ལྡེའུ་ཆོས་འབྱུང་།
སྡེ་བཅུ།
Previous Chapter
Next Chapter

(སྡེ་བཅུ།)

སྡེ་བཅུ་ནི་བོད་རུ་རེ་རེ་ལ་སྟོང་སྡེ་བརྒྱད་བརྒྱད་སྟོང་བུ་ཆུང་དང་དགུ། སྐུ་སྲུངས་དང་བཅུ་ཐམས་པའོ། །དེ་ལ་རུ་ལགས་ཀྱི་སྟོང་སྡེ་ནི། མང་དཀར་དང་ཁྲི་བོམ་གཉིས། སྒྲོམ་པ་དང་ལྷ་རྩེ་གཉིས། མྱང་རོ་དང་ཁྲི་ཐང་གཉིས། མཁར་གསར་དང་གད་སྲམ་གཉིས། མཚོས་སྔོན་སྟོང་བུ་ཆུང་དང་དགུ། སྐུ་སྲུངས་ལྷོ་ཕྱོགས་པ་དང་བཅུའོ། །གཡས་རུའི་སྟོང་སྡེ་ལ་སྟོང་སྤོའི་སྟོང་སྡེ་དང་ཤངས་ཀྱིས་སྟོང་སྡེ་གཉིས། ལང་མི་དང་ཕོད་དཀར་གཉིས། ཉེན་ཀར་དང་འགྲངས་རྩང་གཉིས། ཡོ་རབས་དང་གཟོང་སྡེ་གཉིས། ཤངས་ལ་སྟོང་

146a

༄༅།       །བུ་ཆུང་གཅིག་ཏེ་དགུ། སྐུ་བསྲུངས་ནུབ་ཕྱོགས་པ་དང་བཅུའོ། །དབུ་རུའི་སྟོང་སྡེ་ལ། དོར་སྟེ་དང་སྡེ་མཚམས་གཉིས། ཕྱུག་འཚམས་དང་འགྲངས་འཚམས་གཉིས། གཅོང་པ་དང་འབྲིང་འཚམས་གཉིས། ཀྱི་སྟོད་ཀྱི་སྨད་གཉིས། ཡེལ་རབས་སྟོང་བུ་ཆུང་དང་དགུ། སྐུ་བསྲུངས་ཤར་ཕྱོགས་པ་དང་བཅུའོ། །གཡོ་རུའི་སྟོང་སྡེ་ལ། ཡར་ལུང་ལ་སྟོང་སྡེ་གཅིག །འཆིང་ལུང་ལ་སྟོང་སྡེ་གཅིག་སྟེ་གཉིས། ཡར་ཀྱང་ཡུང་ང་གཉིས། དགས་པོ་མྱག་མི་གཉིས། དམྱལ་ལྷོ་བྲག་གཉིས། ལོ་རོ་སྟོང་བུ་ཆུང་དང་དགུ། སྐུ་སྲུངས་ཤར་ཕྱོགས་པ་དང་བཅུའོ། །དེ་ནི་བོད་རུ་བཞིའི་སྟོང་སྡེ་བཞི་བཅུའོ། །བོད་དང་གྲུ་གུའི་སྟོང་སྡེ་བཞི་བཅུའོ། །བོད་དང་གྲུ་གུའི་སོ་འཚམས་ན་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ་ཡོད་དེ། འོ་ཅོ་བག་དང་གཅིག །མང་མ་བག་དང་གཉིས། སྙེ་མ་བག་དང་གསུམ། རྩ་མོ་བག་དང་བཞི། བ་ག་སྟོང་བུ་ཆུང་དང་ལྔའོ། །བོད་དང་སུམ་པའི་ལོ་འཚམས་ན། ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་ཡོད་དེ། གུག་གེ་གུག་ཅོག་གཉིས། སྤྱིར་རྩང་ཡར་རྩང་གཉིས། སྤྱི་ཏི་སྟོང་བུ་ཆུང་དང་ལྔའོ། །ཞང་ཞུང་ཁྲི་སྡེ་སྟོད་སྨད་ཀྱི་སྟོང་སྡེ་བཅུའོ། །སྤྱིར་སུམ་པའི་སྟོང་སྡེའི་མིང་ནི་ལྟོ་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་ཞེས་བྱ་ཏེ། དེའི་ནང་ནས་སྟོང་སྡེ་བཅུ་གཅིག་སྲོང་བཙན་སྒམ་པོས་ཚུར་ཆོད་དེ། རྩེ་འཐོན་དང་ཡོ་མཐོན་གཉིས། རྒོད་ཚངས་སྟོད་སྨད་གཉིས། འཛོམ་སྟོད་འཛམ་སྨད་གཉིས། ཏྲེ་བསྟོད་ཏྲེ་སྨད་གཉིས། ཁ་རོ་དང་ཁ་བཟང་

