ལྡེའུ་ཆོས་འབྱུང་།
གསང་བ་ཡང་ཆུང་།
Previous Chapter
Next Chapter

(གསང་བ་ཡང་ཆུང་།)

༈ ད་ནི་གསང་པ་ཡང་ཆུང་ཕྱེད་འཇོག་པ་ནི་ཞེས་པ་ལ། གནམ་དུར་། གཡའ་དང་རྫ་དང་སྤང་ཐང་འཚམས། །ཆུ་དང་ཡུལ་དུ་མང་སོ་རྩིག་པ་ལ། །དྲལ་དང་། མིང་དང་། རྩིགས་དང་འདབ་དུ་སྦས། །བྱེས་དང་། མཆོད་རྟེན་དགོས་པ་རྒྱུ་མཚན་ནོ། །ཞེས་པས་སྟོན་ཏེ། ལྷའི་གདུང་རབས་བཞི་བཅུ་གཉིས་བར་དུ། གདུང་རྒྱུད་ཟིན་པ་རྒྱལ་པོའི་དུར་སྟབ་པ། །དུར་ས་རྣམས་ལ་བཏབ་པའི་རྒྱལ་པོ་བསྡུ། །རྫ་དང་གཡའ་དང་འཚམས་སུ་སྟབ་པ་དུ། །དུར་ས་ཆུ་ལ་སྟབ་པའི་རྒྱལ་པོ་བདུ། །མ་གྲོངས་ཉིད་ཀྱིས་རྩིགས་པའི་བང་སོ་གང་། །ཆབ་སྲིད་མ་ཟིན་རྒྱལ་པོ་ཁུ་ཆེན་རྣམས། །དུར་དུ་བཅུག་གམ་འོན་ཏེ་གཞན་དུ་སྦས། །འབངས་ལ་སྙེན་པོའི་ཇོ་མོ་བཅྭོ་བརྒྱད་ལ། །ལྟང་སྲེས་དུ་ཡོད་རྩིགས་པའི་དུར་དུ་ཡོད། །ཇོ་མོས་མཐའི་དམག་དཔོན་བྱས་པ་ལ། །རྟགས་ཀྱི་མཚན་མ་བང་སོ་ཇི་ལྟར་ཡོད། །ཆབ་སྲིད་མ་ཟིན་ཇོ་མོ་གཞན་རྣམས་ལ། །འདབ་དུ་སྦས་དང་སོ་སོར་རྩིགས་པ་དུ། །བང་སོའི་ཀྱིན་པར་མཆོད་རྟེན་རྩིག་པ་དང་། །གཞན་ཡང་བྱེས་སུ་ལུས་པ་དུ་ཙམ་ཡོད། །རྒྱལ་སྲིད་མ་གཏད་ཐང་འཚམས་ཕབ་པ་ལ། །བང་སོ་རྩིགས་དང་འདབ་དུ་སྦས་པ། །ཐང་འཚམས་བྱེས་སུ་ལུས་པ་ཡོད་དམ་མེད། །དེ་ཡང་ཁྲི་བདུན་བང་སོ་རྣམས་ལ་སྟབ། །

212a

༄༅།       །ལྷའི་ལུས་ལ་རོ་མེད་འཇའ་ལྟར་ཡལ། །སྟེངས་གཉིས་དུར་སྟབ་རྫ་དང་གཡའ་ལ་སྟབ། །ལེགས་དྲུག་བང་སོ་སྤང་ཐང་འཚམས་སུ་སྟབ། །ལྡེ་བདུན་དུར་ས་ཆུ་བོའི་གཞུང་ལ་སྟབ། །རྩན་བདུན་མན་ཆད་དུར་ས་ཡུལ་དུ་སྟབ། །ཡུལ་གྱིས་མིང་ནི་ཡར་ལུང་ངར་མ་ཐང་། །དེ་ཡང་ཡུལ་མེད་ས་ཕུང་སྟབ་པ་འདྲ། །ཁྲི་སྙན་གཟུང་བཙན་དོན་མཁར་མདའ་རུ་རྩིགས། །དེ་ཡང་ཡུལ་མེད་གྲུ་བཞི་མི་ཤེས་སྐད། །འབྲོ་གཉན་ལྡེ་རུ་བང་སོ་དོན་མཁར་མདའ། །རྗེ་འབངས་གསུམ་ཁ་གསོན་པོར་བང་སོར་གཤེགས། །རྟ་གུ་སྙན་གཟིགས་དོན་མཁར་མདའ་རུ་རྩིག །གྲལ་ནི་ཁྲི་གཉའི་གོང་ངོས་གཡོན་ན་ཡོད། །དེ་ཡང་ཕུལ་མེད་ས་ཕུགས་བརྡལ་བ་འདྲ། །དེ་ནས་ཕུལ་སྐྱེད་རྩིགས་པ་སོགས་ཁར་ཡོད། །དེའི་མིང་ནི་གུང་རི་སོག་ཁ་ཡིན། །རྣམ་རི་སྲོང་བཙན་དོན་མཁར་མདའ་རུ་རྩིགས། །གྲལ་ནི་ཁྲི་གཉའ་གཟུང་བཙན་གཡོན་ན་ཡོད། །སྲོང་བཙན་སྒམ་པོའི་འཕྱོང་པོའི་མདའ་རུ་རྩིག །ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་། །ཟུར་བཞི་ན་ནི་ལྷ་ཁང་བཞི་ཡང་ཡོད། །མིང་ནི་རྨུག་རི་རྨུག་པོ་བྱ་བ་ལགས། །བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང་། །གུང་སྲོང་གུང་བཙན་དོན་མཁར་མདའ་ན་ཡོད། །གྲལ་ནི་རྣམ་རི་སྲོང་བཙན་གཡོན་ན་ཡོད། །མིང་ནི་གུང་རི་གུང་ཆེ་ལགས་སོ་སྐད། །

