བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༢༽. རྒྱུད་སྡེ་བཞིའི་ངེས་ཚིག
Previous Chapter
Next Chapter

(༢༽. རྒྱུད་སྡེ་བཞིའི་ངེས་ཚིག།)

གཉིས་པ་ནི། ཕྱི་ལུས་ངག་གི་བྱ་བ་གཙོ་བོ་སྟོན་པས་ན་བྱ་བའི་རྒྱུད་དེ། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས་བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོ་བོར་གྱུར་པ་ཡིན་མོད་ཀྱི་ནང་གི་སྤྱོད་པའང་མེད་པ་མ་ཡིན་ཏེ་ཞེས་དང་། རབ་ཏུ་སྒྲོན་གསལ་ལས་ཁྲུས་དང་གོས་དུས་གསུམ་དུ་བརྗེ་བ་དང་བསྙུང་བར་གནས་པ་ལ་སོགས་རྗོད་པར་བྱེད་པའི་རྒྱུད་ནི་བྱ་བའི་རྒྱུད་དེ་སྒྲོན་མ་འབྱུང་བ་ལ་སོགས་པའོ་ཞེས་སོ། །ལུས་ངག་གི་བྱ་བ་དང་ཏིང་ངེ་འཛིན་

27a

༄༅།       །ཆ་མཉམ་པར་སྤྱོད་པས་སམ་ཕྱིའི་གཙང་སྦྲ་ལ་སོགས་པ་ལ་སྨད་ནས་འཇིག་རྟེན་དང་འགལ་བར་སྤྱོད་པས་ན་སྤྱོད་པའི་རྒྱུད་དེ། རབ་ཏུ་སྒྲོན་གསལ་ལས། བརྟུལ་ཞུགས་དང་དངོས་གྲུབ་དང་རྫུ་འཕྲུལ་གཙོ་བོར་གྱུར་པ་ལ་སོགས་པ་སྤྱོད་པའི་རྒྱུད་དོ། ། ཞེས་སོ། །འདི་ཉིད་ལ་ལུས་ངག་གི་བྱ་བ་དང་ནང་ཏིང་ངེ་འཛིན་གཉིས་ཀ་སྟོན་པས་གཉིས་ཀའི་རྒྱུད་ཅེས་ཀྱང་ཟེར་རོ། །ནང་ཏིང་ངེ་འཛིན་གྱི་རྣལ་འབྱོར་གཙོ་བོར་སྟོན་པའི་ཕྱིར་རྣལ་འབྱོར་གྱི་རྒྱུད་དེ། དེ་ཉིད་སྣང་བ་ལས་རྒྱུད་འདི་ནི་སྒོམ་པ་གཙོ་བོར་གྱུར་པ་ཡིན་པས་ཞེས་གསུངས་པས་སོ། །གསང་བའི་ཡེ་ཤེས་བླ་ན་མེད་པ་སྟོན་པས་སམ། རྒྱུད་ཐམས་ཅད་ཀྱི་གོང་མར་གྱུར་པས་ན་རྣལ་འབྱོར་ཆེན་པོ་བླ་ན་མེད་པ་སྟེ། གསང་བ་འདུས་པ་ལས་སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །བྱང་ཆུབ་སེམས་ནི་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་པ་དང་། སམ་པུཊི་ལས། གསང་བའི་ཡེ་ཤེས་བླ་ན་མེད། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་དང་། ཚུལ་གསུམ་གྱི་སྒྲོན་མ་ལས། སྐྱེ་བ་གཞན་དུ་གོམས་པའི་སྟོབས་ཀྱིས་བྱ་བ་ཐམས་ཅད་དངོས་པོ་ཐམས་ཅད་ལ་གཉིས་ཀྱི་འདུ་ཤེས་འཇུག་པར་མི་བྱེད་པའི་བདག་ཉིད་ཆེན་པོ་དེ་རྣམས་ལ་བྱ་བའི་ངེས་པ་མ་གསུངས་ཏེ། ཐམས་ཅད་བྱེད་པ་དང་ཐམས་ཅད་སྤྱོད་པ་ལ་ཡང་དགག་པ་མེད་པ་རྒྱུད་ཐམས་ཅད་ཀྱི་གོང་མར་གྱུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་གསུངས་པས་སོ། །