༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བརྒྱད་པ། བལ་མོ་ཤཱཀྱ་དེ་བ་བདུད་ཀྱིས་བསླུས་པས་བསླུས་པའི་ལེའུ།
Previous Chapter
Next Chapter

(ལེའུ་བརྒྱད་པ། བལ་མོ་ཤཱཀྱ་དེ་བ་བདུད་ཀྱིས་བསླུས་པས་བསླུས་པའི་ལེའུ།)

གསུམ་པ་་་་ལྷ་འདྲེ་བཏུལ་མཛད་གཙུག་ལག་ཁང་བཞེངས་མཛད༔ ཅེས་པས༔ མཐའ་འཁོབ་བོད་ཡུལ་མུན་པའི་གླིང་འདི་རུ༔ པྲེ་ཏ་པུ་རི་སྙིང་འདྲེས་ཡུལ་ཕྱོགས་འདིར༔ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་

1-8a

༄༅༔       ༔བཙན་གྱིས༔ དུས་གསུམ་སྤྲུལ་སྐུ་ཀུན་ལས་ཁྱད་འཕགས་པ༔ འོད་མི་འགྱུར་བ་ཚེ་དཔག་མེད་པ་དངོས༔ ཨོ་རྒྱན་པདྨ་འབྱུང་གནས་སྤྱན་འདྲེན་བཏང་༔ ལྷ་འདྲེ་ཐམས་ཅད་འདུས་ཤིང་རབ་ཏུ་འཁྲུག༔ སེར་བ་ཐོག་དང་གློག་དང་སྒྲ་འོད་དང་༔ རླུང་ནག་འཚུབ་མས་ས་ཡང་རབ་ཏུ་གཡོས༔ མེས་འཇིགས་ཆུས་འཇིགས་དུག་འཇིགས་དགྲས་འཇིགས་པ༔ འཇིགས་པ་བརྒྱད་ཀྱིས་བོད་རྣམས་སྐྲག་ཅིང་འཕར༔ ཆུའི་ཉ་བྱེ་ཚན་བཏོན་པ་བཞིན་དུ་གྱུར༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ མང་ཡུལ་གུང་དུ་ཉེ་བར་ཕེབས་པའི་དུས༔ དགེ་བསྙེན་ཉི་ཤུ་རྩ་གཅིག་བསུ་བ་བྱས༔ གནོད་སྦྱིན་ཕོ་མོའི་ཚོགས་རྣམས་ཐམས་ཅད་འདུས༔ ལུས་ནི་མདུན་ཀྱང་སེམས་ནི་གྱོང་ཞིང་ཁེངས༔ ཨོ་རྒྱན་པདྨས་དེ་དག་མཁྱེན་ནས་སུ༔ དགེ་བསྙེན་གནོད་སྦྱིན་རྣམས་ལ་བཀའ་སྩལ་པ༔ དཀའ་ཐུབ་སྡོམ་པ་མི་ཟད་པས༔ ལུས་སྐབས་འགྱུར་ཞིང་སྡུག་བསྔལ་ལ༔ སྡུག་བསྔལ་གྱིས་

1-8b

ནི་སེམས་གཡེངས་ཏེ༔ གཡེང་བས་དངོས་གྲུབ་གཞན་དུ་འགྱུར༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་མོ༔ རབ་ཏུ་སྐྱེ་བའི་རྒྱུར་གྱུར་པ༔ དེ་བས་དོན་ཆེན་བསྟན་པར་བྱ༔ དུག་གསུམ་ཉེ་བར་ཞི་གྱུར་ན༔ དུག་ནི་དུག་མེད་བྱ་བ་ཡིན༔ བདུད་རྩི་རིམ་གྱིས་བསྟེན་བྱས་ནས༔ བདུད་རྩི་ཉིད་དུ་གྱུར་པ་ཡིན༔ དཔེར་ན་གྲོང་ཁྱེར་ཆེན་པོའི་ལུང་༔ བུ་རམ་ཤིང་གི་ཞིང་དག་དང་༔ འབྲས་ཞིང་རྒུན་འབྲུམ་ཞིང་ལ་ཕན༔ དེ་བཞིན་ཉོན་མོངས་ལུང་གང་ཡིན༔ ཐམས་ཅད་མཁྱེན་པ་ཉིད་ལ་ཕན༔ སྨན་པ་ཆེ་མཆོག་གཙོ་བོ་སྟེ༔ ཟུག་རྔུ་འབྱིན་པ་བླ་ན་མེད༔ སྔགས་དང་སྨན་གྱིས་ཡོངས་སུ་ཟིན༔ དུག་གིས་འཆི་བར་མི་ནུས་སོ༔ ཤེས་རབ་ཐབས་མཁས་ཡོངསུ་ཟིན༔ ཉོན་མོངས་དུག་གིས་ལྟུང་མི་ནུས༔ གང་གིས་བླུན་པོ་འཆིང་གྱུར་པ༔ དེ་ཡིས་མཁས་པ་ཡོངས་སུ་གྲོལ༔ ཅེས་གསུངས་སོ༔ དེར་མི་མ་ཡིན་ལྷ་འདྲེ་གདུག་རྩུབ་ཅན་རྣམས་ཀྱིས༔ རྩ་བརྒྱད་

