(༡༽. རིགས་ལྡན་རིམ་པར་རྒྱུད་པའི་ཚུལ།)
དང་པོ་ནི། བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཟླ་བ་བཟང་པོ་ལ་གསུངས་ནས། ཟླ་བཟང་གིས་ཀྱང་རྩ་བའི་རྒྱུད་བསྡུས་འགྲེལ་བཤད་སྡེབ་སྦྱོར་རྗེས་སུ་བསྔགས་པའི་སྟོང་ཕྲག་དྲུག་ཅུ་པ་མཛད་ཅིང་གླེགས་བམ་ལ་བྲིས་ནས། ཤམ་བྷ་ལ་ལ་སོགས་པའི་ཡུལ་གྱི་མི་རྣམས་ལ་བསྟན། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རིན་པོ་ཆེ་སྣ་ལྔ་ལས་བཞེངས་ཏེ་རྫུ་འཕྲུལ་བསྟན་ནས་མྱ་ངན་ལས་འདས་སོ། །དེ་ནས་ལྷ་དབང་གཟི་བརྗིད་ཅན་དང་ཟླ་བས་བྱིན་དང་། ལྷའི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། ལྷའི་དབང་ལྡན་རྣམས་ཀྱིས་ལོ་བརྒྱ་བརྒྱར་ཆོས་བསྟན་ཏོ། །དེ་ནས་འཇམ་དབྱངས་གྲགས་པས་ལོ་བརྒྱར་རྩ་བའི་རྒྱུད་བསྟན་ཏེ། དེ་ཡན་ཆད་རྩ་རྒྱུད་རྩ་འགྲེལ་ལ་འཆད་ཉན་བྱེད་པ་ཡིན་ནོ། །རྩ་རྒྱུད་ལས་ལོ་འདི་ནས་ནི་དྲུག་བརྒྱའི་ལོས་ཞེས་པ་ལ་ཆོས་བསྟན་པའི་ལོ་སྟེ་ཞེས་དང་། ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ཞེས་གསུངས་པ་དང་། ཟླ་བཟང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་རྣམས་གནད་གཅིག་ཏུ་རྟོགས་དགོས་སོ། །དེ་ནས་གྲགས་པས་ལོ་བརྒྱར་རྩ་རྒྱུད་བསྟན་པའི་རྗེས་སུ། ཉི་མའི་ཤིང་རྟ་ལ་སོགས་པ་རྣམས་སད་པར་མཛད་
༄༅། །པས་དྲང་སྲོང་རྣམས་ཀྱིས་དབང་བསྐུར་ཞིང་བསྡུས་རྒྱུད་སྡུད་པར་གསོལ་བ་བཏབ་པས། ཟླ་བ་བཟང་པོས་བཞེངས་པའི་དཀྱིལ་འཁོར་དུ་ནག་པའི་ཉ་ལ་དྲང་སྲོང་རྣམས་ལ་དབང་བསྐུར་ཞིང་། བསྡུས་པའི་རྒྱུད་མེ་ཏོག་ཕྲེང་འཛིན་གྱི་ཚིགས་བཅད་རྩ་བའི་རྒྱུད་ལས་བཏུས་པ་སྟོང་སུམ་ཅུ་པ་མཛད་དོ། །དེ་ལ་ཡེ་ལེའི་ཚིགས་བཅད་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་པ་མན་ཆད་བཅུ་དང་། ནང་ལེའི་ཚིགས་བཅད་གཤམ་མ་སྟེ། བཅུ་གཅིག་པོ་སྟེ་གྲགས་པ་དང་ཉི་མའི་ཤིང་རྟའི་གསུང་ཡིན་གྱི་རྩ་རྒྱུད་ལས་བཏུས་པ་མ་ཡིན་པས་ལྷག་མ་སྟོང་སུམ་ཅུའོ་ཞེས་ཁ་ཅིག་བཞེད་དོ། །ཡང་བླ་མ་དག་གི་གསུང་གིས་འཇིག་རྟེན་ཁམས་ལེའི་ཚིགས་བཅད་བརྒྱ་བཞི་བཅུ་རྩ་བརྒྱད་པ་དང་། དགུ་བཅུ་རྩ་གསུམ་པ་དང་། ཡེ་ལེའི་ཚིགས་བཅད་དགུ་བཅུ་རྩ་བཞི་པ་སྟེ་གསུམ་རྩ་རྒྱུད་ལས་བཏུས་པ་མ་ཡིན་བས་དེའི་(དེ་ནས་རྒྱུ་སྐར་རྣམས་ཀྱིས་ཉིན་ཞག་གཅིག་ནི་སྒྱུར་བར་འགྱུར་ཏེ་ཆུ་ཚོད་དྲུག་རྣམས་ཀྱི།)ཚབ་མར་འཇིག་རྟེན་ཁམས་ལེའི་ཚིགས་བཅད་བརྒྱད་བཅུ་རྩ་དགུ་པའི་རྗེས་ལ་ཚིགས་བཅད་གཅིག་རྩ་བར་མ་ཚུད་པ་དང་། མཆོག་མི་འགྱུར་དུ་དྲངས་པའི་ཚིགས་བཅད་རྩ་བར་མ་ཚུད་པ་གཉིས་ཏེ་སྟོང་སུམ་ཅུ་པོ་ཞེས་བཞེད་པས་དཔྱད་པར་བྱའོ། །དེ་ནས་དྲང་སྲོང་རྣམས་ཀྱིས་ས་གའི་ཉ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པོ། །གྲགས་པས་ཀྱང་པད་དཀར་ལ་རྒྱུད་སྟོན་ཅིང་འགྲེལ་བཤད་རྩོམ་པར་བསྐོས་ཤིང་མྱ་ངན་ལས་འདས་སོ། །དེ་ནས་པད་དཀར་གྱིས་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་མཛད་ཅིང་ཆོས་བསྟན་ནོ། །དེ་ནས་བཟང་པོ་དང་། རྣམ་རྒྱལ་དང་། བཤེས་གཉེན་བཟང་པོ་དང་། ཕྱག་དམར་
དང་། ཁྱབ་འཇུག་སྦས་པ་དང་། ཉི་མ་གྲགས་དང་། ཤིན་ཏུ་བཟང་དང་། བརྒྱད་པོས་ལོ་བརྒྱ་བརྒྱ་ཆོས་སྟོན་པར་གསལ་ཏེ། རིགས་ལྡན་རིགས་ཀྱི་དབུས་སུ་ལག་པས་སྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དག་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པ་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར་ཞེས། གྲགས་པའི་བུ་ནས་བགྲངས་པའི་མི་རབ་བརྒྱད་འདས་པ་ན་ཀླ་ཀློའི་ཆོས་འཇུག་པར་གསུངས་ལ། ཡང་དེ་ནས་ཀླུའི་ལོ་བརྒྱ་རྣམས་ཀྱིས་ཅེས་པ་ནི། གྲགས་པ་མྱ་ངན་ལས་འདས་པ་དེ་ནས་ཀླུ་ཅེས་པ་ལོ་བརྒྱད་བརྒྱ་ན། ངེས་པར་ཅེས་པ་གདོན་མི་ཟ་བར། མ་ཁའི་ཡུལ་ཏུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག་པར་འགྱུར་ཏེ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