བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
དང་པོ། རྒྱུད་སྡེའི་དབྱེ་བའི་རྣམ་གྲངས་སྤྱིར་བསྟན་པ།
Previous Chapter
Next Chapter

(དང་པོ། རྒྱུད་སྡེའི་དབྱེ་བའི་རྣམ་གྲངས་སྤྱིར་བསྟན་པ།)

དང་པོ་ནི་སློབ་དཔོན་སངས་རྒྱས་གསང་བས། རྣལ་འབྱོར་སྤྱོད་དང་བྱ་དབྱེ་བས། །རྒྱུད་སྡེ་རྣམ་པ་གསུམ་དུ་འདོད། །ཅེས་གསུངས་པས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད་དང་གསུམ་དུ་བཞེད་དོ། །ཞེས་ཟེར་ཏེ་བདེན་མི་བདེན་བརྟག་གོ། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྟོག་པའི་དང་། བྱ་བ་དང་གཉི་ག་དང་། སྤྱོད་པ་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དང་ལྔར་བཤད་དེ། བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོ་བསྒྱུར་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་བཙུན་མོའི་བྷ་ག་ལ་ཡང་དག་པར་ཞུགས་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་(བྱང་སེམས་འཕོ་བ་མེད་པར་འཛིན་)འགལ་བ་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་གི་མཐའ་དྲུག་གང་གིས་རབ་ཏུ་སྤྱད་དེ་སྒྲུབ་པར་བྱེད་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་ཞུགས་སོ། །རིག་པའི་ལྷ་མོ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ་དང་། དེ་ལས་བྱེད་པ་དང་ལས་དང་སྒྲུབ་པ་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་སྤྱད་དེ་སྒྲུབ་པར་བྱེད་པ་ནི་གཉིས་ཀའི་རྒྱུད་ལ་

24a

༄༅།       །བཞུགས་སོ། །ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་སྤྱད་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ། །འཇིགས་པར་དམིགས་ཤིང་། ཤིན་ཏུ་གཙང་སྦྲ་བྱེད་པ་དང་། ཡེ་ཤེས་སེམས་དཔའ་བདེ་བ་དམ་པ་མེད་པ་དང་། བདག་ཉིད་ལྷའི་སྙེམས་པ་མེད་པ་དང་། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང་། སྐྱོན་གྱི་རྒྱུའི་རྟོག་པས་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་ཞུགས་སོ། །སྔགས་དང་། སྨན་དང་། སྦྱིན་སྲེག་དང་། ཕྱེ་མ་དང་། མིག་སྨན་དང་། རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་སྤྱོད་པ་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་ལ་ཞུགས་སོ། །ཞེས་གསུངས་སོ། །ཡང་བརྟག་གཉིས་ལས། རྒོད་དང་ལྟ་བ་དག་གིས་ཀྱང་། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ནི་མ་བསྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །ཞེས་རྒྱུད་སྡེ་བཞིར་མ་གསུངས་པ་ཅིག་ཞུས་པས་ཤུགས་ལ་རྒྱུད་སྡེ་ལྔ་པར་གསུངས་པར་འདོད་དེ། བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་མ། རྣལ་འབྱོར་བླ་མེད་དང་ལྔར་བིར་བ་པ་ལ་སོགས་པ་བཞེད་ཅེས་གྲག་གོ། །སློབ་དཔོན་བྷ་བྱ་ཀཱིར་ཏིས་མཛད་པའི་རབ་ཏུ་སྒྲོན་གསལ་ལས་ཀྱང་། རྡོ་རྗེ་འཆང་ཆེན་པོས་བསམ་པ་དང་བག་ལ་ཉལ་དང་ཁམས་དང་བག་ཆགས་ཀྱི་དབྱེ་བ་ལས་སྔགས་ཀྱི་བསྟན་བཅོས་རྣམ་པ་ལྔ་རུ་གསུངས་ཏེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་གྱི་བླ་མ་དང་། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སོ་ཞེས་གསུངས་སོ། །ཡེ་ཤེས་ལེའུ་ཡི་ཚིགས་བཅད་ཞེ་བཞི་པའི་འགྲེལ་པར་ཐུན་དང་པོའི་སྔོན་མཚམས་ལ་རྒོད་པའི་རྒྱུད་དོ། །

24b

ཞེས་པ་ལ་སོགས་པས་རྒྱུད་སྡེ་ལྔར་བཤད་དོ། །ཡང་བདེ་མཆོག་རྒྱུད་ཉུང་ངུའི་རྒྱུད་ལས་ཇི་སྲིད་མདོ་བྱ་སྤྱོད་པ་ནི་རྣལ་འབྱོར་གསང་མཐའི་དབྱེ་བ་ལས། སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་ཡིན། །ཞེས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་ལ་བ་པས་མདོ་སྡེ་རྟོག་པའི་རྒྱུད་དང་། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་གསང་བ་སྟེ་གསང་འདུས་ལ་སོགས་པ་དང་། རྣལ་འབྱོར་གསང་མཐའ་སྟེ། མ་རྒྱུད་བདེ་མཆོག་ལ་སོགས་པ་དང་དྲུག་ཏུ་བཞེད་དོ། །ཞེས་གྲག་སྟེ་སློབ་དཔོན་དེས་མཛད་པའི་བདེ་མཆོག་གི་འགྲེལ་པ་ལ་སོགས་རྩ་རྒྱུད་ཀྱི་འགྲེལ་པ་གང་ནའང་དེའི་གསལ་ཁ་མི་སྣང་ནའང་། གུར་ནས་རྣལ་འབྱོར་མའི་རྒྱུད་ནི་དྲུག་པར་གྲགས་པ་ཡིན་ཞེས་མ་རྒྱུད་རྒྱུད་སྡེ་དྲུག་པར་གསུངས་སོ། །