1-9a

༄༅༔       ༔ཡན་ལག་སྟོང་གི་སྨན་ཕུལ་ལོ༔ དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ རྒྱ་མཚོའི་གླིང་དུ་བདུད་རྩི་སྨན་སྒྲུབ་མཛད༔ ས་བདག་ཀླུ་ཡིས་བར་གཅོད་བྱས་པ་ནི༔ རྩངས་པ་སྦལ་པ་སྡིག་པ་ཏ་བླ་འོད༔ སྡོམ་དང་སྦུར་གོག་བཤོལ་མོ་སྲིན་བུ་དང་༔ མུག་མ་སད་མ་ཤིག་འཇུ་སྦྲང་བུ་དང་༔ འབུ་དང་གྲོག་མ་བྱང་ཁྲ་དམར་ཡུལ་རིགས༔ ཕོ་འུག་ཝ་སྤྲེལ་སྲེ་མོང་སྣ་ཚོགས་མང་༔ སྔར་མ་མཐོང་བའི་ལྟས་དང་རྟེན་འབྲེལ་བྱུང་༔ རྒྱ་མཚོའི་གླིང་གི་མཁའ་འགྲོ་མ་བཞི་བསྡུས༔ མཁའ་འགྲོ་མ་བཞིས་གླུ་བླངས་པ༔ པཉྩ་པཉྩ༔ སྒྲུབ་དང་བསྒྲུབ་པར་བྱ་བའི་སྤྱོད༔ སྒྲུབ་པ་པོ་ནི་ཀུན་རྫོབ་བདེན༔ སྒྲུབ་པ་དོན་དམ་བདེན་པའོ༔ བསྒྲུབ་བྱ་གཉིས་མེད་ཡེ་ཤེས་གཅིག༔ རྒྱུ་དང་འབྲས་བུ་གཉིས་སུ་མེད༔ འབྲས་བུ་རྒྱུར་ནི་རྒྱས་བཏབ་ཅིང་༔ རྒྱུ་ཡང་འབྲས་བུར་རྒྱས་བཏབ་པར༔ བསྒོམ་ཞིང་གཞན་དུ་དངོས་གྲུབ་ནི༔ བསྐལ་པ་བྱེ་བར་འབྱུང་མི་འགྱུར༔ དགེ་བ་བཅུ་ཡི་

1-9b

ལས་ཀྱི་ལམ༔ བྱེད་པ་ཡེ་ཤེས་སྤངས་པའོ༔ འདི་དག་ཐམས་ཅད་ཕྱིན་ཅི་ལོག༔ གང་གིས་རྨོངས་པ་འཆིང་གྱུར་ཅིང་༔ ངུ་འབོད་ཐར་ནི་དེ་གྱུར་པ༔ དེ་ཉིད་ཀྱིས་ནི་གྲོལ་གྱུར་ཞིང་༔ ཤེས་རབ་སྟོབས་ཀྱིས་བདེ་བ་འཐོབ༔ ཅེས་བླངས་སོ༔ དེ་ནས་མཐའ་ཡས་ནོར་རྒྱས་འཇོག་པོ་དང་༔ པདྨ་པདྨ་ཆེན་པོ་དུང་སྐྱོང་དང་༔ སྟོབས་ཀྱིས་རྒྱུ་བ་དང་ནི་རིགས་ལྡན་དང་༔ གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཉི་ཤུ་བརྒྱད༔ ལྷག་པར་མོས་པ་བརྟན་པར་བསྐྱེད་ནས་ནི༔ ཨ་ལིང་ག་ན་དང་༔ ཙུམ་པ་ན་དང་༔ ཙུ་ཤ་ན་དང་༔ ན་ག་པྲ་ཧ་ར་ཎ་དང་༔ ཏི་ཏ་ཀ་ར་དང་༔ ཀཾ་ཀུ་ལ་དང་༔ བུང་བའི་སྒྲ་དང་༔ ཡང་དག་པར་བསྐུལ༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས༔ དེ་ནས་ཚེ་ཡི་རིག་འཛིན་ཐོབ་གྱུར་ཀྱང་༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་མ་ཐོབ་ན༔ དོན་དམ་བདེན་པ་མེད་པས་མི་ཕན་དགོངས༔ སྟོང་པ་ཉིད་ཀྱི་ལྟ་བ་ཚར་གཅོད་ཕྱིར༔ སྟོང་པ་མ་ཡིན་མི་སྟོང་མ་ཡིན་པས༔ ལྟ་བ་ངན་པ་ཚར་བཅད་

1-10a

༄༅༔       ༔ཕན་ཐོགས་མཛད༔ བཀྲ་ཤིས་ས་གནས་ས་ཡི་སྙིང་འཚོལ་དགོངས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་རི༔ གནམ་འཁོར་ལོ་རྩིབས་བརྒྱད་བཀྲ་ཤིས་གནས༔ ས་པདྨ་འདབ་བརྒྱད་བཀྲ་ཤིས་གནས༔ ལོགས་བཀྲ་ཤིས་རྫས་བརྒྱད་བཀྲ་ཤིས་གནས༔ རི་རྡོ་རྗེ་དགུ་བརྩེགས་འདུག་པ་བཀྲ་ཤིས་གནས༔ བྲག་སེང་གེ་རྒྱབ་བསྣོལ་འདུག་པ་བཀྲ་ཤིས་གནས༔ ཤིང་འཇའ་ཚོན་འོད་འབར་འདུག་པ་བཀྲ་ཤིས་གནས༔ རྩྭ་མེ་ཏོག་གླིང་ཚལ་འདུག་པ་བཀྲ་ཤིས་གནས༔ གསོས་བདུད་རྩི་སྨན་ནགས་འདུག་པ་བཀྲ་ཤིས་གནས༔ མེ་ལོང་སྦུབ་པ་བཞིན་དུ་དབྱིབས་མཐོ་སར་འདུག་པ་བཀྲ་ཤིས༔ གསང་སྔགས་ཀྱི་བསྟན་པ་མེ་བཞིན་དུ་འབར་བར་དགོངས༔ ཡང་དག་མར་མེ་དགུ་པའི་ལྷ་ཚོགས་བསྒྲུབས༔ ཀླུ་གྱོང་པོ་གནོད་སྦྱིན་རྒོད་མ་ཁ༔ བྱང་ཕྱོགས་དུར་ཁྲོད་མ་ལ་ཡ༔ གནམ་ལྕགས་སྤུ་གྲི་ཡོད་པའི་ཚལ༔ གནོད་སྦྱིན་རྒོད་མ་ཁ་ཡི་གནས༔ བསེ་སྦལ་ཁྲ་བོ་

