༄༅། །བཀའ་ཐང་སྡེ་ལྔ།
ལེའུ་གཉིས་པ། བཅུད་ཀྱི་སེམས་ཅན་ཇི་ལྟར་གྲུབ་པའི་ལེའུ།
Previous Chapter
Next Chapter

(ལེའུ་གཉིས་པ། བཅུད་ཀྱི་སེམས་ཅན་ཇི་ལྟར་གྲུབ་པའི་ལེའུ།)

བཅུད་ཀྱི་སེམས་ཅན་ཇི་ལྟར་གྲུབ་པ་ནི༔ ཁམས་གསུམ་སེམས་ཅན་འགྲོ་བ་རིགས་དྲུག་རྣམས༔ ལས་དང་ཉོན་མོངས་གཉིས་ཀྱི་རྒྱུ་ལས་བྱུང་༔ སྲིད་པའི་སྒོ་ང་ཕྱོགས་རྣམས་ཀུན་ཏུ་བརྡོལ༔ སྲིད་པ་མི་དང་བྱོལ་སོང་སྣ་ཚོགས་བྱུང་༔ འདམ་དང་དྲོད་གཤེར་སྐྱེས་པ་མི་ཡང་བྱུང་༔ དབྱར་གྱི་བརླན་དྲོད་འཛོམས་པའི་སེམས་ཅན་བཞིན༔ སེང་ཕྲོམ་ཤིང་ཏོག་མི་རུ་གྲུབ་པ་ལྟར༔ རང་བཞིན་

2-11b

འོད་ལས་གྲུབ་པའི་མི་ཡང་བྱུང་༔ ནམ་མཁའི་ལྷ་ལས་བབས་པའི་མི་ཡང་བྱུང་༔ འཇིག་རྟེན་ཡོན་ཏན་ཡར་འཕེལ་གོང་དུ་འཕེལ༔ ས་ཞག་ས་ལུ་མ་རྨོས་ལོ་ཏོག་རྒྱས༔ སྤྱི་མཐུན་སེམས་ཅན་བདེ་སྐྱིད་ཡར་ལ་འཕེལ༔ བསྐལ་བཟང་ཚེ་ལོ་དཔག་མེད་གྲངས་ལས་འདས༔ མི་ཡི་སྐྱེ་གཟུགས་བོངས་ནི་དཔག་ཚད་རེ༔ དེ་དང་མཐུན་པའི་ལོངས་སྤྱོད་བསམ་མི་ཁྱབ༔ དེ་མཐུན་བྱོལ་སོང་རྐང་འགྲོས་བསམ་མི་ཁྱབ༔ ལོངས་སྤྱོད་རྒྱས་ཤིང་སེམས་ཅན་གཟུགས་དར་བཟང་༔ བདེ་སྐྱིད་ཕུན་ཚོགས་སྐལ་བཟང་དུས་ཚོད་དེར༔ འཇིག་རྟེན་མཁྱེན་པའི་རྒྱལ་བ་མི་འབྱོན་ཡང་༔ ཡང་སྤྲུལ་བྱང་སེམས་འཕགས་པ་འབྱུང་བར་འགྱུར༔ དེ་དུས་རྒྱ་མཚོ་ཆེན་པོ་གཡས་སུ་འཁོར༔ དབང་ཆེན་གསེར་གྱི་ས་གཞི་དེ་ལ་རེག༔ མཚོ་ཡི་རླངས་ཀྱིས་ས་རྡོ་ཀུན་རྣམས་དྲོས༔ འབྱུང་བའི་དྲོད་རྒྱས་སྤྱི་མཐུན་བསོད་ནམས་འཕེལ༔ སེམས་ཅན་བསོད་ནམས་

