(༡. སློབ་དཔོན་གྱིས་ཇི་ལྟར་བཤད་པའི་ཚུལ།)
དང་པོ་ནི་སྒྲོན་གསལ་ལས། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཀྱི་རྗེས་སུ་འབྲང་ནས་བཤད་ཐབས་ཀྱི་ཡན་ལག་བརྒྱན་བདུན་གྱི་སྒོ་ནས་འཆད་པ་དང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡི་གེ་དང་ནི་ཡན་ལག་དང་། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པར། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གདམས་ངག་དྲུག་གིས་འཆད་པ་དང་། ཡང་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་མི་གོས་ཤིང་། །རྒྱུད་ཀྱི་དོན་ལ་འཇུག་པར་བྱ་ཞེས་བདག་ཉིད་རྣམ་པ་གསུམ་གྱིས་འཆད་པ་དང་། ཡང་དེ་ཉིད་ལས། གོང་བུ་ཆུ་དང་གཟུག་དུ་བཅས། དེ་བཞིན་གཟུགས་ལས་འདས་པ་དང་། ། གནས་པ་རྣམ་པ་བཞི་རུ་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གནས་པ་བཞིས་བཤད་པ་དང་། སམ་པུ་ཊའི་རྒྱུད་ཕྱི་མ་ལས། གསང་བ་ནི་མི་གསལ་བའོ། །
༄༅། །གསང་བ་ནི་དེ་ཁོ་ན་ཉིད་མདོར་བསྟན་པའོ། །གསང་བ་ནི་ས་བོན་ལྔ་པའོ། །གསང་བ་ནི་དམ་པའི་དངོས་པོ་སྦས་པའོ། །གསང་བ་ནི་གསང་བའི་པད་མའོ། །གསང་བ་ནི་ལྟེ་བའི་དགའ་བའོ། །གསང་བ་ནི་ཐམས་ཅད་དུ་འགྲོ་བ་བསྡུས་པའོ། །གསང་བ་ནི་བདེ་བ་མཐའ་ཡས་པ་སྟེ་རྒྱུད་གྱི་གཞུང་གིས་བཤད་པའོ་ཞེས་གསང་བ་བདུན་གྱི་སྒོ་ནས་བཤད་པ་དང་། ཡང་རྩ་བའི་རྒྱུད་ལས། རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པའི་རིམ་པ་ཉིད་ཡིན་ནོ། །ཞེས་རིམ་པ་གཉིས་ཡན་ལག་དང་བཅས་པས་འཆད་པ་དང་། དེ་བཞིན་དུ་བདེན་པ་གཉིས་དང་རྒྱུད་གསུམ་གྱི་འཆད་པ་དང་། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ནང་དེ་བཞིན་དུ་དེ་བཞིན་གཞན། །ཞེས་ཕྱི་ནང་གཞན་གྱིས་འཆད་པ་ལས། འདིར་ཕྱི་ནང་གཞན་གྱིས་འཆད་པ་གཙོ་བོ་སྟེ། དེ་ཡང་། འགྲེལ་ཆེན་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་མ་བརྟེན་