1-10b

ལྕགས་ཀྱི་སྨེ་བ་ཅན༔ སྤུ་གྲི་ལྕགས་ཀྱུ་གྲི་གུག་མདུང་ཡོད་པ༔ བུ་ག་དགུ་ནས་ཁྲག་དང་དུག་ཆུ་འབབ༔ བསེ་ཡི་རུས་སྦལ་ཁྲ་བོའི་ལྟོ་བ་ནས༔ སྲིད་པ་གསུམ་གྱི་རྒྱུ་ལ་དབང་བྱེད་པ༔ ལས་ཀྱི་དབང་གིས་རང་གི་བསྟན་གནོད་ལ༔ སྟོབས་སྡུད་གཞན་འདྲེན་གཞོམ་པར་བྱེད༔ ཐུག་ཆོམ་ཆེན་པོ་རི་རབ་འབུམ་སྙིལ་ཙམ༔ གནམ་ས་ཁ་སྦྱར་ཉི་ཟླ་གཟའ་སྐར་མེད༔ བར་སྣང་གློག་མ་སྤྲིན་སྙིང་འབྱིན་སྙམ་བྱེད༔ ཚ་བ་མ་བཞི་ལ་སོགས་མཐོ་བརྩམ་བྱུང་༔ ལོ་གསུམ་གནམ་ལས་ཆར་པ་མ་བབས་ཤིང་༔ ས་ལ་མྱུ་གུ་མ་སྐྱེས་རྩི་ཐོག་བསྐམས༔ རྒྱ་གར་བལ་པོར་ལོ་གསུམ་མུ་གེ་བྱུང་༔ མི་ནད་ཕྱུགས་ནད་སྤྲིན་ནག་མཆེད་ལྟར་བྱུང་༔ ལྷ་སྲིན་མི་མ་ཡིན་གྱི་བར་ཆད་དགོངས༔ ཤིང་ཀུན་བལ་པོ་ཇི་ལ་ཇི་ས་དང་༔ མཚན་བྲག་བལ་མོ་ཀུན་ལ་ཀུན་ས་ཞི༔ ཕོ་མོ་གཉིས་ལ་གསེར་ཕྱེ་བྲེ་གང་བརྫངས༔ རྒྱ་གར་ཡུལ་གྱི་པཎྜི་ཏ་རྣམས་ལ༔ བྱི་ཏོ་ཏ་མ་འབུམ་སྡེའི་ནང་ནས་སུ༔ བདག་ལ་བར་གཅོད་

1-11a

༄༅༔       ༔བགེགས་ཟློག་གནང་བར་ཞུ༔ རྒྱ་གར་མཁས་པ་པཎ་ཆེན་ཐམས་ཅད་ཀྱིས༔ ཕུར་པ་ཕུན་ཚོགས་མི་ཁུར་གཅིག་གནང་བ༔ ཡང་ལེ་ཤོད་དུ་ཕེབས་པས་རང་བཞིན་དུལ༔ གནམ་ལས་ཆར་བབས་ས་ལ་མྱུ་གུ་སྨིན༔ མི་ནད་ཕྱུགས་ནད་མུ་གེ་རྒྱུན་ཆད་སངས༔ དེ་ཚེ་བལ་ཡུལ་ཤིང་རྩེ་བོད་མགོ་བལྟས༔ མེ་ཏོག་བོད་ཡུལ་ཕྱོགས་སུ་ཁ་བལྟས་བྱེ༔ ཉི་ཟླ་གཟའ་སྐར་བོད་ཡུལ་ཕྱོགས་ལ་ཤར༔ དམ་ཆོས་བོད་ཡུལ་ཕྱོགས་ལ་དར་བའི་ལྟས༔ ལྷ་ལྕམ་བལ་མོ་ཤཱཀྱ་དེ་བ་ཡིས༔ སློབ་དཔོན་མི་བཞུད་བཞུགས་པར་གསོལ་བ་བཏབ༔ ཨོ་རྒྱན་ཆེན་པོ་དགོངས་མཛོད་ཀྱེ༔ རྩི་ཤིང་རྩེ་མོའི་སྟོན་ཕྱོགས་སམ༔ མེ་ཏོག་ཁ་ཡི་བལྟ་ཕྱོགས་སམ༔ བལ་མོའི་རྨི་ལམ་ངན་ལུགས་སམ༔ དཀྱིལ་འཁོར་མདངས་ཡལ་སྐྱེན་ལུགས་སམ༔ སློབ་དཔོན་བོད་དུ་བཞུད་བཞུད་འདྲ༔ སློབ་དཔོན་མ་གཤེགས་བཞུགས་པར་ཞུ༔ དེ་ནས་སློབ་དཔོན་བཀའ་སྩལ་པ༔ བུད་མེད་འཁོར་བའི་

1-11b

གཞི་མ་ཡིན༔ ངན་སོང་གསུམ་གྱི་ས་བོན་ཡིན༔ ཐར་པར་འགྲོ་བའི་སྒོ་འགེགས་ཡིན༔ ཉོན་མོངས་དུག་ལྔའི་རྒྱུ་རྐྱེན་ཡིན༔ བདག་གིས་འཁོར་གྱུར་གཏོགས་པ་ལ༔ སེམས་ཅན་བསམ་གྱིས་མི་ཁྱབ་ཀྱང་༔ ངེས་པའི་དོན་མ་རྟོགས་པའི་ཡིད་གཟུགས་ཅན༔ རང་རང་ལྟ་སྤྱོད་མི་མཐུན་གནོད་ཅིང་འཚེ༔ དུག་ལྔའི་ས་བོན་བསྐྱེད་པ་འདྲེ་ཡི་ལུས༔ ཀླུ་གྱོང་གནོད་སྦྱིན་རྒོད་མ་ཁ༔ བར་སྣང་གློག་མ་སྤྲིན་དང་བཅས༔ བདག་ལ་འགྲན་བཙུགས་དོ་བདོས་ནས༔ རྒྱ་གར་བལ་པོར་བཀྲ་མི་ཤིས་པ་བཏང་༔ ཕུར་པ་མེད་ན་བར་གཅོད་མ་བཟློག་པས༔ ཁྱོད་ལ་ཆོ་འཕྲུལ་བྱུང་བ་ཡང་༔ ཀླུ་གྱོང་དེ་ཡི་སྤྲུལ་པའོ༔ ཆོ་འཕྲུལ་སྣ་རེ་རྡུགས་ཙ་ན༔ ཡི་མུག་བྱས་ཤིང་མྱ་ངན་བྱེད༔ ཚད་པ་ཆེ་བ་བལ་ཡུལ་གཏིང་༔ ཁྲག་མཚོ་ཞག་མཚོ་ཡོད་པའི་གནས༔ རྒྱ་མཚོ་ཆེན་པོ་འཁྱིལ་དབུས་ན༔ གླང་རོག་ཆེན་པོ་མིག་ནས་གློག་འགྱུ་བར་སྤྲུལ༔ སྣ་ནས་ཟངས་ཀྱི་རླུང་དམར་འཚུབ༔