146b

གཉིས། ནག་ཤོད་སྟོང་བུ་ཆུང་དང་བཅུ་ཅིག་གོ །དེ་ཚོ་ནི་བོད་རུ་བཞི། ཞང་ཞུང་ཁྲི་ལྡེ་སྟོད་སྨད། སུམ་པའི་རུ་ལགས་དང་བཅས་པ་དེ་རྣམས་ལ་བོད་ཀྱི་སྟོང་སྡེ་དྲུག་བཅུ་ཞེས་བྱའོ། །དེ་ལ་སྟོང་དཔོན་དྲུག་བཅུ་རྩ་གཅིག་མཆིས་སྟེ། རུ་ལགས་ཀྱི་སྟོང་སྡེ་བརྒྱད་ལ་མར་ཀར་ཁྲི་བྷོས་འགྲོའི་སྟོང་སྡེ་ལགས། གྲོ་བ་ལྷ་མཚོ་སྒྲོའི་སྟོང་སྡེ་ལགས། དེ་བཞིའི་རུ་བའི་དཔོན་པོ་ནི། འགྲོ་རྒྱལ་མཚན་སེང་གེ་ལགས། རུ་རྟ་ནི་ངང་པ་ཕུན་དམར་ལགས། རུ་དར་ནི་སེང་གེ་དཀར་པོ་གནམ་དུ་སྒྲེངས་པ་ཐོག་པ་ལགས། ཡིག་ཚངས་ཟངས་ཀྱི་ཡི་གེ་ཐོབ་པ་ལགས། རུ་དཔོན་གྱིས་སྟིང་གནོན་ནམ་དཔག་ཟླ་ནི་གནམ་ཏེ་གུ་རུ་ཚབ་ལགས། རུ་ལགས་སྨད་ཀྱིས་སྟོང་སྡེ་བཞི་ལ། ཉང་རོ་འབྲོའི་སྟོང་སྡེ་ལགས། ཁྲི་ཐང་ཁྱུང་པོའི་སྟོང་སྡེ། གད་སྲམ་མགོས་ཀྱི་སྟོང་སྡེ། མཁར་སོར་ཤུད་ཀེའི་སྟོང་སྡེ། མཚོ་ངམ་སྟོང་བུ་ཆུང་སྒྲོའི་སྟོང་སྡེ་ལགས་སོ། །རུ་ལགས་སྨད་ཀྱི་སྟོང་སྡེའི་སྟོང་དཔོན་ནི། ཁྱུང་པོ་མེས་པོ་སྟོང་དཔོན་གཡུའི་ཟུར་ཕུད་ཅན་གྱིས་བྱས། རུ་རྟ་ནི་རག་པ་རྔོག་ནག་དཔའ་ཟླ་ནི་འཆིམས་ཅན་བཞེར་ལྷ་གཟིགས་ལགས། རུ་དར་ནི་དཔལ་དར་ནག་པོ། ཡིག་ཚངས་ནི་ཟངས། རུ་ལགས་བསྟོད་སྨད་ཚོའི་དམག་གི་བཞེད་ནི་གངས་ལ་སེང་གེ་འགྲིམས་པ་བཞིན་དུ་འོངས་པ་ལགས་སྐད་དོ། །གཡས་རུའི་སྟོང་དཔོན་ལ། ལྟོ་ཡོ་ཤངས་སྡེ་ཁྱུང་པོའི་སྟོང་སྡེ་ལགས། ལང་མི་ཐོད་དཀར་སྤ་ཚབ་ཀྱི་སྟོང་སྡེ་ལགས། ཉེན་མཁར་དང་

