(༣..གདུལ་བྱའི་ཁྱད་པར།)
གསུམ་པ་ནི་གདུལ་བྱ་སྐྱེས་པ་བུད་མེད་གདུལ་བའི་དོན་དུ་ཕ་རྒྱུད་དང་མ་རྒྱུད་དེ། གུར་ལས། སྐྱེས་བུ་འདུལ་བར་མཛད་དོན་དུ། །རྣལ་འབྱོར་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མའི་རྒྱུད་རབ་བཤད་ཅེས་སོ། །ཞུ་བ་པོ་ལྷ་ཕོ་ཡིས་ཞུས་པ་ཕ་རྒྱུད། མོ་ཡིས་ཞུས་པ་མ་རྒྱུད་དེ། དགོངས་པ་ལུང་སྟོན་ལས། དེ་ནས་ས་སྙིང་ལ་སོགས་པ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མགོན་པོ་རྣམ་སྣང་ཆེན་པོ་ལ། །དེ་དག་གིས་ནི་ཞུས་གྱུར་པ་ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་མ་འཁོར་ལོ་དབུས་སུ། །ཕག་མོ་བདག་ནི་འདྲི་བའོ། །ཞེས་པས་སོ། །དེ་རྣམས་ཀྱང་ཤས་ཆེ་བ་དང་ཕྱོགས་རེ་ཙམ་མཚོན་པ་ཡིན་གྱི། ཁྱད་པར་རེ་རེས་ངེས་པ་ཅན་དུ་དབྱེ་བར་ནི་མི་ནུས་སོ། །ཁྱད་པར་དེ་རྣམས་གཉིས་ག་དང་ལྡན་བ་དང་། གཉིས་ག་མ་ཡིན་པ་གཅིག་བརྗོད་བྱའི་གཙོ་བོར་
༄༅། །སྟོན་ན་གཉིས་སུ་མེད་པའི་རྒྱུད་ཅེས་བྱའོ། །གཉིས་པ་ནི། དེ་ལྟར་གདུལ་བྱ་དྲང་བའི་དོན་དུ་ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཅེས་སོ་སོར་ཕྱེ་ནས་གསུངས་ཀྱང་། དོན་ལ་ཐམས་ཅད་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། རྣལ་འབྱོར་གྱི་གོ་དོན་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བ་ཡིན་ལ། དེ་མེད་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་མི་འགྱུར་བའི་ཕྱིར། དང་པོའི་སངས་རྒྱས་ལས་རྣལ་འབྱོར་ཐབས་ཀྱི་མུས་ཀྱིས་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས་ཞེས་དང་། གསང་འདུས་རྒྱུད་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཅེས་པར་མངོན་པར་བརྗོད། །འདུས་པ་སྦྱོར་བ་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད། །ཅེས་དང་། བརྟག་གཉིས་ལས་ཀྱང་ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །ད་ནི་བདག་གིས་བཤད་ཀྱི་ཉོན། །ཞེས་པ་དང་། ངེས་བརྗོད་བླ་མ་ལས། ཤེས་རབ་ཐབས་ཀྱི་ཆོ་གའི་རིམ། །ཕྱག་རྒྱ་ཆེ་ལ་ངེས་པར་རོལ། །གོམས་པ་མངོན་དུ་གྱུར་པ་ཡིས། །དམིགས་པ་ཐམས་ཅད་ལས་སྒྲོལ་བ། །སྐྱེ་བ་འདི་ལ་དངོས་གྲུབ་འགྱུར། །ཞེས་པ་དང་། ངེས་བརྗོད་རྒྱུད་ཀྱི་རིམ་པ་ཡིས། །དེ་ཉིད་རྟག་ཏུ་གསང་བར་བྱ། ། གཉིས་མེད་ཡེ་ཤེས་སྦྱོར་བ་ཡིས། །རྣལ་འབྱོར་མ་མཆོག་བསྒོམས་ནས་ནི། །ཞེས་སོ། །དེས་ན་དྲི་མེད་འོད་ལས་རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཉིད་དོ་ཞེས་སོ། །