2-12a

༄༅༔      ༔དགའ་ལྡན་ལྷ་དང་འདྲ༔ ལོངས་སྤྱོད་ས་ལ་སྐྱེ་རྒུ་ཟས་སུ་འགྲོ༔ འཇག་ཁྱིམ་ཀོ་ཁྱིམ་སྦྲ་ཁྱིམ་དར་བ་བྱུང་༔ རང་བཞིན་བཟང་པོའི་སེམས་ཅན་བདེ་སྐྱིད་སྙོམས༔ ནོར་རྫས་ལ་སོགས་ཆགས་འཛིན་བསམ་པ་མེད༔ དྭོགས་འཚེ་གནོད་འཇོམས་གསོད་པའི་བསམ་པ་མེད༔ ཞེ་སྡང་ང་རྒྱལ་ཕྲག་དོག་བསམ་པ་མེད༔ རང་བཞིན་ཤུགས་ཀྱིས་སེམས་ཅན་རྣམ་རྟོག་ཉུང་༔ དམག་དང་འཁྲུག་རྩོད་ཚོང་དང་ཁེ་ཁྲམ་མེད༔ དགྲ་དང་སྲིད་ཀྱི་སྡེ་རིས་འདོན་པ་མེད༔ རང་སེམས་བཟང་པོ་དགའ་བྲོ་རྩེད་གླུ་བྱེད༔ ལོངས་སྤྱོད་བཟའ་བཏུང་གང་འདོད་ཅི་དགར་སྤྱོད༔ རང་མདངས་འོད་དུ་ཤར་བས་ཉིན་ནུབ་མེད༔ རང་བཞིན་བཟང་པོ་བདེ་འགྲོ་སྙོམས་པའི་དུས༔ ཚེ་ལོ་དཔག་མེད་བསྐལ་པ་བཟང་པོའི་གོང་༔ ཡ་ཐོག་རིང་མོ་ཞེས་སུ་བཤད་པ་ཡིན༔ དེ་ནས་ཚེ་ལོ་དཔག་མེད་འདས་པ་ནི༔ མ་ཐོག་ཁུག་པ་ཞེས་བྱ་འབྱུང་བར་འགྱུར༔

2-12b

དེ་ནས་རྒྱ་མཚོ་ཆེན་པོ་གཡོན་དུ་འཁོར༔ སྲིད་པ་རྒྱ་མཚོ་རྦ་འཚུབ་འཁྲུགས་པ་ལས༔ ཆུ་ཀླུང་ལྦུ་བས་གསེར་གྱི་ས་གཞི་བཏེག༔ ཆུ་ཆེན་ཁོར་ཡུག་ལྦུ་བ་སྲིད་དུ་ཆགས༔ བརྒྱ་ཕྲག་རེ་ནས་ས་གཞི་གྱེན་དུ་འཕགས༔ གསེར་གྱི་ས་གཞི་རྒྱ་མཚོའི་བརླན་དང་བྲལ༔ སྤྱི་མཐུན་ལོངས་སྤྱོད་སོས་ཀའི་ཆབ་རོམ་འདྲ༔ རྒྱ་མཚོའི་རླངས་ཀྱིས་ས་རྡོ་དྲོ་མ་ནུས༔ འབྱུང་བའི་དྲོད་ཡལ་ས་ཞག་ལོ་ཏོག་བསྐམས༔ སེམས་ཅན་སྐྱེ་གཟུགས་འཚོ་བ་ངན་དུ་འགྲོ༔ རང་མདངས་འོད་ཡལ་མུན་པའི་གླིང་དུ་འཁྱམས༔ དེ་དུས་སྤྱི་མཐུན་སེམས་ཅན་བསོད་ནམས་ལ༔ མུན་པ་སེལ་བའི་ཉི་ཟླ་གྲུབ་པ་ནི༔ རིན་ཅེན་སྤྲིན་ལས་འལ་འོལ་ཆད་ཆོད་འཁྱིལ༔ མེ་ཤེལ་སྙིང་པོ་ཉི་མའི་དཀྱིལ་འཁོར་གྲུབ༔ རི་རབ་དཔག་ཚད་བརྒྱད་ཁྲིའི་ཕྱེད་ལ་འཁོར༔ སེམས་ཅན་རང་མདངས་འོད་འབར་ཉམས་པ་བསབས༔ ཉི་མའི་ཟླ་བོ་མུན་པ་སེལ་བ་ལ༔ རིན་ཅེན་སྤྲིན་

2-13a

༄༅༔      ༔ལས་ཆུ་ཤེལ་ཟླ་བ་གྲུབ༔ དཔག་ཚད་བཅུ་གསུམ་བར་དུ་གནས་ལ་འཁོར༔ ཉི་མའི་རྒྱ་ཁྱོན་དཔག་ཚད་ལྔ་བཅུ་གཅིག༔ མུ་ཁྱུད་ཁོར་ཡུག་དཔངས་སུ་དཔག་ཚད་གསུམ༔ ནང་ན་ལྷ་ཡི་གྲོང་ཁྱེར་དཔག་ཏུ་མེད༔ ཟླ་བའི་རྒྱ་ཁྱོན་དཔག་ཚད་ལྔ་བཅུ་ལ༔ འཁོར་ཡུག་མུ་ཁྱུད་དཔག་ཚད་ཕྱེད་མ་ལོངས༔ ནང་ན་ལྷ་ཡི་གྲོང་ཁྱེར་དཔག་ཏུ་མེད༔ ཟླ་བ་ཆེ་ཆུང་སྐྱེ་འབྲི་མི་སྲིད་ཀྱང་༔ ཟླ་བ་སྟོད་སྨད་སྐྱེ་འབྲི་འབྱུང་བ་འདྲ༔ གནམ་སྟོངས་དུས་སུ་ཆུ་ཤེལ་ཟླ་བའི་སྟེང་༔ ཉི་མས་ནོན་པས་གསལ་བའི་ནུས་པ་མེད༔ ཚེས་གསུམ་དུས་སུ་བག་ཙམ་བྲལ་བ་ཡིས༔ མུ་ཆུའི་དྲི་མ་ནང་དུ་ཁྱབ་ཚད་གསལ༔ ཚེས་བརྒྱད་དུས་སུ་གྲིབ་མས་ཕྱེད་ལ་ཁྱབ༔ བཅོ་ལྔ་ཀུན་ལ་ཁྱབ་པས་གསལ་བ་ཡིན༔ དབྱར་དགུན་ཉི་མ་རིང་ཐུང་ཁྱད་པར་ནི༔ དབྱར་ནི་རི་རབ་ཉི་མ་ཉེ་བས་བུལ༔ རླུང་གིས་མ་བསྐྱོད་རི་རབ་ལྡེབས་ལ་དལ༔ ཅང་ཤེས་རྟ་གསུམ་

2-13b

བསྐྱོད་པའི་ཤུགས་དང་མཚུངས༔ དགུན་ནི་རི་རབ་ཉི་མ་རྒྱང་ཐག་རིང་༔ རི་ཡིས་ས་བསྐྱབས་རླུང་གིས་བསྐྱོད་པས་མགྱོགས༔ འཁོར་ལུགས་ཤུགས་ཆེ་དཔགས་ཆེན་མདའ་དང་འདྲ༔ གཟའ་སྐར་རིན་ཅེན་ལྔ་ལས་གྲུབ་པ་ཡང་༔ ཁ་དོག་གསལ་བས་གསེར་ཟངས་འཁར་བ་གསུམ༔ ཆེ་བ་རྒྱ་ཁྱོན་རྒྱང་གྲགས་བཅོ་བརྒྱད་ཡོད༔ ཆུང་བ་རྒྱང་གྲགས་གསུམ་དུ་གནས་པ་ལ༔ ཆེ་ཆུང་གང་ཡང་ལྷ་ཡི་གཞལ་ཡས་ཁང་༔ ཉི་མས་ནོན་ཚེ་སྐར་མ་བག་ལ་ཞ༔ སྤུ་གྲིའི་སྟོབས་ཅན་རླུང་གིས་འདེགས་པའི་གོང་༔ འདེགས་དང་གནོན་དང་འཕྲུལ་དང་བརྟེན་པའི་རླུང་༔ བཞི་སྒྲོམ་རླུང་གིས་ཉི་ཟླ་གཟའ་སྐར་བཏེག༔ མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས༔ འབྱུང་བ་ཚ་གྲང་ཕྲད་པས་གློག་ཏུ་འཁྱུག༔ དེ་ཉིད་འཐབས་པས་མཁའ་ལ་འབྲུག་སྒྲ་སྒྲོག༔ དྲག་ཅིང་ངར་ན་བར་ནས་ཐོག་ཏུ་འབབ༔ དཔེར་ན་མེ་ལྕགས་རྡོ་ལ་བརྡབས་