1-12a

༄༅༔       ༔ཁ་ནས་ལྕགས་ཀྱི་སེར་བ་འབབ་པ༔ རྭའི་རྩེ་མོ་གཉིས་ལས་མེ་འབར་ཞིང་༔ སྲིད་པ་གསུམ་པོ་རྭའི་རྩེ་མོ་ལ་གཡེང་པ༔ རྨིག་པ་ལྕགས་ཀྱི་ཕུར་པར་སྣང་བ༔ སྤུ་མཚོན་ཆར་འཁྲིགས་ཅིང་ང་རོ་འབུ་འབུ་ཟེར༔ ཁ་དོག་དུ་མར་སྣང་བ་མང་པོ་འཕྲོས༔ འབུ་འབུ་ལྡིར་རི་རི་འདུག་ནས་སུ༔ སློབ་དཔོན་གྱིས་ཁ་ཊྭཱཾ་ག་ཞིག་གཟིར༔ བལ་ཡུལ་འཕགས་པ་གུ་ལང་གནས་སུ་བྲོས༔ ཀླུ་གདུག་ཕོ་བྲང་ནང་དུ་འགྲོ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ བལ་ཡུལ་ཨ་སུ་རའི་བྲག་ཕུག་བཞུགས༔ རྣམ་ལྔ་ཞིང་གི་མཆོད་པ་བཀྲམ་ནས་སུ༔ སྒྲུབ་པ་ཞག་བདུན་མཛད་པའི་ནུབ༔ ཟངས་ཀྱི་ཝ་མོ་རྐང་གསུམ་དང་༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་དང་༔ གསེར་གྱི་འཕར་བ་ལྕེ་བརྒྱད་དང་༔ ཤེལ་གྱི་ཁྱི་མོ་གདོང་བརྒྱད་བཞི༔ བྱ་བ་ཐམས་ཅད་འགྲུབ་ཅིང་ཟེར་དུ་བྱུང་༔ སློབ་དཔོན་ཁྱེད་རྣམས་སུ་ཡིན་གསུངས་པ་དང་༔ ངེད་ནི་བདུད་པོ་ཐོད་པའི་འཕྲེང་

1-12b

བ་ཅན༔ བདུད་མོ་ནག་མོ་མི་སྡུག་མ་དང་གཉིས༔ བཤོས་པའི་དྲོད་ཁམས་གྲོད་པ་ཅིག་སྐྱེས་ཏེ༔ ནང་ནི་ཅེ་སྤྱང་ལྔ་ནི་བྱུང་བ་ལས༔ དེ་ཚོའི་ནང་ནས་མཐུ་ཆེ་རྩལ་དྲག་པ༔ ངེད་བཞི་ཡིན་པས་བདེན་པ་བསྒོ་བ་གཅེས༔ སྔར་ཡང་སེམས་ཅན་ཤ་ཁྲག་ལ་དབང་བྱས༔ ད་ཡང་སེམས་ཅན་ཤ་ཁྲག་ལ་དབང་ཞུ༔ སློབ་དཔོན་སྦྱོར་བ་མཛད་པས་དམ་ལ་བཏགས༔ རྡོ་རྗེ་ལག་ཏུ་གཏད་ནས་དབང་བཞི་བསྐུར༔ བདུད་རྩི་ལྕེ་ལ་བཞག་ནས་ལུང་ཡང་བསྟན༔ གཟེངས་བསྟོད་དབུགས་དབྱུང་མངའ་གསོལ་ལོ༔ དེ་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ལ༔ ཨ་མའི་དྲིན་ལན་མཆོད་པ་ཕུལ༔ སེམས་ཅན་དོན་འཇུག་སྐོར་བར་གཤེགས༔ བལ་མོ་ཤཱཀྱ་དེ་བ་དང་༔ བལ་པོ་ཇི་ལ་ཇི་ས་དང་༔ བལ་མོ་ཀུན་ལ་ཀུན་ས་ཞི༔ བལ་ཡུལ་ཨེ་ཡི་གཙུག་ལག་ཁང་༔ ཚ་བ་ཚ་ཤོད་མཆོད་རྟེན་དམར་པོ་དང་༔ གོ་ཏ་བི་རའི་གཙུག་ལག་ཁང་༔ ཉ་ནུབ་དད་ཅན་སྐོར་བ་བསྐོར་དུ་ཕྱིན༔ མཚན་དཔེ་ལྡན་པའི་ཁྱེའུ་ཆུང་བརྒྱ༔