ནས། རྫོགས་པའི་བྱང་ཆུབ་པ་རྣམ་པ་བཞི་དང་། རྡོ་རྗེ་རྣམ་པ་བཞིས་ཡོངས་སུ་དག་པ། སྐུ་བཞི་དང་། རིགས་དྲུག་དང་། བདེན་བ་བཅུ་གཉིས་དང་། དེ་ཁོ་ན་ཉིད་བཅུ་དྲུག་དང་། སྟོང་པ་ཉིད་བཅུ་དྲུག་དང་། སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཀྱི། བརྗོད་པར་བྱ་བ་བརྗོད་པར་བྱེད་པ་དང་། དབང་བསྐུར་བ་འཇིག་རྟེན་པའི་བཅུ་དང་། འཇིག་རྟེན་ལས་འདས་པའི་བཅུ་གཅིག་པ་རབ་ཏུ་གསལ་བར་བྱེད་པ། ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་མོ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རབ་ཏུ་གསལ་བར་བྱེད་པ། འཇིག་རྟེན་གྱི་ཁམས་དང་།
ནང་དང་། མངོན་བར་དབང་བསྐུར་བ་དང་། སྒྲུབ་ཐབས་དང་། ཡེ་ཤེས་ཏེ། ལེའུ་ལྔའི་དག་ཉིད་དམ། །བརྟག་པ་ལྔའི་བདག་ཉིད་ནི་ཞེས་གསུངས་པས། ལེའུ་ལྔ་བསྡུས་ན་ཕྱི་ནང་གཞན་གསུམ་དུ་འདུ། དེ་བསྡུས་ན་བདེན་པ་གཉིས་དང་། ལམ་རིམ་པ་གཉིས་སུ་འདུ་བ་ཡིན་ནོ། །དེ་ཡང་། ཕྱི་དང་ནང་སྐྱེ་བའི་ཆ་ནི། བསྐྱེད་རིམ་གྱི་སྦྱང་གཞི། སྡུད་པའི་ཆ་ནི་རྫོགས་རིམ་གྱི་སྦྱང་གཞི་ཡིན་བས་དེ་དག་ཏུ་འདུ་ལ། དབང་ཡང་སྐྱེད་རིམ་དང་འགྲེལ་པ་དང་། རྫོགས་རིམས་དང་འགྲེལ་བ་གཉིས་སུ་འདུ་ཞིང་། གཞན་ལམ་གྱི་ཡན་ལག་རྣམས་ཀྱང་ཅི་རིགས་པར་འདུ་སྟེ། རྒྱས་པར་བླ་མས་བཤད་པར་བྱའོ། །འོ་ན་བཤད་ཐབས་ཀྱི་ཡན་ལག་སྔ་མ་རྣམས་དང་འགལ་སྙམ་ན། དེའི་སྐྱོན་མེད་དེ། དོན་གྱིས་འདི་ལ་ཐམས་ཅད་ཚང་བར་ཡོད་དེ། རྒྱན་བདུན་གྱི་གླེང་བསླང་བ་ལྔ་ནི། མདོར་བསྡུས་གཉིས་པ་དང་། བཞི་པས་སྟོན། རིགས་པ། སྐྱེད་རིམ། རྫོགས་རིམས། དབང་སྤྱོད་པ་བཞི་ནི་གཞུང་མཐའ་དག་གིས་སྟོན། བརྗོད་བྱེད་མཐའ་དྲུག་ནི། འགྲེལ་པར་ལུང་དྲངས་པའི་སྒོ་ནས་གསལ་པར་གསུངས་པ་དམ་ཚིག་དྲུག་གི་བཤད་པ་ལྟ་བུ། དྲང་དོན་ངེས་དོན་གྱི་བཤད་པ་དང་། རྒྱུད་སྡེ་དང་གྲུབ་མཐའ་དང་། འགྲོ་བ་ཐམས་ཅད་ཞལ་བཞི་ནས་སྤྲོས་པ་ལྟ་བུ་དགོངས་པས་བཤད་པ་དང་། མཆོག་མི་འགྱུར་ལྟ་བུ་དགོངས་མིན་དུ་བཤད་པ་དང་། དཀྱིལ་ཆོག་སྦྱིན་སྲེག་ལགས་སྒྲ་ཇི་བཞིན་པར་བཤད་པ་དང་། བུམ་སྨན་ལ། བུད་མེད་ཀྱི་མིང་གི་བཤད་པ་ལྟ་བུ་སྒྲ་ཇི་བཞིན་པ་མ་ཡིན་བས་བཤད་པ་ཡོད་པས་མཐའ་དྲུག་བཤད་པ་ཚང་ཞིང་ཚིག་གཅིག་ལ་ཕྱི་ནང་གཞན་གསུམ་དུ་འཆད་པ་ལྟ་བུ་ལ། ཚུལ་བཞིའི་བཤད་པ་ཚང་
༄༅། །སྟེ། ཡི་གེ་ཇི་ལྟ་བ་བཞིན་དུ་འབྲུ་མནན་བས་ནི་ཡི་གེའི་དོན། གཞན་བསྐྱེད་རིམ་ལ་སྦྱར་ནས་འཆད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ལ་སྦྱར་ནས་འཆད་པ་ནི་སྤྱིའི་དོན། ཡང་དགའ་བ་མཆོག་དགའ་ཁྱད་པར་གྱི་དགའ་བ་ལ་སྦྱར་ནས་འཆད་པ་ནི་སེམས་གསུམ་གྱི་སྦས་པ། དབང་པོ་གཉིས་སྦྱོར་ལ་འཆད་པ་ནི་འདོད་ཆགས་ཆོས་ཀྱི་སྦས་པ། གཟུགས་བརྙན་གྱི་ལམ་ལ་འཆད་པ་ནི་ཀུན་རྫོབ་བདེན་པའི་སྦས་པ་སྟེ་སྦས་པ་གསུམ་ཡང་ཚང་ལ། རྫོགས་རིམས་ཡན་ལག་ཐ་མ་གསུམ་སྟོན་པ་རྣམས་མཐར་ཐུག་ཏུ་བཤད་པ་ཡིན་པས་ཚུལ་བཞིར་བཤད་པ་ཚང་ངོ་། །རྒྱུད་ལ་འཇུག་པའི་གང་ཟག་ལྔ་ཡང་ཚང་སྟེ། དབང་གོང་མས་བསྡུ་བྱའི་སློབ་མ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ཡིན། དབང་བདུན་གྱིས་བསྡུ་བྱ་ནི་དབྱེ་ན་པད་དཀར་ལ་སོགས་པ་བཞིར་འགྱུར་བའི་ཕྱིར་རོ། །དེས་ན། སློབ་མ་མཆོག་ལ་བཤད་པ་ནི་སློབ་མ་ལ་བཤད་པ། དམན་པ་ལ་བཤད་པ་ནི་ཚོགས་བཤད་ཡིན་བས་བཤད་པ་གཉིས་ཀྱང་ཚང་། དགོས་པ་བདེན་པ་གཉིས་རྣམ་པར་ངེས་པ་ནི་གསལ་བར་གསུངས་པས་སོ། །གདམས་ངག་དྲུག་གི་བཤད་པའང་དེ་ཉིད་དུ་འདུས་ཏེ། སྤྱི་སྦས་པ་མཐར་ཐུག་ཡན་ལག་གི་དོན་དང་བཞི་སྔར་དང་འདྲ་སྟེ། ཡན་ལག་གི་དོན་ནི་སྔར་གྱི་ཡི་གེའི་དོན་ཡི་གེ་ཕྲལ་བ་དང་། བསྣན་པ་དང་། བསྒྱུར་བས་བཤད་པ་རྣམས་སོ། །བསྡུས་པའི་དོན་ནི་སྔར་གྱི་སྒྲ་ཇི་བཞིན་པ་མ་ཡིན་བ་དང་འདྲའོ། །བདག་ཉིད་ཅན་གསུམ་གྱི་བཤད་པ་ནི། འདི་ནས། སྐུ་བཞི་དང་རྡོ་རྗེ་བཞིར་བཤད་པའི་ནང་དུ་འདུས་ཏེ། སྐུ་རྡོ་རྗེ་དབྱིབས། གསུང་རྡོ་རྗེ་སྔགས། ཐུགས་རྡོ་རྗེ་ཆོས་ཡིན་ལ། འདིར་
