བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. ཐུན་མོང་གི་བྱ་བ།
Previous Chapter
Next Chapter

(༣. ཐུན་མོང་གི་བྱ་བ།)

གསུམ་པ་ནི་རྒྱུད་ལས། ནག་པའི་མཐར་ནི་དཀར་པོའི་ཚིག་ལ་གཞན་ལ་ཕན་པའི་བླ་མས་དཀྱིལ་འཁོར་དག་ནི་བཞེངས་བྱས་ནས། །སྡིག་པའི་དྲི་མ་འཕྲོག་པའི་དབང་བདུན་རྣམས་ནི་བསོད་ནམས་དོན་དུ་བུ་རྣམས་དག་ལ་སྦྱིན་པར་བྱ། །ཡང་ན་མཐའ་དག་ཡོན་ཏན་གཏེར་ནི་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་དག་ལ་མཆོད་པར་བྱ། །མཆོད་པ་མེད་ན་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ལས་བླ་མས་བསྟན་པར་མི་བྱའོ་ཞེས་གསུངས་པས། དཔྱིད་ཟླ་འབྲིང་པོའི་ཉ་ལ་དཀྱིལ་འཁོར་བཞེངས་ནས། རྣལ་འབྱོར་མ་རྣམས་མཆོད་དེ་རྒྱུད་བསྟན་པར་བྱ་ཞིང་། མ་གྲུབ་ན་ཉ་སོ་སོའམ་བརྒྱད་དང་བཅུ་བཞི་ལ་རྣལ་འབྱོར་མ་མཆོད་ཅིང་། ཆོས་ཐུན་རེ་རེའི་མགོར་ཡང་མཆོད་པ་དབུལ་བ་དང་། མཎྜལ་དབུལ་བ་དང་གཏོར་མ་བྱིན་པ་སྔོན་དུ་འགྲོ་སྟེ། འགྲེལ་ཆེན་ལས། ཉིན་ཞག་སོ་སོར་གཏོར་མ་སྦྱིན་པར་བྱ་བ་དང་། སངས་རྒྱས་མཆོད་པ་དང་དཀྱིལ་འཁོར་ལ་སོགས་པ་བྱ་ཞིང་ཞེས་གསུངས་པས་སོ། །མཇུག་ཏུ་བསྔོ་བ་དང་། ཡི་གེ་བརྒྱ་པ་བཟླས་ལ་བཟོད་པར་གསོལ་བ་ལ་སོགས་པ་བྱའོ། །དེའང་། འཆད་པ་དང་། ཉན་པ་ཐམས་ཅད། ཐ་མལ་གྱི་འདུ་ཤེས་སྤངས་ནས། བློ་རབ་འབྲིང་གི་བྱེ་བྲག་གིས་བསྐྱེད་པ་དང་རྫོགས་པའི་རིམ་པའི་ངང་ནས་བཤད་ཉན་བྱའོ། །བྱ་བ་ཐུན་མོང་བ་རྣམས་ཆེས་གཞན་དང་འདྲ་བས་མ་བྲིས་སོ། །