༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དང་པོ། སྣོད་ཀྱི་འཇིག་རྟེན་ཇི་ལྟར་ཆགས་པའི་ལེའུ།
Previous Chapter
Next Chapter

(ལེའུ་དང་པོ། སྣོད་ཀྱི་འཇིག་རྟེན་ཇི་ལྟར་ཆགས་པའི་ལེའུ།)

ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་གྲུབ་པ་ནི༔ ཐོག་མར་སྲིད་པ་འབྱུང་བའི་ཆགས་ཚུལ་བསྟན༔ སྲིད་པ་དག་དང་མ་དག་རྣམ་གཉིས་ལས༔ དག་པའི་འཇིག་རྟེན་ཁམས་ཞེས་བཤད་པ་ཡང་༔ བདེ་གཤེགས་ཡེ་ཤེས་ཐུགས་རྗེས་འདུལ་བ་ལ༔ སྐུ་གསུམ་སོ་སོའི་སྨོན་ལམ་ཁྱད་པར་གྱིས༔ རྒྱལ་བའི་ཞིང་ཁམས་གསུམ་དུ་གྲུབ་པར་འགྱུར༔ ཆོས་སྐུའི་ཞིང་ཁམས་ནམ་མཁའི་མཐའ་དང་མཉམ༔ བརྗོད་མེད་བསམ་འདས་ཁྱབ་བརྡལ་ཆེན་པོ་ལས༔ སྟོན་པ་ཀུན་བཟང་ཆེན་པོའི་ངང་ལ་གནས༔

2-6a

༄༅༔      ༔དམ་ཆོས་རྫོགས་ཆེན་ནམ་མཁའ་ལྟ་བུར་གསུངས༔ ཆོས་ཉན་འཁོར་ནི་ཕྱོགས་བཅུའི་སངས་རྒྱས་བྱུང་༔ ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་གནས་ཚུལ་ནི༔ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ལས༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་ཅེས་གསུངས༔ སྟོན་པ་ཀུན་རིག་རྣམ་པར་སྣང་མཛད་བྱུང་༔ དམ་ཆོས་ཟབ་མོ་ཀྲྀ་ཡོག་སྡེ་གསུམ་གསུངས༔ ཆོས་ཉན་འཁོར་ནི་དུས་གསུམ་སངས་རྒྱས་བྱུང་༔ སྤྲུལ་སྐུའི་ཞིང་ཁམས་ཁོར་ཡུག་རྒྱ་ཁྱོན་ནི༔ གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ལ༔ ལྕགས་རི་ནག་པོས་ཡོངས་སུ་བསྐོར་བའི་ནང་༔ མི་མཇེད་འཇིག་རྟེན་ཁམས་ཞེས་ཞིང་ཁམས་སུ༔ སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བྱུང་༔ དམ་ཆོས་ཟབ་མོ་གང་ལ་གང་གདུལ་གསུངས༔ ཆོས་ཉན་འཁོར་ནི་ཉན་ཐོས་སེམས་ཅན་བྱུང་༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས༔ སྤྲོས་མེད་སྐུ་དང་ནང་རྒྱུད་ཐུགས་ཀྱིས་འདུལ༔ ལོངས་སྤྱོད་

