ་ན་མིག་རྩུམ་གྱིས་གཅིག་གསུངས་ནས་ལགས་དུ་བྱེ་མ་སྤ་ར་རེ་གཏད་བཞགས་པས་ཁོ་རང་གཉིས་ཀྱི་ཡུལ་དུ་སླེབས་ནས་བྱེ་མ་གསེར་དུ་སོང་འདུག་སྐད། དེ་ལྟར་སྤྲུལ་པ་ཡིན་པས། ཐུགས་གང་པས་ཀྱང་སྒམ་པར་བྱོན་པས། མཚན་ཡང་སྲོང་བཙན་སྒམ་པོར་བཏགས་སོ། །གུང་ལོ་བཅུ་གསུམ་ན་ཡབ་འདས་ནས། ཆབ་སྲིད་ལོ་དྲུག་བཅུ་རྩ་དགུ་གཟུང་། སྐུ་ཚེ་ལོ་རྒྱད་བཅུ་གྱ་གཉིས་ལ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་ཐུགས་ཀར་ཐིམ་མོ། །