2-14a

༄༅༔      ༔པ་བཞིན༔ བར་ནས་མེ་དང་རིན་ཅེན་འོད་ཟེར་འཕྲོ༔ རི་རབ་ཡར་འདས་སྲིད་པའི་ལྷ་རབས་ཀྱང་༔ མཚེ་མའི་ལྷ་དང་འཕྲུལ་དགའ་གཞན་འཕྲུལ་དང་༔ ལྷ་གནས་རིམ་པ་འཁོར་རྒྱ་བརྩེགས་མར་ཆེ༔ རི་རབ་ལྷ་ཡི་འཁོར་རྒྱ་རིམ་པར་ཡང་༔ དགའ་ལྡན་སུམ་ཅུ་རྩ་གསུམ་ལྷ་ལ་སོགས༔ འཁོར་རྒྱ་རིམ་པའི་ས་ལས་རྒྱ་ཁྱོན་དཔགས༔ མཁའ་དང་རི་རབ་ལྷ་གནས་རྣམ་གཉིས་ཀྱང་༔ དཔེར་ན་ཆ་ལང་སྤྱི་བོ་སྤྲད་པ་འདྲ༔ རི་རབ་རིན་ཅེན་བཞི་ལས་གྲུབ་པ་ཡང་༔ ཤར་ཕྱོགས་ཤེལ་དང་ལྷོ་ཕྱོགས་བཻ་ཌཱུརྱ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར་ལས་གྲུབ༔ གླིང་བཞིའི་བྱང་ལ་རི་རབ་གནས་ཚུལ་ནི༔ ཉི་ཟླ་འཁོར་བ་ཀུན་གྱི་ལྷོ་ངོས་ལ༔ ལུས་འཕགས་ནུབ་ལ་འཛམ་གླིང་ཤར་ཕྱོགས་ཡིན༔ འཛམ་གླིང་ནུབ་ཕྱོགས་བ་ལང་སྤྱོད་ཀྱི་ཤར༔ བ་ལང་སྤྱོད་ནུབ་སྒྲ་མི་སྙན་གྱི་ཤར༔ སྒྲ་མི་སྙན་ནུབ་ལུས་འཕགས་ཤར་

2-14b

གྱི་ཕྱོགས༔ ལུས་འཕགས་བ་ལང་སྤྱོད་གཉིས་སྟོན་དཔྱིད་མཚུངས༔ འཛམ་གླིང་སྒྲ་མི་སྙན་གཉིས་དབྱར་དགུན་མཚུངས༔ དབྱར་དགུན་ཉི་མ་རིང་ཐུང་དུས་ཚོད་གཅིག༔ གླིང་བཞི་གླིང་ཕྲན་སེམས་ཅན་སྤྱི་མཐུན་གྱི༔ བསྐལ་བཟང་རྫོགས་ནས་ཚེ་ལོ་གྲངས་ཡོད་དུས༔ འཛམ་གླིང་སོག་ཁ་རྡོ་རྗེའི་གདན་དྲུང་དུ༔ བདེ་གཤེགས་སངས་རྒྱས་སྟོན་པ་འབྱུང་བར་འགྱུར༔ དམ་ཆོས་ཐེག་པ་རིམ་པར་གསུམ་བཞི་དར༔ དམ་ཆོས་རྒྱས་ཤིང་སེམས་ཅན་བདེ་སྐྱིད་ལྡན༔ བརྒྱད་ཁྲི་བདུན་ཁྲི་བཞི་ཁྲི་ལ་སོགས་པར༔ སངས་རྒྱས་རིམ་འབྱུང་འཁོར་ལོས་སྒྱུར་རྒྱལ་འབྱུང་༔ རྒྱལ་བ་རྣམས་ཀྱི་བསྟན་པའི་མཇུག་མ་ལ༔ ཡང་གཅིག་ཚེ་ལོ་བཅུ་པ་འབྱུང་བར་འགྱུར༔ དེ་གོང་ཚེ་ལོ་ལྔ་བཅུའི་གོང་རོལ་ནས༔ ས་ཚན་རྒྱས་པས་རླངས་ཀྱིས་ས་མ་ཁུགས༔ ས་དང་ཉི་མ་བར་ཐག་ཉེ་བ་ཡིས༔ བསིལ་བརླན་བསྐམས་ཤིང་ཉི་མ་བདུན་འགྱུར་ཚེ༔