2-6b

རྫོགས་སྐུ་རྣམ་པར་སྣང་མཛད་ཀྱིས༔ རྒྱལ་བའི་སྐུ་དང་ཕྱི་རྒྱུད་སྐུ་ཡིས་འདུལ༔ སྤྲུལ་སྐུའི་སྟོན་པ་ཤཱཀྱ་ཐུབ་པ་ཡིས༔ ཉན་ཐོས་སྐུ་དང་མཚན་ཉིད་གསུང་གིས་འདུལ༔ མེ་ཏོག་བརྒྱན་པའི་ཞིང་ཁམས་བསྟན་པ་ནི༔ ཀུན་བཟང་ཞིང་ཁམས་ཐོག་མར་གཞི་ལས་བྱུང་༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ཞིང་ཁམས་ནི༔ ནམ་མཁའ་མཐའ་ཡས་ཁྱབ་གདལ་ཆེན་པོ་ལ༔ བརྗོད་མེད་བསམ་འདས་མཁའ་དབྱིངས་རྣམ་པར་དག༔ མ་བཅོས་སྤྲོས་མེད་ཤེས་རབ་དབྱིངས་སུ་གྲོལ༔ དབྱེར་མེད་ལྷུན་རྫོགས་སྙིང་པོ་ཀ་ནས་དག༔ ཀུན་བཟང་དགོངས་པ་ཐིག་ལེ་བདེ་བ་ཆེ༔ ལོངས་སྐུ་རྣམ་པར་སྣང་མཛད་ཞིང་ཁམས་ནི༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་ལ༔ ནམ་མཁའ་མཐའ་དབུས་མེད་པའི་ཀློང་ཡངས་ན༔ རླུང་གི་དཀྱིལ་འཁོར་རྡུལ་ཕྲན་སྙེད་ཀྱིས་བསྐོར༔ རླུང་གི་དཀྱིལ་འཁོར་ཆེན་པོའི་འོག་མ་ནི༔ གཞི་ཉིད་ཀུན་ལ་ཁྱབ་པ་ཞེས་བྱ་སྟེ༔ རིན་ཅེན་འོད་འཕྲོ་

2-7a

༄༅༔      ༔འབར་བས་ཁྱབ་གདལ་ཞིང་༔ རླུང་གི་དཀྱིལ་འཁོར་ཀུན་གྱི་གོང་མ་ནི༔ གཟི་བརྗིད་དཔལ་གྱི་སྙིང་པོས་ཁྱབ་ཅིང་གདལ༔ དེ་ཡི་སྟེང་ན་རྒྱ་མཚོ་གནས་པ་ནི༔ མིང་ནི་ནོར་བུ་སྣང་ཡས་རྒྱ་མཚོ་ཞེས༔ རྒྱ་མཚོ་དེ་ལས་པདྨའི་སྡོང་པོ་སྐྱེས༔ མིང་ནི་སྤོས་ཀྱི་རྒྱལ་པོ་འོད་ཟེར་ལ༔ ཟེ་བ་རིན་ཆེན་སྣ་ཚོགས་ཞེས་བྱ་བྱུང་༔ དེ་ལས་མེ་ཏོག་པདྨ་སྣ་ཚོགས་སྐྱེས༔ མེ་ཏོག་རེ་ལ་རྒྱ་མཚོ་སྟེང་དུ་ཆགས༔ དེ་ཡི་སྟེང་དུ་འཇིག་རྟེན་རྡུལ་སྙེད་གྲུབ༔ ཡར་བལྟས་མར་བལྟས་རྒྱ་ཐེབ་བརྩེགས་པ་འདྲ༔ ཕར་ཚུར་བལྟས་ན་ཟ་འོག་གུར་ཁྱིམ་འདྲ༔ རྒྱལ་བའི་ཞིང་ཁམས་བསམ་ལས་འདས་པ་ཡང་༔ འཇིག་རྟེན་འདི་ཉིད་དབུས་སུ་གྱུར་པ་ཡི༔ སྤོས་ཆུའི་རྒྱལ་པོ་ཟེ་བ་ཀུན་འབྱུང་བ༔ འོད་ཟེར་མཐའ་ཡས་ཞེས་བྱའི་སྟེང་ན་ནི༔ ནོར་བུའི་རྒྱལ་པོ་བྱང་ཆུབ་ཤིང་ཆེན་སྐྱེས༔ གཞི་ཉིད་སྤོས་དང་ནོར་བུའི་རྒྱལ་པོ་ལས༔ རྒྱལ་བའི་

