ལྡེའུ་ཆོས་འབྱུང་།
རྐྱེན་དྲུག་དང་། བླ་ལྔ། ན་ལྔ།
Previous Chapter
Next Chapter
150b

(རྐྱེན་དྲུག་དང་། བླ་ལྔ། ན་ལྔ།)

རྐྱེན་དྲུག་རྐོས་ལུགས་ནི། ཡ་རབས་ཞང་བློན་གྱིས་རྐྱེན་དུ་ཆོས་དང་ཡིག་ཚང་སྐོས། མ་རབས་གཡུང་པོའི་རྐྱེན་དུ་ཐགས་དང་བོན་སྐོས། མཛངས་པའི་རྐྱེན་དུ་ཡིག་ཚངས་སྐོས། ངན་པའི་རྐྱེན་དུ་སྟག་ཀྱ་རྐོས། དཔའ་བའི་རྐྱེན་དུ་གུང་དང་སྟག་རྐོས། བརྡར་མའི་རྐྱེན་དུ་ཝ་ཞུ་སྐོས། བླ་ལྔ་ནི་ས་བདག་རྒྱལ་པོ་འབངས་ཀྱི་བླ། ཡོ་འགལ་འཆོས་པ་སྲིད་ཀྱི་བླ། གུང་བློན་དབང་གི་བླ། ནང་བློན་རྩིས་ཀྱི་བླ། མ་ཡུལ་དཔོན་ཏེ་འཕྲང་གཟོའི་བླའོ། །ན་ལྔ་ནི་ཞལ་ཆེ་ན་ལྔ་ལ་བྱ་སྟེ། མི་སྟོང་དགེའི་ཞལ་ཆེ། གཉེན་བྱེད་ཚིས་ཀྱི་ཞལ་ཆེ། སྨྱོན་ཐོལ་སྐར་མིའི་ཞལ་ཆེ། མདོ་ལོན་ཞུ་ཅོད་ཀྱི་ཞལ་ཆེ། ཉེ་དུ་ལྷུམ་ཆོས་ཀྱི་ཞལ་ཆེའོ། །ཁྲིམས་ན་ལྔ་ནི། ཁྲིམས་རྩེར་འབུམ་བཞེར་གྱི་ཁྲིམས་དང་གཅིག །སྟོང་འཇམས་ཆུན་ལག་གི་ཁྲིམས་དང་གཉིས། བཀའ་ལུང་རྒྱལ་ཁྲིམས་དང་གསུམ། དབང་བཅད་སྤྱིའི་ཁྲིམས་དང་བཞི། འགྲོ་བཟའ་བྱང་ཆུབ་ཀྱིས་ཁྲིམས་བུ་ཆུང་དང་ལྔའོ། །དེ་ལ་ཁྲིམས་རྩེ་འབྲུམ་བཞེར་བྱ་བ་ནི། ས་བདག་རྒྱལ་པོའི་ནོར་གཏོར་ན་ཁྲིམས་ཆིག་སྟོང་། དགེ་འདུན་ལ་ཁྲིམས་སྨངས་ལ་སྟོང་། དེ་ཆེས་ནས་བཞག །སྟོང་འཇམས་ཆུན་ལག་བྱ་ནི། ཡུལ་གཞན་ནས་ནོར་གཏོར་ནས། ཡུལ་གཅིག་གི་ཕུ་རུ་བྱུང་ན། འཆད་པ་མདའ་ལ་ཅད་དེ། མ་འཐད་པར་བཞག །དབང་ཅད་ཁྲིམས་བྱ་བ་ནི། རྗེའི་བང་སོ་རྩིགས་པའི་དུས་སུ། ཉི་མ་རེ་ལ་ཕོ་མ་བྱུང་ན་ར་ཅིག །མོ་མ་བྱུང་ན་བུང་བུ་གཅིག་གི་ཁྲིམས་བཅས་སོ། །དཀའ་ལུང་རྒྱལ་ཁྲིམས་ནི། ས་བདག་རྒྱལ་པོའི་ནོར་