་རྒྱ་མཚོ་རྣམ་རྒྱལ་དང་། རྒྱལ་དཀའ་ཡིས་ཀྱང་ལོ་བརྒྱ་བརྒྱ་ཆོས་སྟོན་པར་གསལ་ཏེ། ཀླ་ཀློ་བྱུང་ནས་ལོ་བརྒྱ་བརྒྱད་ཅུ་རྩ་གཉིས་ན་རྒྱལ་དཀའ་ཡིས་རྩིས་གཞི་བརྩམས་ལ། བརྒྱ་ནི་རྒྱ་མཚོ་རྣམ་རྒྱལ་གྱི་དུས་ཡིན་ལ། རྒྱལ་དཀའ་ཡིས་ཆོས་བསྟན་ནས་བརྒྱད་ཅུ་རྩ་གཉིས་ན་བསྡུས་རྒྱུད་ཀྱི་རྩིས་གཞི་མཛད་དམ་སེམས་སོ། །དེ་ནས་ཉི་མ་དང་། སྣ་ཚོགས་གཟུགས་དང་། ཟླ་བའི་འོད་དང་། མཐའ་ཡས་དང་། ས་སྐྱོང་དང་། དཔལ་སྐྱོང་དང་། སེང་གེ་དང་། རྣམ་གནོན་དང་། སྟོབས་པོ་ཆེ་དང་། མ་འགགས་པ་དང་། མི་ཡི་སེང་གེ་དང་། དབང་ཕྱུག་ཆེན་པོ་དང་། མཐའ་ཡས་དང་། རྣམ་རྒྱལ་དང་། དྲག་པོ་འཁོར་ལོ་ཅན་ཏེ། དེས་ཀླ་ཀློའི་སྟོབས་འཇོམས་པར་བྱེད་དོ། །དེའི་དབུས་སུ་གདན་ནི་ཉི་ཤུ་རྩ་ལྔ་རིམ་པར་ཡོངས་སུ་བགྲངས་པ་དག་གི་དུས་ཀྱི་མཐར། །ཞེས་རིགས་ལྡན་ཉི་ཤུ་རྩ་ལྔའི་
༄༅། །རྗེས་ཐོགས་སུ་དྲག་པོ་འབྱུང་བར་བཤད་པའི་ཕྱིར། རིགས་ལྡན་ཉི་ཤུ་རྩ་དྲུག །ཤཱཀྱའི་རིགས་ཀྱི་རྒྱལ་པོ་བདུན་ཏེ། སྤྲུལ་པའི་རྒྱལ་པོ་སུམ་ཅུ་རྩ་གསུམ་མོ། །ཞེས་གོང་མ་དག་བཞེད་དོ། །ཡང་ན་མཐའ་ཡས་རྣམ་རྒྱལ་ལ་གཅིག་ཏུ་བྱས་ནས། ཉི་ཤུ་རྩ་ལྔའི་གདན་གྱི་མཐའ་མ་ཉི་ཤུ་རྩ་ལྔ་པ་རིགས་ལྡན་དྲག་པོར་བྱས་ནས། པད་དཀར་གྱི་རྗེས་ལ་སྤྲུལ་པའི་རྒྱལ་པོ་ཉི་ཤུ་རྩ་གསུམ་ལུང་བསྟན་པ་དང་མཐུན་ནོ། །བི་བྷཱུ་ཏི་ཙན་ཏྲ་ན་རེ་སེང་གེ་རྣམ་གནོན་གཅིག །མཐའ་ཡས་རྣམ་རྒྱལ་གཅིག་ཏུ་བྱས་ནས། དེ་ནས་གྲགས་པ་དང་དྲག་པོ་ཐ་དད་དུ་བྱས་ནས་ཉི་ཤུ་རྩ་ལྔར་འདོད་དོ། །བརྟག་གོ། །རིགས་ལྡན་ཕྱི་མ་རྣམས་ཀྱི་སྐུ་ཚེའི་ཚད་གསལ་བར་མ་གསུངས་ཤིང་། བླ་མ་མཁན་ཆེན་ལོཙྪ་བའི་གསུང་གིས་ཐམས་ཅད་ལོ་བརྒྱ་བརྒྱར་མཉམ་པར་བྱེད་དེ། དེའི་ལུགས་ལྟར་ན་རྒྱལ་དཀའ་ཡིས་རྩིས་གཞི་བརྩམས་ནས་ལོ་ལྔ་བརྒྱ་དང་ཉེར་གསུམ་སོང་བའི་ཕྱིར། དཔལ་སྐྱོང་ཡོད་དགོས་པར་མངོན་ཏེ་སྔོན་གྱི་གཏམ་རྒྱུད་དང་མི་འཐུན་པར་སྣང་ངོ་། །