1-13a

༄༅༔       ༔སྐོར་བ་བྱེད་ཅིང་ལྷ་ཕྱག་འཚལ༔ དེ་ནས་ཚིག་བཅད་འདི་སྐད་སྨྲ༔ ཨོ་རྒྱན་པད་འབྱུང་ཐུགས་སུ་བྱོན་པ་ཡི༔ ལྷ་གཅིག་བལ་མོ་ཤཱཀྱ་དེ་བ་ལགས༔ བདག་ཅག་རྣམས་ནི་ལྷ་ཕྲུག་ཀླུ་ཕྲུག་བརྒྱ༔ དད་པ་ཆོས་ལ་སྐྱེས་ནས་སྤྱན་སྔར་མཆིས༔ སློབ་དཔོན་གསུངས་པའི་ཆོས་རྣམས་བསྟན་དུ་གསོལ༔ དེ་སྐད་སྨྲས་ནས་མདུན་པུས་བཙུགས༔ བལ་མོ་ཤཱཀྱ་དེ་བས་བཀའ་སྩལ་པ༔ དད་པ་སྐྱེས་པའི་ལྷ་ཕྲུག་ཀླུ་ཕྲུག་བརྒྱ༔ ཆོས་ལ་མོས་པ་སྐྱེས་ནས་ཞུ་བ་ལེགས་སོ༔ དབང་པོ་བརྟན་པས་ཡིད་ལ་བཟུང་ཞིང་ཉོན༔ ཅི་འདོད་སེམས་ཀྱི་དཀྱིལ་དུ་བསྟན་པར་བྱ༔ ཤཱཀྱ་དེ་བས་དེ་སྐད་བཀའ་སྩལ་པས༔ བདུད་ཀྱིས་སླུ་བ་རྣམས་ཀྱིས་ལན་བཏབ་པ༔ ཨ་མ་ཇོ་མོ་ཤཱཀྱ་དེ་བ་ལགས༔ ད་ལྟ་དུས་ཀྱི་ཐ་མར་གྱུར༔ བྱམས་པས་སེམས་ཅན་འཚང་མི་རྒྱ༔ ཞེ་སྡང་མེ་ལྟར་འབར་བའི་ཆོས་ཤིག་ཤོད༔ ཤཱཀྱ་དེ་བས་འདི་སྐད་བཀའ་སྩལ་པ༔ ཞེ་

1-13b

སྡང་ཅན་ནི་དམྱལ་བའི་གནས་སུ་སྐྱེ༔ གལ་ཏེ་མི་རུ་སྐྱེས་ན་བཤན་པར་སྐྱེ༔ ལས་ངན་རྒྱུ་བསགས་དམྱལ་བར་སྐྱེ༔ ལོག་ཆོས་དེ་འདྲ་བདག་ལ་མ་གསུངས་སོ༔ བདུད་ཀྱི་སླུ་བ་རྣམས་ཀྱིས་ཡང་ཞུས་པ༔ སྦྱིན་པ་གཏོང་སྟེ་ཡོ་བྱད་མེད༔ འདོད་ཆགས་ཆུ་ལྟར་འཁྲུག་པའི་ཆོས་ཤིག་ཤོད༔ འདོད་ཆགས་ཅན་ནི་ཡི་དྭགས་གནས་སུ་སྐྱེ༔ གལ་ཏེ་མི་རུ་སྐྱེས་ཀྱང་དབུལ་པོར་སྐྱེ༔ ཡང་ནི་ལས་བསགས་ཡི་དྭགས་གནས་སུ་སྐྱེ༔ ལོག་ཆོས་དེ་འདྲ་བདག་ལ་མ་གསུངས་སོ༔ ཡེ་ཤེས་བསྐྱེད་པས་ཉན་པ་ཉུང་༔ གཏི་མུག་མུན་ལྟར་འཐིབས་པའི་ཆོས་ཤིག་ཤོད༔ གཏི་མུག་ཅན་ནི་བྱོལ་སོང་གནས་སུ་སྐྱེ༔ གལ་ཏེ་མིར་སྐྱེས་གླེན་ལྐུགས་དིག་པར་སྐྱེ༔ ལོག་ཆོས་དེ་འདྲ་བདག་ལ་མ་གསུངས་སོ༔ ཡངས་ས་བསྐྱེད་པས་དོག་པ་མང་༔ ཕྲག་དོག་རླུང་ལྟར་འཚུབ་པའི་ཆོས་ཤིག་ཤོད༔ ཕྲག་དོག་ཅན་ནི་མཐའ་འཁོབ་ཀླ་ཀློར་སྐྱེ༔ གལ་ཏེ་མིར་སྐྱེས་དམག་དཔོན་དར་

1-14a

༄༅༔       ༔ཐོགས་སྐྱེ༔ ལས་ཀྱི་རྒྱུ་བསགས་མཐའ་འཁོབ་སྲིན་པོར་སྐྱེ༔ ལོག་ཆོས་དེ་འདྲ་བདག་ལ་མ་གསུངས་སོ༔ ཞི་བས་སེམས་ཅན་འདུལ་བ་ཉུང་༔ ང་རྒྱལ་རི་ཀླུངས་འཚུབ་པའི་ཆོས་ཤིག་ཤོད༔ ང་རྒྱལ་ཅན་ནི་ལྷ་མིན་གནས་སུ་སྐྱེ༔ གལ་ཏེ་མིར་སྐྱེས་སྡིག་སྤྱོད་མཚོན་ཐོགས་སྐྱེ༔ ལས་ངན་རྒྱུ་བསགས་ལྷ་མིན་གནས་སུ་སྐྱེ༔ ལོག་ཆོས་དེ་འདྲ་བདག་ལ་མ་གསུངས་སོ༔ བདུད་ཀྱི་སླུ་བ་རྣམས་ཀྱིས་ཡང་ཞུས་པ༔ ངེས་པའི་ལུང་གིས་འཚང་མི་རྒྱ༔ གོལ་བའི་ལུང་གིས་བསྒོམས་ན་རྒྱ༔ སྡིག་སྤྱོད་ཆད་པར་ལྟ་བའི་ཆོས་ཤིག་ཞུ༔ ལོག་པའི་ལུང་ལ་བསྒོམས་པ་ན༔ ཚེ་རིང་པོ་ཡི་ལྷ་རུ་སྐྱེ༔ གལ་ཏེ་མིར་སྐྱེས་དགེ་མེད་སྤྲང་པོར་སྐྱེ༔ ལས་རྒྱུན་བསགས་ནས་ཚེ་རིང་ལྷ་རུ་སྐྱེ༔ ལོག་ཆོས་དེ་འདྲ་བདག་ལ་མ་གསུངས་སོ༔ སློབ་དཔོན་གསུངས་པའི་ཆོས་རྣམས་ཀུན༔ མ་ཡིན་པ་ཡི་ལུང་དུ་འདུག༔ རྫོགས་པའི་ཏིང་འཛིན་རྟོགས་མི་ནུས༔ དེ་ལ་བདག་ཅག་འཇུག་མི་ཉན༔