2-7b

རྒྱན་ཅེས་བྱ་བའི་པདྨོ་བྱུང་༔ དེ་ལ་འཇིག་རྟེན་འདི་ཉིད་ལྷུན་གྱིས་གྲུབ༔ ཕྱོགས་བཅུ་བརྗོད་དུ་མེད་པའི་ཞིང་གིས་བསྐོར༔ རྣམ་པར་སྣང་མཛད་མཉམ་གཞག་ཕྱག་གི་མཐིལ༔ ལྷུང་བཟེད་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་༔ སྤོས་ཆུའི་རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ན༔ མེ་ཏོག་བརྒྱན་པ་པདྨའི་སྡོང་པོ་སྐྱེས༔ རྒྱུ་ནི་རིན་ཅེན་སྣ་ཚོགས་ཀུན་ལས་གྲུབ༔ དེ་ལ་ཡལ་འདབ་མེ་ཏོག་དཔག་མེད་སྐྱེས༔ དེའི་སྟེང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་གྲུབ༔ དཔེར་ན་མེ་ཏོག་ཧ་ལོའི་ལྡུམ་བུ་འདྲ༔ ལྡུམ་བུ་ལ་ནི་མེ་ཏོག་འཁྲུངས་པ་ཡི༔ མེ་ཏོག་གཅིག་གི་ནང་གི་དཀྱིལ་ན་ཡར༔ ཁ་དོག་སེར་མོའི་ཕྲུམ་ཕྲུམ་ཟེའུ་འབྲུ་ཡོད༔ འབྲུ་གུ་གཅིག་གི་རྒྱ་ཁྱོན་ཚད་ལ་ནི༔ རི་བོ་མཆོག་རབ་བྱེ་བ་ཕྲག་བརྒྱ་ལ༔ གླིང་བཞི་གླིང་ཕྲན་འཁོར་གྱིས་བསྐོར་བ་ཡོད༔ དཔེར་ན་མེ་ཏོག་འདབ་མ་རེ་རེའི་སྟེང་༔ ཕྲུམ་ཕྲུམ་སྤུངས་པའི་དཀྱིལ་གྱི་ཕྱེད་ན་ཡར༔ ཉི་ཤུ་རྩ་ལྔ་བརྩེགས་

2-8a

༄༅༔      ༔པའི་འཇིག་རྟེན་ཡོད༔ མེ་ཏོག་དབུས་མའི་བཅུ་གསུམ་བར་སྐབས་ནི༔ མི་མཇེད་འཇིག་རྟེན་ཁམས་འདི་ཡིན་ཞེས་གྲགས༔ བཅུད་ཀྱི་སེམས་ཅན་མཐའ་ཡས་གྲངས་ལས་འདས༔ སངས་རྒྱས་སྤྲུལ་སྐུས་སེམས་ཅན་འགྲོ་དོན་མཛད༔ དེ་ནི་མེ་ཏོག་བརྒྱན་པའི་འཇིག་རྟེན་ཡིན༔ ཕྱོགས་བཅུའི་རྒྱལ་བ་ཀུན་གྱིས་དེ་སྐད་གསུངས༔ འདི་ཡང་ཁོལ་བུ་གཅིག་གི་ཚོད་ཡིན་ཏེ༔ ཕྱོགས་བཅུ་སྟོང་གསུམ་བསམ་གྱིས་མི་ཁྱབ་པས༔ རྣམ་པར་སྣང་མཛད་དེ་ཡི་སྐུ་ལས་ནི༔ འོད་ཟེར་ཕྱོགས་བཅུར་ཉི་མའི་ཟེར་ལྟར་འཕྲོས༔ འོད་ཟེར་རེ་རེའི་རྩེ་ལ་ཞིང་ཁམས་ཆགས༔ ཞིང་ཁམས་རེ་ལ་རྣམ་པར་སྣང་མཛད་བཞུགས༔ མེ་ཏོག་སྡོང་པོ་གོང་དུ་བསྟན་པ་ལྟར༔ ཡལ་འདབ་རྒྱས་ཤིང་མེ་ཏོག་སྟེང་རྣམས་ན༔ ཞིང་ཁམས་དཔག་མེད་གོང་དུ་བཤད་དང་མཚུངས༔ རྒྱལ་བ་ཤཱཀ་ཐུབ་ཞིང་ཁམས་མི་མཇེད་འདི༔