2-15a

༄༅༔      ༔འབྱུང་བའི་དྲོད་ཡལ་རྩི་ཤིང་ནགས་ཚལ་ཟད༔ བསྟེན་པའི་དྲོད་ཡལ་མཁའ་འགྲོ་མཁའ་ལ་གྱེས༔ གསང་སྔགས་སྒྲ་ནི་བྲག་ཅ་འདྲ་བར་སོང་༔ སྟོན་པའི་་་་་མིང་མེད་བསྟན་པའི་མུར་ཐུག་པས༔ ནད་ཡམས་མུ་གེའི་བསྐལ་པ་བྱུང་ནས་ནི༔ ལི་ཡི་ཡུལ་དུ་བསྟན་པའི་མཇུག་མ་སྡུད༔ བཙུན་པ་གླང་དམར་ཤཱཀྱའི་ཚུལ་འཆོས་ཤིང་༔ མཚོན་གྱི་བསྐལ་པས་མཐའ་རུ་སྟོངས་པར་བྱེད༔ ཚེ་ལོ་བཅུ་པའི་བསྟན་པ་བྱུང་བའི་ཚེ༔ སེམས་ཅན་བསོད་ནམས་ཤིན་ཏུ་དམན་པའི་དུས༔ མི་ཡི་བོངས་ནི་བརྒྱད་ཅུའི་མཐོ་གང་ལ༔ དུག་ལྔ་རགས་ཤིང་མུ་གེའི་རྩིབ་ཐུར་བ༔ རྩིག་བྲག་ཐུར་མས་སྔོགས་པའི་འབྲུ་རེ་ལ༔ གཙིགས་སུ་བཟུང་ནས་གཅེས་སྤྲས་བྱེད་པའི་དུས༔ རུས་གོང་དཀར་པོ་གབ་ཙེ་མུ་གེ་བ༔ སྐྲ་ལས་བྱས་པའི་ལྭ་བ་དུམ་རེ་ལས༔ གོས་མེད་མུ་གེ་ནུབ་འཁྱགས་ཉིན་མོ་འཚིག༔ རི་བྲག་གསེབ་

2-15b

ཏུ་བསིར་བུ་རླུང་ལ་བསྒུག༔ ཉི་མ་མཐོང་ཚེ་གཤེད་མའི་འདུ་ཤེས་སྐྱེ༔ འཇིག་རྟེན་སྟོངས་པའི་སེམས་ཅན་ལྷག་ཧྲུལ་ནི༔ ཚེ་ལོ་བཅུ་པའི་མིང་དུ་གྲགས་པ་རྣམས༔ ཞག་གྲངས་དྲུག་ཅུས་སྨིན་པའི་ཁ་ཟས་ནི༔ ཟས་ཀྱི་སྙིང་པོ་བྲ་བོ་ས་འཇམ་ཟ༔ དུར་ཁྲོད་རུས་པ་རྙིང་པ་ལག་ཏུ་བླངས༔ སྔོན་ཚེ་རྩམ་ཟན་རུས་པ་ཡིན་ནོ་ཞེས༔ སྣ་ལ་སྣོམ་ཞིང་ཁ་རུ་མུར་བར་བྱེད༔ དེ་དུས་མི་རྣམས་ཤིན་ཏུ་ཉུང་བར་ཟད༔ རི་དང་བྲག་སོགས་གྲོང་གི་མིང་ཡང་མེད༔ ཤིན་ཏུ་ཡི་མུག་སྙིང་མི་དགའ་བའི་དུས༔ གཉིས་གཉིས་གསུམ་གསུམ་འགྲོགས་ནས་གྲོང་གསེབ་མྱུལ༔ ཡུལ་ཁམས་ཀུན་གྱི་མི་རྣམས་ཟད་པའི་དུས༔ རེ་རེ་གཉིས་གཉིས་འཕྲད་པའི་དུས་ཚོད་དེར༔ གྲོང་ཡུལ་ཁང་གོག་རེ་ཧྲུལ་རྡིབ་སྟོངས་དང་༔ ལྕམ་ཤིང་རྙིང་པ་ཁང་སྟོང་རྡིབ་པའི་རྗེས༔ གོག་རུལ་ཞིག་འཕྲོ་སྒོ་མེད་རེ་ཆ་ཞིག༔ ཕྱག་དར་ཁྲོད་དང་སྲང་སྟོང་

2-16a

༄༅༔      ༔བཞི་མདོ་རུ༔ གཅིག་གི་ལག་མགུལ་གཅིག་གིས་འཆངས་ནས་ཀྱང་༔ ཀྱེ་མ་འཇིག་རྟེན་སྟོངས་སོ་ཀྱི་ཧུད་ཅེས༔ སེམས་སྡུག་ལུས་ངལ་མྱ་ངན་སྨྲེ་སྔགས་འདོན༔ བདེན་པའི་འཇིག་རྟེན་འདི་ནི་ཉམ་ཞིང་ཐག༔ བདག་སོགས་སེམས་ཅན་སྡུག་བསྔལ་སྣ་ཚོགས་གཟིར༔ སྐལ་ཟད་སྐལ་ངན་ཚེ་ལོ་བཅུ་པའི་དུས༔ གོས་མེད་གཅེར་བུ་ནུབ་འཁྱགས་ཉིན་མོ་འཚིག༔ གོས་སྟན་མི་རྙེད་ཚ་གྲང་སྡུག་བསྔལ་ཆེ༔ ཟས་སྐོམ་མི་རྙེད་ས་སྙག་བྲ་བོ་ཟ༔ གཙང་པོའི་ཆུ་ནི་རོང་ཁུང་གཏིང་དུ་བྲོས༔ རི་ཕྲན་ཆུ་ནི་ཚད་པའི་གདུགས་ཀྱིས་བསྐམས༔ ཟླ་གྲོགས་མི་རྙེད་གྲོང་ཡུལ་མི་རྣམས་ཟད༔ བསྟན་པའི་འཇིག་རྟེན་ཡོངས་སུ་སྟོངས་ཤིང་བརླག༔ ཉམ་ཐག་སྡུག་བསྔལ་སྐྱོ་ཞིང་སྙིང་མི་དགའ༔ ལུས་སྲོག་མྱུར་དུ་དོར་ན་རུང་ངོ་ཟེར༔ གཅིག་ལ་གཅིག་རེག་སྐྱོ་ངལ་སྨྲེ་སྔགས་འདོན༔ དེ་འདྲའི་དུས་ནི་ཚེ་ལོ་བཅུ་པའི་དུས༔ ཁམས་གསུམ་