1-14b

དེ་སྐད་ཟེར་ཞིང་མཁའ་ལ་འཕུར་ཏེ་སོང་༔ དེ་དུས་ཨ་སུ་ར་ཡི་སྨན་གྱི་ནགས༔ སེམས་ཅན་གསོས་གྱུར་བདུད་རྩི་སྨན་གྱི་ཚལ༔ འགྲོ་བ་སེམས་ཅན་རྣམས་ལ་ཕན་གདགས་ཆེད༔ སློབ་མ་བལ་པོ་ཇི་ལ་ཇི་ས་ཁོང་༔ ནད་གདོན་བར་དུ་གཅོད་པའི་སེམས་ཅན་ལ༔ དཔྱད་ཀྱི་བྱེ་བྲག་འབུམ་སྡེས་ནད་རྣམས་འཆོས༔ བདུད་རྩི་སྒྲུབ་པའི་སྨན་བཤད་མདོ་རྒྱུད་འཆད༔ ཧསྟ་སྨ་བྱ་ལ་ཅང་ཀ་ལ་ཕྱུང་ཕྱུང་ཤིག་ཤིག༔ འོག་མ་ཕྱོགས་ཀྱི་འབྱུང་པོ་དང་༔ ས་འོག་འདི་ན་གནས་པ་ཡི༔ ཀླུ་དང་ཀླུ་སྲིན་སྲིན་བུ་རྣམས༔ ཀུན་ཀྱང་དམ་ལ་གནས་པའི་ཕྱིར༔ འགའ་ཡང་འདི་རུ་མ་གནས་པར༔ སོ་སོ་བདེ་བའི་གནས་ལ་དེངས༔ བལ་པོའི་རྒྱལ་པོའི་ཤཱི་ལ་མཉྫའི་འཁོར༔ དེ་གྲལ་མཚན་དང་ལྡན་པའི་ཁྱེའུ་ཆུང་བཅུ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ནས་བབས༔ བལ་པོ་ཇི་ལ་ཇི་སའི་མདུན་དུ་བྱུང་༔ པུས་བཙུགས་ཐལ་སྦྱར་ཞུ་དོན་ཆེད་ཁ་སྨྲས༔ སློབ་དཔོན་སྲས་གྱུར་ཇི་ལ་

1-15a

༄༅༔       ༔ཇི་ས་ལགས༔ འདི་ན་མཆིས་པའི་བདག་ཅག་གྲོགས་མཆེད་རྣམས༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་བཅུར༔ དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས༔ དྲང་སྲོང་འཚོ་བྱེད་ཁྱེད་རྣམས་སྤྱན་སྔར་བརྫངས༔ འདིར་མཆིས་ལགས་པས་ངེད་ཀྱི་ངག་བརྗོད་གསོན༔ སེམས་ཅན་ནད་ཀྱིས་བར་གཅོད་འཆི་བ་ལ༔ འཚོ་བྱེད་སྨན་གྱི་སྦྱོར་སྡེ་མང་པོ་ཡིས༔ འཆི་བའི་ནད་རྣམས་བཏུལ་ནས་མ་གསོ་ཞིག༔ ད་ནི་དུས་ལ་འགྱུར་ལྡོག་འོང་དུས་འདིར༔ སེམས་ཅན་གསོས་ན་འཕེལ་ཞིང་གྲངས་མང་ནས༔ ལྟོ་དཔྱད་བསྟན་པ་མྱུར་དུ་ནུབ་སྟེ་འགྲོ༔ བརྒྱ་གསོས་བས་ཀྱང་གཅིག་བསད་བསོད་ནམས་ཆེ༔ དཔྱད་ཀྱི་སྨན་སྡེབས་ཞོག་ལས་དུག་སྦྱོར་སྡེབས༔ སྨན་སྒྲུབ་མ་བྱད་དུག་གི་སྒྲུབ་པ་བགྱི༔ སྒ་ཚག་ཕྱེ་མ་ལེབ་དང་སྟག་ཕྱེ་མ༔ སྨན་སྒྲུབ་བྱེད་པའི་ནང་དུ་བྱུང་ན་བཟང་༔ མི་ལ་བཀྲ་མི་ཤིས་པ་རྩུབ་འགྱུར་འོང་༔ དགོངས་ལ་ཕྱོགས་

1-15b

བཅུའི་སངས་རྒྱས་བཀའ་མ་བཅག༔ ཅེས་སྨྲས་སོ༔ བལ་པོ་ཇི་ལ་ཇི་སས་ལན་བཏབ་པ༔ ཕྱོགས་བཅུའི་སངས་རྒྱས་ཐུགས་འཁྲུལ་ལམ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ བར་གཅོད་སྡུག་བསྔལ་རྣམ་གཉིས་ཡོད༔ འདྲེ་གདོན་བགེགས་ཀྱི་བར་གཅོད་དང་༔ ནད་ཀྱི་བར་དུ་གཅོད་པ་སྟེ༔ བར་གཅོད་གཉིས་པོ་དེ་ཡིས་ནི༔ སེམས་ཅན་ཐམས་ཅད་ཀུན་སྡུག་སྦྱོར༔ སེམས་ཅན་བར་གཅོད་བཟློག་པའི་ཕྱིར༔ ཨོ་རྒྱན་པད་འབྱུང་ཐུགས་རྗེ་ལས༔ བདག་ཅག་ལྕམ་སྲིང་སྤྲུལ་པ་མཛད༔ ལས་ཀྱི་རྣམ་པར་སྨིན་པ་ནི༔ སངས་རྒྱས་ཀྱིས་ཀྱང་བཟློག་མ་གསུངས༔ འཕྲལ་གྱི་རྐྱེན་དབང་བར་གཅོད་རྣམས༔ ཐབས་དང་ཤེས་རབ་སྦྱངས་ནས་སུ༔ བདག་ཅག་ལྕམ་སྲིང་གཉིས་ཀྱིས་བཟློག༔ ཕྱོགས་བཅུའི་སངས་རྒྱས་བཀའ་དེ་འཁྲུལ༔ གཞན་ཉམས་རང་ཆད་བདག་ལ་འོང་༔ སེམས་ཅན་རྣམས་ལ་དུག་ཕན་ན༔ ཁྱེའུང་ཁྱེད་བཅུ་སེམས་ཅན་ཡིན༔