147a

༄༅།       །གྲངས་འཚམས་ལང་སའི་སྟོང་སྡེ་ལགས། ཡེལ་རབས་གཟོང་སྡེ་མགོས་ཀྱི་སྟོང་སྡེ་ལགས། གཡས་རུ་སྟོད་ཀྱི་རུ་དཔོན་ནི། རྒྱལ་ལྟོ་ཡོ་སྡེ་དྲུག་གིས་མེས་པོ་ཁྱུང་པོ་སྟག་བཟང་ཉ་སྟོང་གིས་བགྱིས། རུ་རྟ་ནི་འཚལ་ལུ་མི་རྟག །རུ་དར་ནི་དར་ནག་སྙིང་དཀར་ལ་བྱ་ཁྱུང་བྲིས་པ་འཕྱར། དཔའ་ཟླ་ནི་དཔའ་ཚབ་མཚོ་བཞེར་རྩང་ལོད། ཡིག་ཚང་ཟངས་ཀྱི་ཡི་གེ། གཡས་རུ་སྨད་ཀྱིས་རུ་དཔོན་ནམ་དམག་དཔོན་ནི་མགོས་ཁྲི་སྙེན་གསང་མཆོད་ཀྱིས་བྱས། རུ་རྟ་ནི་སྔོན་པོ་གཡུ་རྟ། རུ་དར་ནི་སྐྱེར་ཁ་གོང་ཁྲ། དཔའ་ཟླ་ནི་ལང་ས་མགོན་ནེ། ཡིག་ཚངས་ཟངས། གཡས་རུའི་དམག་གི་བཞེད་ནི་སྤང་ལ་མེ་མཆེད་པ་ལྟར་འོངས་པ་ལགས་སོ། །དབུ་རུའི་སྟོང་དཔོན་ནི། ཕྱུག་འཚམས་དང་འབྲིང་འཚམས་གཉིས། ཕྱུག་འཚམས་ཀྱིས་སྟོང་སྡེ། བཅོམ་པ་དང་འབྲིང་འཚམས་གཉིས་ཅོག་རོའི་སྟོང་སྡེ། དོར་ཏེ་སྟེ་འཛོམ་གཉིས་སྨ་དང་དཀའ་བའི་སྟོང་སྡེ། ཀྱི་བསྟོད་ཀྱི་སྨད་གཉིས་སྦས་ཀྱི་སྟོང་སྡེ། དབུ་རུ་བསྟོད་ཀྱི་རུ་དཔོན་ནམ་དམག་དཔོན་ནི་གནའ་ནམ་རྒྱལ་རྟ་རྒན་མོ་ཆུང་གིས་བྱས། རུ་རྟ་ནི་ཟེ་དཀར་ལྟར་སྐྱ། རུ་དར་ནི་སྤང་མ་དམར་པོ་ལ་ལྕེ་དཀར་པོ་དང་ཡལ་བ། དམར་པོ་ལྕེ་ཁྲ་བྱ་བ་ལགས། དཔའ་ཟླ་ནི་གནོན་འཕན་གསུམ་འགྲོན་པོ་སྐྱེས་ཀྱི་བྱས། ཡིག་ཚང་ཟངས། དབུ་རུ་སྨད་ཀྱི་རུ་དཔོན་ནི། དབས་སྐྱེ་བཟང་སྟག་སྣང་། རུ་རྟ་ནི་མཚལ་ལུ་གཟིག་རིས། རུ་དར་ནི་དཔལ་དར་དམར་པོ། དཔའ་ཟླ་ཤུད་པུ་ཁུ་རིང་

147b

ཁོང་བཙན། དམག་གི་བཞེད་ནི་མཚོ་ལ་མུན་བབས་པ་བཞིན་འོང་པ་ལགས་སྐད། གཡོའ་རུའི་སྟོང་དཔོན་ལ། ཡར་ལུང་འཆིངས་ལུང་། གཉིས་སྙགས་དང་ཚེས་སྤོང་གི་སྟོང་སྡེ། ཡས་རྒྱངས་ཡུང་ང་གཉིས་སྣ་བ་ནམ་དང་མྱང་གི་སྟོང་སྡེ། དགས་པོ་ཉག་ཉི་གཉིས་ལྷོ་དང་འཆིམས་ཀྱི་སྟོང་སྡེ། དམྱལ་ལྷོ་བྲག་གཉིས་སྙི་བའི་སྟོང་སྡེ་ལགས། གཡོའ་རུ་སྟོད་ཀྱི་དམག་དཔོན་ནམ་རུ་དཔོན་ནི་མྱག་སྟག་གཟིག་གཡུའ་བཙན། རུ་རྟ་ནི་མོག་རོ་བུན་བུན། རུ་དར་ནི་སེང་གེ་དམར་པོ། དཔའ་ཟླ་ནི་གཡས་མང་བཞེར་ལྷོས་ཆུང་། ཡིག་ཚངས་ཟངས་སོ། །གཡོ་རུ་སྨད་ཀྱི་རུ་དཔོན་ནམ་དམག་དཔོན་ནི། འཆིམས་རྒྱལ་གཟིགས་བུད་ཏིང་གི་བྱས། རུ་རྟ་མཚལ་ལུ་སྙིང་། རུ་དར་དར་དཀར་སྙིང་ནག །དཔའ་ཟླ་སོ་གད་གཉན་བཞར་ལྷ་ཀླུ། དམག་གི་བཞེད་ནི་མཚོ་ལ་སྦྲང་ཆར་བབས་པ་བཞིན་དུ་འོང་པར་བཤད་པའོ། །དེས་ནི་ཚན་བཅུ་སྡེ་བཅུ་བཤད་ཟིན་ནོ། །