བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. བསྟེན་བྱའི་སློབ་དཔོན་གྱི་མཚན་ཉིད།
Previous Chapter
Next Chapter

(༡. བསྟེན་བྱའི་སློབ་དཔོན་གྱི་མཚན་ཉིད།)

དང་པོ་ནི། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་(ཕྱི་མཚན་ཉིད་)མཁས། །དེ་ཉིད་བཅུ་ནི་(ནང་སྔགས་ལ་)ཡོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་བདག་ཉིད་དབང་པོ་ཐུལ། །ཞེས་གསུངས་པས། ང་རྒྱལ་ལགས་པའི་སྐྱོན་དང་བྲལ་ཞིང་། བརྟན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་དེ་ཉིད་བཅུ་ཤེས་པ་ནི་སློབ་དཔོན་ཏེ། དེ་ལ་དེ་ཉིད་བཅུ་ནི། ཕྱིའི་དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཡང་དེ་ཉིད་འདུས་པའི་རྒྱུད་འགྲེལ་ལས། དེ་ཁོ་ན་ཉིད་ནི་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། བདག་དང་གནས་ལགས་པ་བསྲུང་བ་དང་ལྷ་རྣམས་སྤྱན་དྲང་བའི་ཆོ་ག་དང་། བཟླས་བརྗོད་དང་། བསྒོམ་པ་དང་། ཕྱི་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང་། ཉེ་བར་བསྡུ་བ་(ཕྱག་རྒྱ་འགྲོལ་བ་)དང་། གཤེགས་སུ་གསོལ་བའོ། །ཡང་སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་བརྒྱ་བྱིན་སྡོང་པོས་མཛད་པར། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས། །དགུག་མཆེད་ལས་སྦྱོར་སྲུང་བ་ཆེ། །ཉེར་བསྡུ་གཤེགས་སུ་གསོལ་བ་ཡི། །དེ་ཉིད་བཅུ་ཡི་ལས་

47a

༄༅།       །ལ་མཁས། །ཤེས་གསུངས་སོ། །གསང་བའི་དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་(བྲིས་པའི་སྲུང་འཁོར་དང་སྒོམ་པའི་སྲུང་འཁོར་ཡིན་གསུང་)ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་དབྱེ་བའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་པའི་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུངས་སོ། །དཀྱིལ་འཁོར་ཆོ་གའི་དེ་ཉིད་བཅུ་ནི། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པར་རྩ་རྒྱུད་ཀྱི་ལུང་དྲངས་པར། དཀྱིལ་འཁོར་དུས་ཀྱི་ཆོ་གའི་ཚོགས། །ཇི་ལྟའི་ཚུལ་གྱིས་འཇུག་པའི་ས། །ས་ནས་ཆོ་ག་ལྷག་མའི་བར། །མ་འདྲེས་ལས་ཀྱི་དོན་སྤྱོད་པས། །ཤེས་པ་དང་། ཡང་རྟོག་པ་བདུན་པའི་ལུང་དྲངས་པར། ས་གཞི་རྟ་གོན་གནས་པ་དང་། །གཟུགས་བརྙན་དཀྱིལ་འཁོར་རྩོམ་སྒྲུབ་ཅིང་། །གཏོར་མ་སྦྱིན་སྲེག་ཤིས་པའི་ལས། །འཇུག་པ་དབང་བསྐུར་ལགས་རྣམས། །བདག་གཞན་སྨིན་ཅིང་གྲོལ་བའི་ཕྱིར། །དམ་པའི་ལུང་བཞིན་བསྒྲུབ་པར་བྱ། །ཞེས་དང་མན་ངག་སྙེ་མར་བསྲུང་བ་དབང་བསྐུར་གཏོར་མ་ཟླས་པ་དབྱེ། །ཕྱིར་བཟློག་དག་དང་དཀྱིལ་འཁོར་སྒྲུབ་ཐབས་དང་། །བཙན་ཐབས་སྦྱོར་བ་གཤེགས་སུ་གསོལ་བའོ། །ཞེས་པ་དེ་ཉིད་བཅུ་རྣམས་སུ་ནི་བཤད། །ཅེས་དེ་ཉིད་བཅུ་རྣམས་གསུངས་སོ། །དེ་ལྟར་དེ་ཉིད་བཅུ་དང་ལྡན་བའི་སློབ་དཔོན་ལ། དགེ་སློང་རབ། དགེ་ཚུལ་འབྲིང་། དགེ་སྙེན་ཐ་མ་སྟེ། དྲི་མེད་འོད་དུ། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་སོ། །