2-8b

མེ་ཏོག་བརྒྱན་པ་པདྨའི་སྡོང་པོ་ཡི༔ མེ་ཏོག་འདབ་མ་ལྔ་བརྒྱ་ཕྲག་བཞིའི་འོག༔ མེ་ཏོག་བརྡལ་བ་ཆེན་པོ་གཅིག་གི་སྟེང་༔ དཔེར་ན་མེ་ཏོག་ཧ་ལོའི་མེ་ཏོག་དཀྱིལ༔ སེར་མོ་འབྲུ་གུ་ཕྲུམ་ཕྲུམ་སྤུངས་པའི་དཀྱིལ༔ ཕྲུམ་ཕྲུམ་ཉི་ཤུ་རྩ་ལྔ་བརྩེགས་པ་ཡོད༔ ཕྲུམ་ཕྲུམ་རེ་ལ་སྤྲུལ་སྐུའི་ཞིང་ཁམས་ནི༔ གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ཡོད༔ སྤྲུལ་སྐུའི་སྟོན་པ་རེ་རེའི་གདུལ་ཞིང་ཡིན༔ དེ་ལྟར་བརྩེགས་པ་ཉི་ཤུ་རྩ་ལྔ་ཡི༔ དབུས་མ་བཅུ་གསུམ་བར་སྐབས་གནས་པ་ནི༔ སྟོན་པ་ཤཱཀྱ་ཐུབ་པའི་གདུལ་ཞིང་ཡིན༔ སྟོང་གསུམ་སྙིང་པོ་མི་མཇེད་འཇིག་རྟེན་ཁམས༔ གླིང་གི་མཆོག་གྱུར་འཛམ་གླིང་བཻ་ཌཱུརྱ༔ ཡུལ་གྱི་སྙིང་པོ་རྒྱ་གར་མ་ག་དྷ༔ གྲོང་ཁྱེར་སྙིང་པོ་སེར་སྐྱའི་རྒྱལ་པོའི་ཁབ༔ བཞུགས་གནས་སྙིང་པོ་མི་འགྱུར་རྡོ་རྗེའི་གདན༔ འཇིག་རྟེན་ཞིང་ཁམས་མ་ལུས་ཀུན་གྱི་མཆོག༔ རྒྱལ་བའི་ཐུགས་རྗེས་སྨོན་ལམ་ཁོལ་དུ་ཕྱུང་༔ དག་

2-9a

༄༅༔      ༔པའི་འཇིག་རྟེན་ཁམས་སུ་གསུངས་པ་ཡིན༔ མ་དག་སྤྱི་མཐུན་ལས་ལ་གྲུབ་པ་ནི༔ ཕྱི་ནང་སྣོད་བཅུད་འཇིག་རྟེན་རྣམ་གཉིས་ལས༔ ཕྱི་ཉིད་འཇིག་ཆགས་སྟོངས་གནས་ཉི་ཤུ་འབྱུང་༔ འཐབ་བྲལ་མན་ཆོད་སྟོངས་གནས་ཉི་ཤུ་ལ༔ གཞི་ནི་ནམ་མཁའ་མཐའ་དབུས་མེད་པ་ཡི༔ འདེགས་བྱེད་རླུང་གི་དཀྱིལ་འཁོར་རྒྱ་རེ་ཆེ༔ རླུང་གི་དཀྱིལ་ཆེན་པོའི་རྔམས་སུ་ནི༔ ས་ཡ་དང་ནི་འབུམ་ཕྲག་དྲུག་ཏུ་གནས༔ རྒྱ་ཁྱོན་དཔག་ཚད་གཞལ་མི་ནུས་པ་ཡོད༔ ཆུ་ཆེན་ཁོར་ཡུག་རྒྱ་མཚོ་གཏིང་དུ་ཐབ༔ ཆུ་ཡི་རྔམས་སུ་འབུམ་ཕྲག་བཅུ་གཅིག་དང་༔ དཔག་ཚད་སྟོང་ཕྲག་ཉི་ཤུར་གནས་པ་ཡོད༔ རྒྱ་ཁྱོན་དཔག་ཚད་གྲངས་དང་གཞལ་མི་ནུས༔ གསེར་གྱི་ས་གཞི་ཁོད་སྙོམས་ལེགས་པར་ཆགས༔ རྒྱ་མཚོའི་ལྦུ་བ་སྲིད་པའི་ས་རུ་གྱུར༔ ཆུ་རྡུལ་ཕྲ་མོ་རིན་ཅེན་བྲག་ཏུ་གྱུར༔ རི་རྒྱལ་ལྷུན་པོ་ཕྲ་རབས་

