(༢. བསྡུས་ཚུལ།)
གཉིས་པ་བསྡུས་ཚུལ་ནི། ཡེ་ཤེས་ཀྱི་ཐིག་ལེའི་རྒྱུད་ལས་མ་འོངས་པའི་དུས་སུ་ཡང་དག་པར་གསང་བའི་རྒྱུད་འདི་སྐལ་བ་དང་ལྡན་པའི་སེམས་ཅན་ལ་སུས་འཆད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཕྱག་ན་རྡོ་རྗེ་མགོན་པོས་བཤད་པ་བྱེད་དོ་ཞེས་པ་དང་། གསང་བ་སྒྲོན་མའི་རྒྱུད་ལས། གསང་བ་ཆེན་མོའི་རྒྱུད་འདི་ནི། ཤེས་པ་དང་ནི་བཤད་པ་སུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཕྱོགས་སུ་དཔལ་རྡོ་རྗེ་ཆེན་པོའི་གནས། ཨུ་རྒྱུན་དུ་རྒྱལ་པོ་ཨིནྡྲ་བུད་དྷི་ཞེས་བྱ་བས་ཤེས་པ་དང་བཤད་པ་དང་། སེམས་ཅན་ལ་གསལ་བར་བྱེད་དོ། །ལྷ་མོས་གསོལ་པ་ཀྱེ་བཅོམ་ལྡན་འདས་རྒྱལ་པོ་ཨིནྡྲ་
བུད་དྷི་དེ་ས་དུའི་དབང་ཕྱུག་ལགས་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས་གང་ཞིག་ངས་བསྟན་པའི་ཕྱག་ན་རྡོ་རྗེའི་རྒྱལ་པོ་དེ་ཉིད་ཨིནྡྲ་བུད་དྷིའི་སྤྲུལ་པའི་སྐུས་ས་བཅུའི་དབང་ཕྱུག་ཡེ་ཤེས་ཀྱི་སྐུ་ས་བཅུ་བཞིའི་དབང་ཕྱུག་གོ་ཞེས་བཤད་པས། རྒྱུད་སྡེ་གཞན་གྱི་ལུགས་ཀྱིས་གནས་ཨུ་རྒྱན་དུ་སྡུད་པ་པོ་ཕྱག་ན་རྡོ་རྗེས། དུས་བཅོམ་ལྡན་འདས་བཞུགས་པའི་དུས་ཉིད་དུ་སྔགས་ཀྱི་རྒྱུད་སྡེ་མཐའ་དག་བསྡུས་ནས་རྒྱལ་པོ་ཨིནྡྲ་བྷུ་ཏི་འཁོར་དང་བཅས་པ་ལ་བྱིན་ཏེ། དེ་དག་གིས་ཀྱང་དངོས་གྲུབ་ཐོབ་པར་གྱུར་པས་རང་བཞིན་གྱིས་གྲུབ་པའི་དཔའ་བོ་དང་། རྣལ་འབྱོར་མ་ཞེས་བྱའོ། །དེ་ནས་ཨུ་རྒྱུན་གྱི་ཡུལ་དེ་སྟོངས་ཏེ། མཚོ་ཆེན་པོ་ཀླུས་གང་བ་གཅིག་ཏུ་གྱུར་ཏེ། དེ་ནས་ཡང་ཕྱག་ན་རྡོ་རྗེས་རྒྱུད་མཐའ་དག་གླེགས་བམ་དུ་བྲིས་ཏེ་མཚོའི་ཀླུ་དེ་རྣམས་སྨིན་པར་མཛད་ནས་དེ་རྣམས་ལ་གཏད་དོ། །དེ་ནས་ཀླུ་དེ་རྣམས་རིམས་ཀྱིས་མིའི་གཟུགས་སུ་སྒྱུར་ཏེ་མཚོའི་འགྲམ་དུ་གྲོང་ཁྱེར་བྱས་ནས་རྡོ་རྗེ་ཐེག་པ་ཉམས་སུ་བླངས་པས་ཕལ་ཆེར་གྲུབ་པ་བརྙེས་པར་གྱུར་ཏེ་སྐྱེས་པ་རྣམས་ནི་དཔའ་བོ་དང་བུད་མེད་རྣམས་ནི་མཁའ་འགྲོ་མར་གྱུར་ཏོ། །གྲུབ་པ་མ་ཐོབ་པ་རྣམས་ནི་མིར་གྱུར་ཏེ། ཡུལ་དེ་ལ་མཁའ་འགྲོ་མའི་གནས་སུ་གྲགས་ལ། དེའི་རྒྱལ་པོ་རྣམས་ཀྱང་ཆོས་དང་ལྡན་པ་ཤ་སྟག་སྟེ། དེ་ནས་རིམས་ཀྱིས་ཡུལ་དབུས་ལ་སོགས་པར་སྔགས་འཕེལ་ལོ་ཞེས་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས་འབྱུང་ངོ་ཞེས་གྲག་གོ། །རྣལ་འབྱོར་མ་རྒྱུད་བདེ་མཆོག་ལགས་པར་སྡུད་པར་བྱེད་པ་རྡོ་རྗེ་ཕག་མོས་བསྡུས་པར་
༄༅། །བཤད་དོ། །དུས་འཁོར་བའི་ལུགས་ཀྱིས་སྡུད་པ་པོ་ཕྱག་རྡོར་གྱི་སྤྲུལ་པ་ཟླ་བཟང་གིས་དུས་འཁོར་རྩ་རྒྱུད་ལགས་པའི་རྒྱུད་སྡེ་རྣམས་ལེགས་པར་བསྡུས་ཤིང་། རྩ་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད་ནས། ཤམ་བྷ་ལར་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་ཏེ། ལྷའི་དབང་ཕྱུག་སྟོན་པ་པོ་བསྐོས་ནས་མྱ་ངན་ལས་འདས་པར་གསུངས་སོ། །དེ་དག་ཀྱང་གདུལ་བྱ་ལ་སྟོན་པ་པོ་དང་སྡུད་པ་པོ་ཐ་དད་དུ་སྣང་བ་དང་ཚུལ་བསྟུན་ནས་གསུངས་པ་ཡིན་གྱི། ངེས་པའི་དོན་དུ་སྟོན་པ་པོ་ཉིད་ཀྱིས་འདི་སྐད་བདག་གིས་ཐོས་ཞེས་སོགས་ཀྱིས་གསུངས་ཤིང་བསྡུས་པ་ལ། དབང་པོ་རྣོན་པོ་རྣམས་ཀྱིས་རྒྱུད་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་བསྟན་པར་གོ་ལ། དབང་པོ་དམན་པ་རྣམས་ཀྱིས་སྡུད་པ་པོའི་གླེང་གཞི་གསུངས་པར་གོ་བ་ཡིན་གྱི་སྡུད་པ་པོ་གཞན་ཡོད་པ་མ་ཡིན་ཏེ། གསང་བ་གྲུབ་པ་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ་ཞེས་གསུངས་སོ། །