རིགས་བཞིའི་དབང་དུ་བྱས་ནས། ཡེ་ཤེས་རྡོ་རྗེ་རྣམ་པར་དག་པའི་རྣལ་འབྱོར་དང་བཞིར་བཤད་པའི་ཕྱིར་རོ། །གནས་པ་བཞིར་བཤད་པའང་འདིར། མངོན་པར་རྫོགས་པར་བྱང་ཆུབ་པ་བཞི་དང་། སྐུ་བཞིར་འདུས་ཏེ། ལོངས་སྐུ་གོང་བུ། ཆོས་སྐུ་ཆུ། སྤྲུལ་སྐུ་གཟུགས། ངོ་བོ་ཉིད་སྐུ་གཟུགས་ལས་འདས་པའོ། །གསང་བ་བདུན་དུ་བཤད་པའང་འདིར་འདུས་ཏེ། རྟོགས་བྱའི་དོན། རྒྱུའི་རྒྱུད། མི་གསལ་བའོ། །དབང་བཅུ་གཅིག་ནི་དེ་ཁོ་ན་ཉིད་མདོར་བསྟན་པའོ། །སྐྱེད་པའི་རིམ་པ་ནི་ས་བོན་ལྔའོ། །དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་ལྟ་བ་ནི་དམ་པའི་དངོས་པོ་སྦས་པའོ། །དཀྱིལ་འཁོར་འཁོར་ལོའི་ཐབས་དབང་གསུམ་པ་དང་འགྲེལ་པའི་ལམ་ནི། གསང་བའི་པད་མའོ། །བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་ལྟེ་བའི་དགའ་བའོ། །དམ་ཚིག་དང་སྡོམ་པ་ལ་སོགས་པའི་ལམ་གྱི་ཡན་ལག་ཐམས་ཅད་ནི་ཐམས་ཅད་དུ་འགྲོ་བ་བསྡུས་པའོ། །བདེ་བ་མཐའ་ཡས་པ་ནི་གསང་བ་མི་གསལ་བ་རྟོགས་པ་ཡིན་བས་སྔ་མ་ལས་ཐ་དད་དུ་མི་འབྲང་ངོ་ཞེས་བླ་མ་རྣམས་གསུང་ངོ་། །དེ་ལྟར་རྒྱུད་གཞན་ནས་བཤད་པའི་བཤད་ཐབས་ཀྱི་ཡན་ལག་ཐམས་ཅད་འདིར་འདུས་ཤིང་། སྟོང་ཆེན་ཡིག་ལྔ་ཡིག་དྲུག །དེ་ཉིད་བཅུ་དྲུག་དང་། བདེན་པ་བཅུ་གཉིས་དང་། སྟོང་པ་དང་སྙིང་རྗེ་བཅུ་དྲུག་དང་། མངོན་པར་བྱང་ཆུབ་པ་བཞི་ལ་སོགས་པ་ཕྱི་ནང་གཞན་གསུམ་དབྱེར་མེད་དུ་བསྟན་པས་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ནོ། །སློབ་དཔོན་ཁ་ཅིག་གིས། རྒྱུད་དོན་ཡན་ལག་ལྔའི་བཤད་པ་སྔོན་དུ་འགྲོ་བ་དབང་གི་ཡན་ལག །ལམ་མངོན་པར་རྟོགས་པའི་ཡན་ལག་རིམ་པ་གཉིས། གྲོགས་དམ་ཚིག་དང་སྡོམ་
༄༅། །པ། བརྟན་བྱེད་ཀྱི་ཡན་ལག་སྤྱོད་པ། འབྲས་བུའི་ཡན་ལག་དངོས་གྲུབ་རབ་འབྲིང་ཐ་གསུམ་དུ་བསྡུས་ཏེ་འཆད་པའང་འདིར་འདུས་པས། བཤད་ཐབས་ཀྱི་ཡན་ལག་དེ་རྣམས་ཀྱི་སྒོ་ནས་ལེགས་པར་བཤད་པར་བྱའོ། །