2-9b

རྡུལ་ལས་གྲུབ༔ གསེར་གྱི་རི་བདུན་ཕྱེད་དཔག་རིམ་པར་ཆགས༔ རོལ་པའི་མཚོ་བདུན་ཁ་དོག་སོ་སོར་གསལ༔ གླིང་ཆེན་བཞི་ནི་བཀོད་ལེགས་གཟུགས་མི་འདྲ༔ གླིང་ཕྲན་བརྒྱད་ནི་གླིང་འདྲ་བཀོད་པ་ལེགས༔ ཉི་ཟླ་གཟའ་སྐར་མུན་སེལ་མཁའ་ལ་འཁོར༔ མཐའ་མ་ལྕགས་རི་གཅིག་གིས་བསྐོར་བའི་ནང་༔ གླིང་ལས་ཁྱད་འཕགས་ལྷོ་ཡི་འཛམ་བུ་གླིང་༔ ཆོས་རྒྱལ་བདེ་གཤེགས་ཞིང་ཁམས་ཁྱད་པར་ཅན༔ རྡོ་རྗེ་གདན་དྲུང་སངས་རྒྱས་བཞུགས་པའི་གནས༔ ནམ་མཁའ་མདོག་ཀྱང་བཻ་ཌཱུར་སྔོན་པོར་གསལ༔ རིན་ཅེན་ས་གཞི་སོག་པའི་དབྱིབས་སུ་གནས༔ སངས་རྒྱས་སྟོང་གི་བསྟན་པ་འབྱུང་བ་ཡང་༔ རྡོ་རྗེ་གདན་དུ་ཐམས་ཅད་རྒྱས་པར་འགྱུར༔ སངས་རྒྱས་སྟོང་རྩའི་བསྟན་པ་ཚར་ནས་ནི༔ བདེ་གཤེགས་རྒྱལ་བའི་བསྟན་པ་རྫོགས་གྱུར་ནས༔ བསྐལ་ཆེན་འཇིག་རྟེན་སྟོངས་པར་གྱུར་ནས་ནི༔ སྣོད་

2-10a

༄༅༔      ༔ཀྱི་འཇིག་རྟེན་ཆེན་པོ་འདི་ཉིད་ཀྱང་༔ ཀུན་གྱུར་མེ་ཡི་བསྐལ་བས་བསྲེགས་གྱུར་ནས༔ ཐལ་བ་རླུང་གི་བསྐལ་བས་འཐོར་བར་འགྱུར༔ ཆུ་ཡི་བསྐལ་པས་ཡོངས་སུ་བྱང་ཞིང་དག༔ གནས་པའི་བར་གྱི་ཡུན་དེ་སྟོངས་པར་འགྱུར༔ སྟོངས་པའི་བར་ཡུན་ཆགས་ཤིང་བརྟན་པར་བྱེད༔ ཐོག་མར་འཇིག་རྟེན་འདི་ཉིད་སྟོངས་གྱུར་ནས༔ དེ་ནས་ཡང་གཅིག་འཇིག་རྟེན་ཆགས་པ་ནི༔ འཇིག་རྟེན་གྲུབ་ཚུལ་འདི་ལྟར་གྲུབ་པ་ཡིན༔ རླུང་གི་དཀྱིལ་འཁོར་ཟེའུ་འབྲུའི་སྟེང་དག་ཏུ༔ ཆུ་ཡི་ཕུང་པོ་རྒྱ་མཚོ་འབུམ་ཕྲག་ཆགས༔ དེ་ཡི་སྟེང་དུས་ཆེན་ཆགས་ཚུལ་ནི༔ སྲིད་པ་རྒྱ་མཚོ་རླུང་གིས་བསྐྱོད་ན་ཡང་༔ ཆུ་རླུང་བརྡོལ་བས་རྦ་འཚུབ་རབ་ཏུ་འཁྲུགས༔ དཔེར་ན་མར་འདོད་འོ་མ་བསྲུབས་པ་བཞིན༔ རྦ་ཀློང་ཆུ་ཚན་སྒང་གཤོངས་མཐོ་དམན་བྱེད༔ ལིང་ལོག་འུར་འུར་དིང་དིང་ཀུན་ཏུ་གཡོས༔ དཔེར་ན་རྡོ་སོལ་ཆུ་དང་

