(༢. སློབ་མས་ཇི་ལྟར་ཉན་པའི་ཚུལ།)
གཉིས་པ་ནི་འགྲེལ་ཆེན་དུ། རྒྱལ་བས་གསུངས་པའི་ཆོ་གས་དབང་མཆོག་བླངས་ནས་རྒྱུད་འདི་འམ་ནི་བསྡུས་པ་ཡི། །རྒྱུད་རྒྱལ་མ་ལུས་ཐོས་ནས་ཡང་དག་ཡེ་ཤེས་ལམ་ལ་གནས་པའི་རྣལ་འབྱོར་པས། །ཁེངས་དང་ལོངས་སྤྱོད་འབྱོར་པ་དུ་མ་བཏང་ནས་སེམས་ནི་བླ་མར་གཏད་བྱས་ཏེ། །སངས་རྒྱས་ཉིད་ཀྱི་སླད་དུ་གཙོ་བོའི་འགྲེལ་བཤད་གཞན་ཕན་སྤྱོད་པ་མཉན་པར་བྱ། །ཞེས་གསུངས་པས། མཚན་ཉིད་དང་ལྡན་བའི་སློབ་མ་དབང་གིས་སྨིན་པར་བྱས་པ་ཞིག་དགོས་ཏེ། ཡེ་ཤེས་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་གསུངས་པས་སོ། །རྒྱུད་གཞན་དང་གཞན་ཐོས་དགོས་པར་ཡང་། རྡོ་རྗེ་སྙིང་འགྲེལ་ལས། ཀྱེ་རྡོ་རྗེས་ནི་འཁོར་ལོ་སྡོམ་པ་དང་། གདན་བཞི་འདི་ཡང་ཤེས་པར་བྱེད་པ་ཡིན། ཞེས་པ་ལ་སོགས་ནས། དེ་བཞིན་རྒྱུད་གཞན་གྱིས་ནི་རྒྱུད་གཞན་དེ། །དོན་དེ་ཤེས་བྱ་ལམ་འདོད་རྣམས་ཀྱིས་ནི། །རྣམ་བཤད་འབད་དེ་མདོ་དང་རྒྱས་པར་བཤད། །ཅེས་གསུངས་པས་སོ། །སྤང་བྱ་ང་རྒྱལ་དང་ལོངས་སྤྱོད་འཇིག་པའི་ཆོས་ཅན་གྱི་རྣམ་གཡེང་དུ་མ་སྤངས་
ནས་གུས་པའི་སྤྱོད་ལམ་མཉམ་པར་བཞག་པ་དང་ལྡན་བས། གཞན་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་མཉན་བར་བྱའོ། །