བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. སངས་རྒྱས་ཚུལ།
Previous Chapter
Next Chapter

(༣. སངས་རྒྱས་ཚུལ།)

གསུམ་པ་སངས་རྒྱས་ཚུལ་ནི། ཡབ་སྲས་མཇལ་བར་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བ་སངས་རྒྱས་པར་གསུངས་ལ། རྣམ་བཤད་རིགས་པར་བྲམ་ཟེའི་ཁྱེའུ་བླ་མར་གྱུར་པ་ནས་བཟུངས་ཏེ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་འདོད་དོ། །ལང་དཀར་གཤེགས་པ་དང་རྒྱུད་བླ་མ་ལ་སོགས་པ་ནས་འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདོད་པ་ཁམས་སུ་མཛད་པ་བཅུ་གཉིས་སྟོན་པར་གསུངས་པས་མཛད་པ་བཅུ་གཉིས་པ་ཐམས་ཅད་སངས་རྒྱས་ཀྱི་མཛད་པ་ཡིན་བར་འདོད་དོ། །འདིར་ཐེག་པ་ཐུན་མོང་བའི་རྣམ་གཞག་དང་བསྟུན་ནས་བྱང་ཆུབ་བརྙེས་ཚུལ་ནི། བྲམ་ཟེའི་ཁྱེའུ་བླ་མ་ནས་འཕོས་ཏེ་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་འཁྲུངས་ནས་ལྷ་རྣམས་ལ་ཆོས་སྟོན་པ་ནི་དགའ་ལྡན་ན་གནས་པའི་མཛད་པ་ཞེས་བྱའོ། །དེ་ནས་རོལ་མོའི་སྒྲས་བསྐུལ་ནས་རིན་པོ་ཆེའི་ཅོད་པན་མ་ཕམ་པའི་དབུ་ལ་བཅིངས་ལྷ་རྣམས་ལ་ཆོས་སྟོན་པར་བསྐོས་ནས་གླང་ཆེན་ཐལ་ཁའི་གཟུགས་ཀྱིས་གཤེགས་ཏེ། ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས་ནས། ཡུམ་གྱི་ལྷུམས་རྒྱལ་སྲས་ཀྱིས་ཉེ་བར་སྤྱད་པ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བར་བྱིན་གྱིས་བརླབས་ནས་ཟླ་བ་བཅུར་ཟག་མེད་ཀྱི་བདེ་བ་ལོངས་སྤྱད། ལྷ་དང་མིའི་སྐྱེ་དགུ་ཁྲག་ཁྲིག་ཕྲག་སུམ་ཅུ་སྨིན་པར་བྱས་སོ། །དེ་ནས་ལུམ་བིའི་ཚལ་དུ་ཡུམ་གྱི་

6b

གློ་གཡས་ནས་ན་བཟའ་དང་བཅས་ཏེ་བཙས། བཙས་མ་ཐག་ཏུ་ཕྱོགས་རྣམས་སུ་གོམ་པ་བདུན་བོར་ཞིང་དམ་བཅའ་བ་མཛད། མཚན་མཁན་ལ་བསྟན་པས་འཁོར་ལོ་བསྒྱུར་བའམ་སངས་རྒྱས་སུ་འགྱུར་པར་ལུང་བསྟན། མ་མ་སུམ་ཅུ་སོ་གཉིས་ལ་གཏད་དེ་བསྐྱེད་བསྲིངས། ཆེར་སོང་བ་དང་ཀུན་གྱི་བཤེས་གཉེན་ལ་ཡི་གེ་སློབ་པ་ལ་སོགས་པ་ནས་བཟུང་སྟེ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པར་བྱས་སོ། །དེ་ནས་ནགས་སྒྱུར་སོང་བའི་ཚེ་ཤིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་བཞི་མངོན་དུ་མཛད། ཤིང་གཞན་གྱི་གྲིབ་མ་འཕོས་ཀྱང་། དེའི་མ་འཕོས་པས་ཡབ་དད་དེ་ཕྱག་བཙལ་ལོ། །དེ་ནས་ཉེ་དུ་རྣམས་ཀྱི་ཁབ་བཞེས་པར་གསོལ་བས། འདོད་ཡོན་གྱི་ཉེས་པ་མཐའ་ཡས་པ་གཟིགས་ཀྱང་སྔོན་གྱི་སངས་རྒྱས་རྣམས་བཙུན་མོའི་ཚོགས་སྤངས་ནས་རབ་ཏུ་བྱུང་པས། དེའི་རྣམ་ཐར་ལ་བསླབ་པའི་ཕྱིར་བུད་མེད་ཀྱི་ཡོན་ཏན་ཡི་གེར་བྲིས་ནས་བསྐུར། ས་མཚོ་མ་ལ་ཡོན་ཏན་དེ་དག་ལྡན་པར་ཤེས་ནས། དེ་ཕྱིར་ཤཱཀྱ་གཞོན་ནུ་རྣམས་དང་སྒྱུ་རྩལ་འགྲན་པས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་རྒྱལ་ཏེ། ས་མཚོ་མ་ཁབ་ཏུ་བཞེས་བུད་མེད་བརྒྱད་ཁྲི་བཞི་སྟོང་གི་མཆོག་ཏུ་དབང་བསྐུར་ཏེ། དེ་དག་དང་རྩེ་དགའ་ལ་ལོངས་སྤྱད་དོ། །དེ་ནས་སངས་རྒྱས་རྣམས་ཀྱིས་སིལ་སྙན་གྱི་སྒྲ་ལས་ཚིགས་སུ་བཅད་པ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །

7a

༄༅།       །འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས། །འདི་ནི་ཁྱོད་ཀྱི་དུས་དང་ཚོད་ཡིན་གྱིས། །དྲང་སྲོང་མཆོག་རབ་ཁྱིམ་ནས་འབྱུང་བར་བྱོས། །ཞེས་བསྐུལ་ཞིང་ཁབ་ཀྱི་ཕྱོགས་བཞིར་རྒ་བ་དང་། ན་བ་དང་། ཤི་བ་དང་། དགེ་སློང་གཟིགས་ཏེ། ཡབ་ལ་རབ་ཏུ་འབྱུང་བར་ཞུས་ཤིང་། ཤཱཀྱ་རྣམས་ཀྱིས་དམག་གིས་བསྲུངས་ཀྱང་མ་ཐུབ་པར་མཚན་ཕྱེད་ནས་རྟ་སྔགས་ལྡན་ལ་ཆིབས་ཏེ་ཚངས་པ་དང་བརྒྱ་བྱིན་གྱིས་ལམ་བསྟན། རྒྱལ་ཆེན་རིགས་བཞིས་ཆིབས་བཏེག་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་ནས་རབ་ཏུ་བྱུང་ངོ་། །དེ་ནས་རིང་འཕུར་དང་ལྷག་སྤྱོད་ལ་ཅི་ཡང་མེད་པ་དང་སྲིད་རྩེའི་སེམས་དག་མངོན་དུ་མཛད་ནས་ཆུ་བོ་ནེ་རན་ཛ་ནའི་འགྲམ་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་བཞག་སྟེ། ཏིལ་འབྲུ་གཅིག་རྒྱ་ཤུགས་འབྲུ་གཅིག་འབྲས་འབྲུ་གཅིག་གིས་ལོ་དྲུག་ཏུ་དཀའ་བ་སྤྱད་དེ་དབུགས་འགྱུ་བ་བཅད་ནས་བཞུགས་སོ། །དེ་ནས་ལེགས་སྐྱེས་མ་ལས་འོ་ཐུག་བཞེས་ཏེ་གསོལ་ནས་བདུད་གཞོམ་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། རྩ་འཚོང་བཀྲ་ཤིས་ལ་རྩ་བླངས་ཏེ་ཁྱེར་ནས་བྱང་ཆུབ་ཤིང་ལ་ལན་གསུམ་བསྐོར་ནས་རྩའི་རྩེ་མོ་ནང་དུ་བསྟན་རྩ་བ་ཕྱིར་བསྟན་པའི་སྟེང་དུ་ཞལ་ཤར་དུ་ཕྱོགས་པས་བཞུགས་ནས་བྱང་ཆུབ་མ་ཐོབ་བར་དུ་དཀྱིལ་ཀྲུང་མི་བཤིག་པའི་དམ་བཅའ་མཛད་དོ། །དེ་ནས་འོད་བཀྱེ་སྟེ་བྱང་སེམས་མང་པོ་འཁོར་དུ་བསྡུས། བདུད་སྡིག་ཅན་གྱིས་བདུད་ཀྱི་དཔུང་མི་འཁྲུགས་ཕྲག་གཅིག་བསྡུས་ཏེ། ཆོ་འཕྲུལ་སྣ་ཚོགས་བསྟན་མཚོན་ཆ་སྣ་ཚོགས་འཕངས་

7b

པ་མེ་ཏོག་གི་ཆར་དུ་གྱུར། རྒྱུ་བསོད་ནམས་ལ་སྐུར་པ་བཏབ་པ་དང་སའི་ལྷ་མོ་ལ་དཔང་གསོལ་ཏེ་སའི་ལྷ་མོས་དཔང་པོ་བྱས་པས་བདུད་ཐམས་ཅད་བྱེ་བར་གྱུར། བདུད་ཀྱི་བུ་མོ་ཡི་གཡོ་སྒྱུ་བསྟན་པས་བསླུར་མ་ཚུགས་ཤིང་བདུད་ཀྱི་དཔུང་རྣམས་འཐོར་ནས་ཞག་བདུན་དུ་འཕྲད་པར་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་བསམ་གཏན་བཞི་དང་རིག་པ་གསུམ་བསྐྱེད་ནས་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་དཀར་རྔ་བསྡུངས་པའི་ཚོད་ཙམ་ན་རྟེན་འབྲེལ་བཅུ་གཉིས་དང་བདེན་བཞི་ཤེས་ནས་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་སངས་རྒྱས་སོ། །དེ་ནས་ཤིང་རྟ་ལ་བདུན་ཙམ་དུ་འཕགས་ཏེ་ལམ་གྱི་རྒྱུད་ནི་ཆད་དོ་ཞེས་པ་ལ་སོགས་པ་ཆེད་དུ་བརྗོད་པ་བརྗོད་དོ། །ལྷ་རྣམས་ཀྱིས་ཀྱང་མེ་ཏོག་པུས་ནུབ་ཙམ་གཏོར་ཏེ་མཆོད། འཇིག་རྟེན་སྣང་བར་བྱས། ས་གཡོས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཆོས་ཀྱི་དགབ་པ་བསྐུར། ཕྱག་བསྐྱང་སྟེ། བདག་ཅག་ཇི་ལྟར་བྱང་ཆུབ་ཐོབ་ལྟར་ཁྱོད་སངས་རྒྱས། །དཔེར་ན་མར་དང་མར་གྱི་ཉིང་གུ་མཚུངས་འདྲ་ཞིང་། །ཞེས་གསུངས་ཤིང་སྟོན་པས་ཆེད་དུ་བརྗོད་པ་མཛད་དོ། །