1-16a

༄༅༔       ༔སྨན་ལ་མཁས་ན་དུག་ལ་མཁས༔ འཆི་བར་བྱེད་པ་དུག་སྦྱར་གྱི༔ ཁྱེའུ་ཆུང་ཁྱེད་རྣམས་དུག་ལ་འཐུང་༔ ཞེས་གསུངས་པས༔ ཁྱེའུ་ཆུང་རྣམས་ཀྱི་མཚང་ལ་ཕོག༔ ལན་མེད་ངོ་གནོང་བྲོས་ནས་སོང་༔ ཀླུ་གྱོང་གནོད་སྦྱིན་རྒོད་མ་ཁ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ ཐུགས་སྲས་ཇི་ལ་ཇིས་ཐུགས་རིག་ཅན༔ ཕོ་སྐྱེས་བྱ་བ་ལྷ་ཡི་རིགས༔ བདུད་ཀྱིས་བསླུས་པས་མ་བསླུས་སོ༔ བདུད་ཀྱང་ཡི་མུག་ག་ཆད་དེ༔ ཆོ་འཕྲུལ་བསྐྱར་ནས་སྟོན་དུ་སོང་༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ སེམས་ཅན་ཐམས་ཅད་དོན་ཆེད་དུ༔ ཁབ་བཞེས་ཤཱཀྱ་དེ་བ་ལ༔ བལ་ཡུལ་བདག་པོ་ཀླུ་གྱོང་པོས༔ གནོད་སྦྱིན་ཆོ་འཕྲུལ་བསྟན་པ་ནི༔ བཙུན་མོ་ཤཱཀྱ་དེ་བ་དང་༔ བལ་མོ་ཀུན་ལ་ཀུན་ས་ཞི༔ ཨ་སུ་སྨན་ནགས་སྨན་གྱི་ཚལ༔ མེ་ཏོག་ཚལ་ལ་སྐུ་འཆག་ཕྱིན༔ ལུས་པོ་མི་ཡི་ལུས་པོ་ལ༔ མགོ་བོ་དུང་གི་མགོ་བོ་ཅན༔ དེ་ལ་མིང་དང་མཚན་བཏགས་པ༔

1-16b

རྗེའུ་གཉན་ཐོགས་རྒྱལ་བ་ལགས༔ མི་བཟང་དེ་ནི་རྟ་རུ་བཟང་༔ ལུས་པོ་མི་ཡི་ལུས་པོ་ལ༔ མགོ་བོ་ཟངས་ཀྱི་མགོ་བོ་ཅན༔ དེ་ལ་མིང་དང་མཚན་བཏགས་པ༔ གཉན་བཟང་ཐོག་རྒྱལ་བྱ་བ་ལགས༔ མི་བཟང་དེ་ནི་རྟ་རུ་བཟང་༔ ལུས་པོ་མི་ཡི་ལུས་པོ་ལ༔ མགོ་བོ་སྤྱང་ཀིའི་མགོ་བོ་ཅན༔ དེ་ལ་མིང་དང་མཚན་བཏགས་པ༔ གཉན་ཁ་སྤྱང་རྒྱལ་བྱ་བ་ལགས༔ མི་བཟང་དེ་ནི་རྟ་རུ་བཟང་༔ ལུས་པོ་མི་ཡི་ལུས་པོ་ལ༔ མགོ་བོ་སྦྲུལ་གྱི་མགོ་བོ་ཅན༔ དེ་ལ་མིང་དང་མཚན་བཏགས་པ༔ གཉན་ཁ་སྦྲུལ་འབུམ་ཆེན་པོ་ལགས༔  ལུས་པོ་མི་ཡི་ལུས་པོ་ལ༔ མགོ་བོ་གཡག་གི་མགོ་བོ་ཅན༔ དེ་ལ་མིང་དང་མཚན་བཏགས་པ༔ གཉན་རྗེ་གོད་སྔོན་བྱ་བ་ལགས༔ མི་བཟང་དེ་ནི་རྟ་རུ་བཟང་༔ ལུས་པོ་མི་ཡི་ལུས་པོ་ལ༔ མགོ་བོ་སྟག་གི་མགོ་བོ་ཅན༔ དེ་ལ་མིང་དང་མཚན་བཏགས་པ༔ གཉན་སྟག་ཐོད་རྒྱལ་བྱ་བ་ལགས༔ མི་བཟང་དེ་ནི་རྟ་རུ་བཟང་༔ ལུས་པོ་མི་ཡི་ལུས་པོ་ལ༔