212b

མང་སྲོང་གྲལ་ནི་སྲོང་བཙན་གཡོན་ན་ཡོད། །དེའི་མིང་ནི་སྔོ་བཞེར་རལ་པོ་ལགས། །འདུས་སྲོང་འཕྲུལ་རྒྱལ་མང་སྲོང་གཡོན་ན་བཞུགས། །དེའི་མིང་ནི་སེང་གེ་རྩེགས་པ་ཅན། །ཨག་རྩོམ་བང་སོ་མུ་ར་རི་ལ་རྩིགས། །གྲལ་ནི་འཁྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། །མིང་ནི་ལྷ་རི་གཙུག་ནམ་ལགས་སོ་སྐད། །ཁྲི་སྲོང་ལྡེབས་བཙན་མུ་ར་རི་ལ་རྩིགས། །གྲལ་ནི་ཡབ་ཀྱིས་སྟག་ན་འོད་ས་སྲུངས་། །མ་གྲོང་གོང་དུ་ཉིད་ཀྱིས་རྩིག་པའོ། །མིང་ནི་འཁྲུལ་རི་གཙུག་ནམ་བྱ་བ་ལགས། །ཁྲི་ལྡེ་སྲོངས་བཙན་འཕྲུལ་རྒྱལ་མདུན་ན་ཡོད། །ཡུམ་གྱིས་ཆབ་གང་དགོངས་པས་ནང་གི་མཐོ། །མིང་ནི་འཕྲུལ་ཆེན་འཕྲུལ་བཞེར་ལགས། །དར་མའི་གྲལ་ནི་འཕྲུལ་དང་རྒྱལ་ཆེན་བར། །དེའི་མིང་ནི་བང་རིམས་འཁོར་ལོ་ཅན། །འོད་སྲུང་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་བཞུགས། །མིང་ནི་སྐྱེས་བུ་ལྷ་སྟེན་བྱ་བ་ལ། །མུ་ནེ་བཙན་པོ་ཨག་ཚོམས་གཡས་ངོས་མདུན། །མིང་ནི་ལྷ་རི་ལྡིང་བུ་བྱ་བ་ལ། །རལ་པ་ཅན་ནི་དོན་མདའི་གཡོན་ན་བཞུགས། །མིང་ནི་ཁྲི་སྟག་སྨང་རི་ལགས་སོ་སྐད། །སྲིད་ཀྱིས་མ་ཟིན་ཇོ་མོའི་བང་སོ་ནི། །ཨོང་ཅོང་བང་སོ་དོན་མདའི་གཡོན་ན་ཡོད། །དེའི་རྩ་ན་མོང་བཟའ་ཁྲི་མོ་འབྲོང་སྙོད་ཡོད། །དེའི་རྩ་ན་རུ་ཡོང་བཙན་མོ་མཚོ་ཡང་ཡོད། །དེའི་

