(༢. ཚོགས་བསགས་ཚུལ།)
གཉིས་པ་ཚོགས་བསགས་ཚུལ་ལ། བསྐལ་པ་གྲངས་མེད་སུམ་ཅུ་སོ་གསུམ་དང་། བཅུ་དང་བདུན་དང་། མང་པོར་བཤད་པ་ཡོད་ཀྱང་། གྲངས་མེད་གསུམ་དུ་བཤད་པ་མང་ཞིང་གྲགས་ཆེ་བས་དེའི་ལུགས་བྱང་ཆུབ་སེམས་དཔའི་སྡེ་སྣོད་བཞིན་དུ་བཤད་ན། དང་པོ་རྒྱལ་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་མཚན་དུ་རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་འཇིག་རྟེན་ཏུ་བྱོན་པ་ལ་བསྙེན་བཀུར་བྱ་ཞིང་། དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ནས་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་ཐོབ་པར་འགྱུར་རོ། །དེ་ནས་གྲོང་ཁྱེར་འཛམ་བུ་ཆུ་བོའི་གསེར་དུ་རྒྱལ་པོ་མཛེས་པར་སྣང་བའི་སྣང་ཆེན་པ། ཚོང་དཔོན་ཤེས་རབ་བཟང་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་འཇིན་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་རྗེས་སུ་བསྟན་པ་མནོས་པ་ནས་བཟུང་སྟེ། གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བདུན་ནོན་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པས་བྲམ་ཟེ་རིན་པོ་ཆེ་ལ་རིག་བྱེད་བསླབས་ནས་བསྙེན་བཀུར་བྱ་བའི་རྒྱུ་བཙལ་བའི་ཕྱིར་ཡུལ་དབུས་ཀྱི་གྲོང་ཁྱེར་དག་ཏུ་ལྗོངས་རྒྱུར་སོང་སྟེ་མཐར་གྱིས་རྒྱལ་པོ་དགྲ་ཐུལ་གྱི་ཕོ་བྲང་པད་མ་ཅན་ཞེས་བྱ་བའི་ཚོང་འདུས་སུ་ཕྱིན་ཏོ། །དེའི་ཚེ་བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་པ་མར་མེ་མཛད་འཇིག་རྟེན་དུ་བྱོན་ཏེ། ནམ་མཁའ་ལ་ལྷ་རྣམས་མེ་ཏོག་དང་རོལ་མོའི་སིལ་སྙན་གླུ་དབྱངས་དང་བཅས་ཏེ་བཞུགས་པ་མཐོང་ནས་
ཁྱེད་ཅི་ཞིག་བྱེད་དྲིས་པས་ཁྱེད་ཀྱིས་མི་ཤེས་སམ། འདི་ན་སངས་རྒྱས་མར་མེ་མཛད་བཞུགས་སོ་ཞེས་ཟེར་རོ། །དེ་སྐྱེ་བུང་ཞེས་བྱེད་ཅིང་ཀྱེ་མ་སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའ་བས་བདག་གིས་སློབ་དཔོན་གྱི་ཡོན་ཕྱིས་བསབ་པར་བྱ་སྟེ། གར་ཥ་པ་ནི་ལྔ་བརྒྱ་པ་འདི་སངས་རྒྱས་ལ་མཆོད་པར་བྱའོ་སྙམ་དུ་དགོངས་ནས་བྲམ་ཟེའི་བུ་མོ་བཟང་ལེན་ལྡན་ལ་རྔན་པར་སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་ཏུ་ཁས་བླངས་ཤིང་ཨུཏྤ་ལ་ལྔ་ཉོས་ནས་སངས་རྒྱས་ལ་གཏོར་ཏེ་ཀྲིསྣ་ས་རིའི་ལྤགས་པ་བཏིང་ནས་མར་མེ་མཛད་དེ་བཞིན་གཤེགས་པ་ཀུན་ནས་སྤྱན་བདག་གིས་ལྷག་པའི་བསམ་པ་ཐུགས་སུ་ཆུད་པར་མཛོད་ལ་རི་དགས་ཀྱི་ལྤགས་པ་འདི་ལ་ཞབས་བཞག་པར་མཛོད་ཅིག་ཅེས་པ་དང་། དེས་བྱོན་པས་མཉེས་པར་བྱས་ཏེ་རལ་པ་གསེར་གྱི་མདོག་ཅན་སྟན་དུ་བཏིང་ནས་མར་མེ་མཛད་ཀུན་ནས་སྤྱན་འདི་ལ་ཞབས་མི་འཇོག་ཅིང་ལུང་མི་སྟོན་ན་འདི་ཉིད་དུ་ལུས་སྐམ་པར་བྱའོ་ཞེས་ཡིད་དམ་བརྟན་པོར་བཅས་པ་དང་། སྟོན་པས་ཞབས་བཞག་སྟེ། དགེ་སློང་དག་ཁྱེད་ཀྱི་ཁྱེའུ་འདིའི་སྐྲ་ལ་རྡོག་པ་མ་འཇོག་ཅིག །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་གནས་ཡིན་ཏེ་མ་འོངས་པའི་དུས་སུ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དང་། དགའ་ཆེས་ཏེ་ཤིང་རྟ་ལ་བདུན་སྲིད་དུ་འཕགས་ནས་ཏིང་ངེ་འཛིན་བརྒྱ་སྟོང་ཡང་མངོན་དུ་བྱས་ནས་ས་བརྒྱད་པ་ཐོབ་སྟེ། ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུད་པ་ལ་ལྔས། །གཏོར་ཏེ་རལ་པ་སྟན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་སོ། །
༄༅། །དེ་ནས་བཟུངས་ཏེ་བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས། བསྐལ་པ་འདིའི་ཚེ་ལོ་ཉི་ཁྲི་པ་ལ་གྲོང་ཁྱེར་ཉེར་ལྡན་དུ་སངས་རྒྱས་འོད་སྲུངས་བྱོན་པའི་ཚེ། བྲམ་ཟེའི་ཁྱེའུ་བླ་མར་གྱུར་པའི་བར་དུ་ཚོགས་བསགས་ཏེ་ས་བཅུ་བརྙེས་སོ། །