1-17a

༄༅༔       ༔མགོ་བོ་སྤྲེའུའི་མགོ་བོ་ཅན༔ དེ་ལ་མིང་དང་མཚན་བཏགས་པ༔ གཉན་སྦྲེལ་བརྡལ་པ་ཆེན་པོ་ལགས༔ མི་བཟང་དེ་ནི་རྟ་རུ་བཟང་༔ བལ་མོ་ཤཱཀྱ་དེ་བ་དང་༔ བལ་མོ་ཀུན་ལ་ཀུན་ས་ཞི༔ རྟ་སྐྱ་དགུ་སྟེ་དེ་ཡིས་སྨྲས༔ ཟླ་བ་སྲོ་བའི་ཡུལ་འདི་ན༔ ཁྱད་པར་ཅན་གྱི་ལྷ་གཅིག་གཉིས༔ བསོད་ནམས་ཅན་གྱིས་བསྟེན་པའི་ས༔ གང་གི་བཙུན་མོ་དམ་པ་ལགས༔ དེ་སྐད་སླུ་བ་དགུ་རྣམས་མགྲིན་གཅིག་སྨྲས༔ ཀུན་ལ་ཀུན་ས་ཞི་ཡིས་ལན་བཏབ་པ༔ མཐོང་ཡུལ་ཆུང་ལ་གསན་ཁུངས་ཞན༔ རྫུ་བག་ཡིན་ནམ་ཉམས་སད་ཡིན༔ ཡུལ་ནི་བལ་ཡུལ་སྨན་ནགས་ཚལ༔ གོ་ཏ་བི་རའི་གཙུག་ལག་ཁང་༔ བདག་ཅག་མཆོད་འབུལ་སྐོར་བ་བྱེད་དུ་འོང་༔ འགྲན་གྱི་ཟླ་མེད་པད་འབྱུང་བཙུན་མོ་ཡིན༔ ཇི་ཙམ་པ་ཡི་མི་ཞིག་མཐོང་མྱོང་སྟེ༔ མགོ་བརྙན་མི་འདྲ་མི་ཆུང་རྟ་ཆུང་ཞོན༔ ཁྱེད་ཚོའི་རིགས་ནི་མཐོང་མ་མྱོང་༔ ཁྱེད་དགུ་ཉལ་ན་གང་དུ་ཉལ༔ རྟ་དགུ་འགྲོ་ན་གང་དུ་འགྲོ༔

1-17b

ཁྱེད་རྣམས་གར་འཆའ་གང་དུ་དོན༔ དེ་སྐད་ལྷ་གཅིག་སྨྲས་པ་དང་༔ བདུད་ཀྱིས་ཆོ་འཕྲུལ་ལན་བཏབ་པ༔ མཛེས་པའི་ལྷ་གཅིག་ཅི་མི་གསུང་༔ ཕྱི་ཡུལ་བཟང་ལ་ནང་སྒོ་ངན༔ མཐོང་ཐོས་ཤེས་རྒྱ་ཆུང་བར་ངེས༔ ངེད་ཚོ་མི་ཆུང་མ་ཡིན་མི་ཆེན་ཡིན༔ རྟ་ཆུང་མ་ཡིན་རྟ་ཆེན་ཡིན༔ མི་ནི་ཚངས་པ་ལྷ་ཡི་བུ༔ རྟ་ནི་དཔྱོད་ལྡན་ཁྱུང་གི་གཤོག༔ ད་ལྟ་ཀླུ་ཡུལ་སིང་བྲང་ན༔ ཀླུ་རྗེ་གཙུག་ན་རིན་ཅེན་ལ༔ མཛེས་པའི་བུ་མོ་སྤུན་དགུ་ཡོད༔ དེ་ལ་རོལ་རྩེད་བྱེད་དུ་འགྲོ༔ ངེད་དང་གང་ཞིག་ཡིན་ནམ་བསམ༔ པདྨ་འབྱུང་གནས་བྱ་བ་དེས༔ བཙུན་མོ་ལྔ་བརྒྱ་བོར་བ་ཡིན༔ མི་ངན་དེ་འདྲས་ཅི་ཞིག་བྱེད༔ མི་ངན་དེ་མེད་བར་སྐབས་འདིར༔ གྲོགས་སུ་ཚངས་པ་དེ་རིགས་བཟང་༔ པད་འབྱུང་ངན་པ་བོར་ལས་ཐོང་༔ ཁྱེད་གཉིས་དེ་ལ་འདུད་པ་འཕངས༔ ངེད་ཀྱི་ཕྱི་ལ་སྐྱོད་ཅིག་ཟེར༔ བལ་མོ་ཤཱཀྱ་དེ་བས་ལན་བཏབ་པ༔ སེམས་ཅན་ལྟ་བ་མེད་ན་སེམས་ཅན་ག་ལ་ཡིན༔ ཁྱུང་ཆེན་ནམ་འཕང་སྤྱོད་པ་

1-18a

༄༅༔       ༔མཐོང་ཙ་ན༔ བྱ་བྱི་ཤིང་ཁར་ཡན་པ་སྙིང་རེ་རྗེ༔ གངས་རིའི་རྩེ་མོར་སེང་གེའི་རྩལ་མཐོང་ན༔ བྱི་རིའི་རྩེར་རྒྱུག་ཝ་སྤྱང་ཨ་རེ་སྡུག༔ རྒྱ་མཚོའི་གཏིང་གི་ཆུ་སྲིན་འདུག་མཐོང་ན༔ ཀོ་མོག་ནང་གི་སྦལ་ལྕོང་སྙིང་རེ་རྗེ༔ སྟོབས་ཆེན་གྱད་ཀྱིས་འདེགས་པའི་རྩལ་མཐོང་ན༔ བྱིས་པ་སོར་རྡོ་འཕེན་པ་ཨ་རེ་སྡུག༔ སངས་རྒྱས་གཉིས་པའི་གཟི་བརྗིད་མཐོང་ཙ་ན༔ འཁྱལ་ཚིག་སྨྲ་བའི་ལྟ་ངན་སྙིང་རེ་རྗེ༔ སྤྲུལ་སྐུ་མཆོག་ལ་ངན་སྨྲས་གཏོང་བ་འདི༔ ཁ་ལག་སྤྱོད་གསུམ་ཐུབ་པའི་གདེངས་ཅི་ཡོད༔ དེ་སྐད་ཅེས་སྨྲས་པ་དང་༔ སླུ་བས་ལན་མ་ཐེབས་པར་བྲོས་ཏེ་སོང་༔ བལ་མོ་ཤཱཀྱ་དེ་བ་བདུད་ཀྱིས་བསླུས་པས་མ་བསླུས་པའི་ལེའུ་སྟེ་བརྒྱད་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