བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. རྒྱུད་ཀྱི་དབྱེ་བ།
Previous Chapter
Next Chapter

(༡. རྒྱུད་ཀྱི་དབྱེ་བ།)

དང་པོ་ནི་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་བསྡུས་པའི་རྒྱུད། བཤད་པའི་

30b

རྒྱུད། འཕྲོས་པའི་རྒྱུད། ཆ་འཐུན་གྱི་རྒྱུད་དང་བདུན་ལས། རྩ་རྒྱུད་ནི། བདེ་མཆོག་ལེའུ་འབུམ་པ་ལྟ་བུ། ཕྱི་མ་ནི་ཤུ་ལོ་ཀ་འབུམ་པ་ལྟ་བུ། ཕྱི་མའི་ཕྱི་མ་ནི་ལེའུ་ལྔ་བཅུ་རྩ་གཅིག་པ་ལྟ་བུ། བསྡུས་རྒྱུད་ནི་རྣལ་འབྱོར་མའི་ཀུན་སྤྱོད་ལྟ་བུ། བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ལྟ་བུ། འཕྲོས་རྒྱུད་སངས་རྒྱས་ཐོད་པ་ལྟ་བུ། ཆ་མཐུན་སངས་རྒྱས་མཉམ་སྦྱོར་ལྟ་བུའོ། །ཇི་ལྟར་རྒྱུད་ཀྱི་རིམ་པས་བཞུགས། །དཔལ་དང་ལྡན་པའི་རིན་ཆེན་རྒྱུད། །འབུམ་བདུན་གྱི་ནི་མཚན་ཞེས་བྱ། །དེ་ནི་གཙོ་བོའི་རྩ་བའི་རྒྱུད། །སྐུ་བརྒྱད་བདག་ཉིད་རབ་ཀྱི་མཆོག །དེ་བརྟག་ཀྱེའི་རྡོ་རྗེ་ནི། །འབུམ་ལྔ་ཡིས་ནི་མཚན་ཞེས་བྱ། །དཔལ་ལྡན་ཕྱག་རྒྱ་ཆེན་ཐིག་ལེ། །དེའི་ཕྱི་མའི་རྒྱུད་དུ་དྲན། །ཡེ་ཤེས་སྙིང་པོར་གྲགས་པའི་རྒྱུད། །དེའི་ཕྱི་མའི་ཕྱི་མའོ། །དགའ་མོ་ཡེ་ཤེས་ཐིག་ལེའི་སྒྲ། །བཤད་པའི་རྒྱུད་ནི་གསང་བ་ཆེ། །གྲུབ་པའི་ངེས་བསྟན་ཐིག་ལེ་ནི། །ཞལ་བཟངས་མོ་དེ་སྙིང་པོ་དང་། །དེ་ཁོ་ན་ཉིད་སྒྲོན་མའི་མཚན། །འབྲས་བུའི་རྒྱུད་གྲགས་འཆད་པར་འགྱུར། །དེ་མདུན་དུ་ནི་བདག་གིས་བཤད། །ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད། །ལྷ་མོ་བརྒྱད་པ་སྐུ་དང་བྲལ། །དེ་ཕྱིར་སྨྲ་བར་མི་བཏུབ་བོ། །ཞེས་ཡེ་ཤེས་ཐིག་ལེའི་རྒྱུད་ལས་སོ། །