213a

༄༅།       །རྩ་ན་མནོ་གཟའ་མར་དཀར་ཡོད། །ཚེ་སྤོང་འབྲི་མ་ཐོད་ཀར་ཡབ་ཀྱིས་གཡས་ན་ཡོད། །མིང་ནི་བང་སོ་གཡུལ་མོའི་ཐང་ཞེས་བྱ། །འདོས་གཟའ་སྟོང་བཙུན་འབྲོ་དཀར་ཡབ་ཀྱིས་གཡོན། །ཚེ་སྤོང་དམར་རྒྱལ་དོན་མཁར་ཤུ་པོ་སྣ། །སྣ་ནམ་དབྱིབས་སྟང་ཡབ་སྲས་གཡོན་ཟུར་ན། །འབྲོ་གཟའ་སྟོང་དཀར་ཕྱི་མོ་ལོད་ནི་སྲས་ཀྱིས་གཡོན་ཟུར་ཕ་ཙད་ན། ཕྱི་མ་བཅུ་གཅིག་ལྡེའི་སྲས་སོ་སྐད། སྲིད་མ་ཟིན་པའི་ཇོ་མོ་བརྒྱད་ལ། ལྗང་མོ་ཁྲི་བཙུན་སྙེན་སྟེངས་སྙེན་མ་ལོད། འབྲོ་གཟའ་མ་ཁང་གསིང་མ་ལོད། ཚེ་སྤོང་གཟའ་ཁྲི་མ་གུང་རྒྱལ། འབྲོ་བཙུན་ཁྲི་མོ་ལེགས། མཁར་ཆེན་གཟའ་མཚོ་རྒྱལ། ཞང་ཞུང་གཟའ་སྔོ་བཞེར་ལིག་ཏིག་སྨན། འཆིམས་གཟའ་དང་བརྒྱད་བང་སོར་རྩིག་སོ། །དུར་དུ་མ་ཚུད་པ་ནི་བལ་མོ་གཟའ་ཁྲི་བཙུན་དང་། གི་ཤང་ཨོང་ཅོང་ཐུགས་རྗེ་ཆེན་པོ་ལ་ཐིམ། ཚེ་སྤོང་གཟའ་མདོར་རྒྱལ་མདོ་སྟོང་ཁམས་ཀྱི་མདོ་ཤོད་དུ་ལུས། ཐག་དེ་གཟའ་བུ་ཆུང་སྨན་བག་མའི་ཤུལ་དུ་གྲོངས་ནས། ཟར་པོར་སྦས་པས་གྲའི་སེ་སྨན་ནོ། །ཕོ་ཡོང་གཟའ་རྒྱལ་མོ་བཙུན་དབུ་ཚལ་དུ་བཞག །འཆིམས་གཟའ་མུ་ནེ་ལོད་འཕང་ཐང་དུ་འགགས་གྲིར་དྲོངས་ནས་དེར་བཞག །དེ་དྲུག་རྗེས་སུ་ལུས་སོ། །བང་སོའི་ཀྱིན་བར་མཆོད་རྟེན་རྩིག་པ་ལ། འབྲོ་

213b

གཟའ་ཁྲི་རྒྱལ་མང་པོ་རྗེ་ཐར་པ་ལ་གཤེགས་པའི་མཚན། ཇོ་མོ་བྱང་ཆུབ་རྗེ། གཡི་ཕུར་མཆོད་རྟེན་རྩིགས། ཅོག་རོ་གཟའ་དཔལ་གྱི་ངང་བཙུན་མ། འཆིམས་གཟའ་རིན་ཆེན་རྒྱལ་མ་གཙུག །ཚེ་སྤོང་གཟའ་ལྷུན་གྱིས་ལྷ་མོ། ལྷ་ལུང་གཟའ་དཔལ་རབ་འབྱིན་རྗེ། རྣམས་དང་མཆོད་རྟེན་རྩིག །དེ་ལས་བང་སོ་གཞན་མ་བཞི་སྟེང་སྲས་སོ། །ཐང་འཚམས་ཀྱི་བང་སོ་ལ། འབྲོ་སྙན་ལྡེ་རུའི་ཐང་འཚམས་འབྲོ་ཚ་རྨུ་བཙུན་དང་། མོན་བུ་རྒྱལ་མཚན་གཉིས། སྟག་གུའི་ཀོག་ན་ས་ཕུང་གཉིས་ཡོད་དོ། །སྣམ་རི་སྲོང་བཙན་གྱི་ཐང་འཚམས། བློན་པོ་ལེགས་ནམ་སྟག་གུའི་གཡོན་ན་ཡོད་དོ། །ལྗང་ཚ་ལྷ་འོན་ཡབ་ཀྱི་གཡོན་ན་ཡོད་དེ། །བང་སོ་ཟླུམ་པོའོ། །མུ་རིག་བཙན་པོའི་བང་སོ་དོན་མཁར་མདའ་ན་ཡོད། བང་སོའི་མིང་སྐྱ་ལྡེམ་མོ། །སད་ནེ་ལེགས་མང་སོ་བཞི་སྟེངས་ཀྱིས་མཆན་ནའོ། །ཨི་ཤོ་ལེགས་ཀྱི་ཐང་འཚམས་ཀྱིས་དུར་རྣམ་ལ་སྟབ་ཟེར་རོ། །གཙང་མ་ནི་ལྷོ་བྲག་དུ་ལུས་སོ། །གདུང་རྒྱུད་ཟིན་པའི་བང་སོ་བཅྭོ་བརྒྱད་ཡོད། ཁུ་ཆེན་གྱི་བང་སོ་གཉིས་ཡོད། ཇོ་མོ་མ་སྲིད་ཟིན་གྱིས་བང་སོ་དགུ་ཡོད། སྲིད་མ་ཟིན་པའི་བང་སོ་དགུ་ཡོད། དེ་རྣམས་བར་གྱི་མངའ་དར་ཡིན་ཏེ། རྗེ་གཉའ་ཁྲི་མན་ཆད་ནས་དཔལ་འཁོར་ཡན་ཆད་གདུང་རབས་བཞི་བཅུ་ལ་བར་གྱིས་མངའ་དར་ཟེར་རོ། །སྙ་ཁྲི་བཙན་ཡན་ནི་སྟོད་ཀྱི་ལྷ་རབས་སོ། །