151a

༄༅།       །གཏོར་ན་རྒྱ་ཆལ། དཀོན་མཆོག་རྒྱ་བཅུ་ཆལ། འབངས་ལ་བརྒྱད་ཆལ་ལོ། །འགྲོ་གཟའི་ཁྲིམས་བུ་ཆུང་མ་ནི། སྐྱེས་པ་ལ་ཕོ་ཕྱག་རླབས། ཟ་མ་ལ་མོ་ཕྱག་སླབས། ཕྱུག་པོ་ཡོང་གིས་རྩ་བ་ཞིང་ལ་མུ་རྡོ་གཟུགས། སྟོན་དཔྱིད་ཀྱི་སྤར་ཁ་སྙམས་པའོ། །རྒོད་ན་ལྔ་ནི། རྒོད་ཀྱི་ཟང་མ་རྒྱལ་པོ་བྱ། རྒོད་ཀྱི་རྗེས་འདྲ། ཡིག་ཚངས་དུར་འཆད། བྲན་ཞིང་དང་ལྡན་པའོ། །རྒོད་ཀྱིས་ཞང་བློན་ནི་དུར་མཆད་བྲན་ཞིང་དང་ལྡན་པ་ལ་བྱའོ། །རྒོད་ཀྱི་ཡང་རྗེ་ནི་ཐ་མའི་དྲན་ཞིང་དང་ལྡན་པའོ། །རྒོད་ཀྱི་རྗེས་འདྲ་ནི། སྟོང་ཐང་ལྔ་སྟོང་ལྔ་བཅུ་ལས་མེད་པ། སྟོང་དུ་དྲེས་མའི་ཞུན་བུ་དང་། བན་རྒ་ལག་ལས་མེད་པ་དེ་ནི་རྒོད་ཀྱི་རྗེས་སོ། །སྤ་ན་ལྔ་ནི། དཔའ་བོའི་སྒོ་དགྲ་མགོ་ནོན་པའོ། །མཛངས་པའི་དགེ་སྲིད་ཀྱི་མདུན་ས་ཟིན་པ། སྨྲས་པའི་དགེ་ཤགས་ཐེབས་པ། དྲག་པོའི་དགེ་ཕོ་ཁོག་ཆེ་བ། བསགས་པའི་དགེ་བ་སྟོང་ཕོད་ནུས་པ། བཀའ་བཞི་རྩིས་བཞི་ནི། ཤར་སེང་གེ་དཀར་མོ་ལྕགས་ཌ་ལ་མི་བདག །ལྷོ་དོམ་སྒྲོམ་ནག་པོ་ཁ་མི་དབྱེ། ནུབ་བྱ་དམར་མོ་སྐེ་མི་ཅད། བྱང་ཤ་ལྤགས་སྐྱ་མོ་ལ་ཐིག་མི་གདབ་བོ། །རྩིས་བཞི་ནི། ལྡེའུ་དྲིན་གྱིས་རྩིས། སྐུ་བསྲུངས་ཀྱི་རྩིས། ལྷ་རིས་ཀྱི་རྩིས། སྐུ་རྒྱལ་གྱིས་རྩིས་སོ། །ཁམས་གསུམ་ཆོས་གསུམ་ནི། སྟོད་ཁམས་གསུམ། སྨད་ཁམས་གསུམ། དབུས་ཁམས་གསུམ་མོ། །ཡང་ན་མདོ་ཁམས། བདེ་ཁམས། རྩོང་ཁམས་སོ། །ཆོས་གསུམ་ལ་བཀའ་ཆོས། དབྱང་ཆོས། རྩིས་ཆོས་སོ། །གཉིས་ཀ་རྩིས་པ་སྐུ་དང་ཆབ་སྲིད་དོ། །གཅིག་དུ་

151b

བསྡུ་བ་ནི། མངའ་བདག་གི་ཐབས་འོག་དུ་ཐམས་ཅད་འདུས་པའོ། །ཁྲིམས་དྲུག་སུམ་བཅུ་རྩ་དྲུག་ནི། བཀའ་དྲོས་ཆེན་པོ་དྲུག །བཀའ་ཁྲིམས་དྲུག །ཁོད་དྲུག །ཡིག་ཚང་དྲུག །ཕྱག་རྒྱ་དྲུག །དཔའ་རྟགས་དྲུག །དེ་ལ་བཀའ་དྲོས་དྲུག་ལ། རྗེའི་སྐུ་རྩ་ཞིང་ཞོ་ཤ་འབུལ་བ་དང་གཅིག །ལྡོང་སྟོང་གིས་གཉའ་གནན་ཞིང་། ཡང་ཁོང་ག་རྒབ་སྟེན་པ་དང་གཉིས། ཁེང་རྒོད་དུ་མི་བཏང་ཞིང་མོ་བཙུན་བཀའ་ལ་མི་བཏགས་པ་དང་གསུམ། སོ་འཚམས་སུ་སོ་གཟུང་ཞིང་རྟ་ཀྱུས་ཀྱི་མི་བཅད་པ་དང་བཞི། ཕྱིའི་དགྲ་འདུལ་ཞིང་ནང་གི་ཚིས་བྱ་བ་དང་ལྔ། དགེ་བ་དང་དུ་བླང་ཞིང་མི་དགེ་བཅུ་རྒྱབ་དུ་བོར་བ་དང་དྲུག་གོ །