2-10b

ཕྲད་པ་བཞིན༔ ཆུ་ཚན་ཁོལ་བའི་སྒྲ་ནི་འབྲུག་ལྟར་སྒྲོག༔ བར་བསྐལ་ཕྱེད་དུ་ཆུ་ཡི་འབྱུང་བ་གཡོས༔ རྒྱ་མཚོ་ཆེན་པོ་འཁྲུགས་པའི་ལྦུ་བ་ལས༔ ལྦུ་བ་བརྡོལ་བས་རྒྱ་མཚོའི་སྟེང་རྣམས་མཆོད༔ འབྱུང་བ་ཐེར་སྤུངས་ལྦུ་བ་འཁྱིམས་པ་ལས༔ སྲིད་པའི་ས་རྡོ་རི་བྲག་ཀུན་རྣམས་གྲུབ༔ དེ་ཉིད་རང་བཞིན་དྲོད་དུ་འབར་བ་ལས༔ བར་བསྐལ་ཕྱེད་དུ་མེ་དྲོད་རླུང་གིས་གཡོས༔ དེ་སྟེང་རྡོ་ནི་རིན་ཅེན་གྲུབ་པའི་རྒྱུ༔ ཆུ་ཆེན་རྦ་འཚུབ་འཁྲུགས་པའི་ལྦུ་བས་གཡོགས༔ དེ་ཉིད་འབྱུང་བ་ཚ་གྲང་འཐབས་པ་ཡིས༔ རླུང་གིས་བུས་ནས་ས་རྡོ་མེ་རུ་འབར༔ བར་བསྐལ་ཕྱེད་དུ་འབྱུང་བའི་དངས་སྙིགས་ཕྱེད༔ ལྕགས་ཐབ་མགར་བས་ཞུན་ཆེན་བཞུ་བ་ལྟར༔ རིན་ཆེན་རྡོ་ལ་གསེར་གྱི་ས་གཞི་ཆགས༔ ས་ཆུ་མེ་རླུང་རྒྱལ་ཕམ་སོ་སོའི་དུས༔ རིན་ཅེན་རྡོ་དང་ས་རུ་དངས་སྙིགས་ཕྱེད༔ རི་རབ་རིན་ཅེན་རྣམ་པ་ལྔ་ལས་གྲུབ༔ གསེར་གྱི་རི་བདུན་གླིང་

2-11a

༄༅༔      ༔བཞི་གླིང་བྲན་བརྒྱད༔ ལྕགས་རི་ལ་སོགས་སྟོང་གསུམ་འཇིག་རྟེན་ཁམས༔ འབྱུང་བ་ཐེར་སྤུངས་ལྦུ་བ་བརྩེགས་ལས་གྲུབ༔ གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ལ༔ ཉི་མ་ཟླ་བ་བྱེ་བ་ཕྲག་བརྒྱས་བསྐོར༔ མཉམ་དུ་ཆགས་ཤིང་མཉམ་དུ་གནས་པའི་དུས༔ ཡ་ཐོག་རིང་མོར་ཡར་འཕེལ་དུས་མེད་ཀྱང་༔ སྔོན་ཐོག་བསྐལ་པ་བཟང་པོའི་དུས་ཚོད་ཅེས༔ སྣོད་ཀྱི་འཇིག་རྟེན་ཇི་ལྟར་ཆགས་པའི་ལེའུ་སྟེ་དང་པོའོ༔       ཐཐཉྲརྒྱ།རྒྱ།༔       ༔