2-16b

སེམས་ཅན་འགྲོ་བ་རིགས་དྲུག་རྣམས༔ ལས་དང་ཉོན་མོངས་གཉིས་ཀྱི་རྒྱུ་ལས་གྲུབ༔ མི་རྣམས་འོད་གསལ་ལྷ་ལས་ཆད་པ་ཡང་༔ དགེ་བ་སྤྱད་པས་མཐོ་རིས་རྣམ་པ་གསུམ༔ སྡིག་པ་སྤྱད་པས་ངན་སོང་རྣམ་པ་གསུམ༔ གནས་ལུགས་བོངས་དང་ཚེ་ཚད་བསམ་ཡས་ཀྱང་༔ འཛམ་གླིང་སོག་ཁ་བོད་དུ་སྐྱེས་པ་རྣམས༔ མི་ལུས་གཙང་མ་ཆོས་རྣམས་ཀུན་གྱིས་སྤྱོད༔ ཆོས་སྐྱོང་རྒྱལ་པོའི་བཀའ་ལུང་རྟགས་བཟུང་ནས༔ མི་དགེ་བོར་ནས་དགེ་བ་དང་དུ་བླངས༔ ལོངས་སྤྱོད་རྒྱས་ཤིང་མི་ཡི་སྐྱེ་གཟུགས་བཟང་༔ སེམས་ཅན་གྲུབ་ཚུལ་བསམ་ལས་འདས་ན་ཡང་༔ ཐོག་མར་འོད་གསལ་ལྷ་ལས་ཆད་པ་ཡིན༔ སྤྱི་དང་སྒོས་ཚན་སོ་སོའི་དགེ་ཡིག་དང་༔ སོ་སོའི་ཆེ་བརྒྱུད་ཡོན་ཏན་བརྗོད་མི་ལང་༔ དུས་ཆེན་རེ་ལ་གཏམ་རེ་འབྱུང་བར་ཤེས༔ མཐོ་རིས་རྣམ་གསུམ་མི་དང་ལྷ་མིན་མི༔ བྱོལ་སོང་ཡི་དྭགས་

2-17a

༄༅༔      ༔དམྱལ་བ་ངན་སོང་གསུམ༔ ཐམས་ཅད་བསྡུས་པས་འགྲོ་བ་རིགས་དྲུག་ཡིན༔ འཛམ་བུ་ཏྲི་ཤའི་ཡལ་འདབ་དོན་མཚོན་ནས༔ ལྷོ་ཡི་འཛམ་གླིང་ཡུལ་ཆེན་བཅོ་བརྒྱད་དང་༔ མཐའ་འཁོབ་དགུ་བཅུ་རྒྱལ་ཁམས་སྟོང་དགུ་ལས༔ མི་རིགས་མི་མཐུན་དྲུག་སྟོང་བཞི་བརྒྱ་ཡོད༔ སྐད་རིགས་མི་མཐུན་སུམ་བརྒྱ་དྲུག་ཅུ་ཡོད༔ ལུས་རིགས་མི་མཐུན་བརྒྱ་དང་བདུན་ཅུ་ཡོད༔ བསམ་པ་མི་མཐུན་འབུམ་ཚོ་ས་ཡ་ཡོད༔ མི་རིགས་མི་མཐུན་དྲུག་སྟོང་བཞི་བརྒྱ་ལ༔ དེ་ཡང་བསྡུ་ན་བཅོ་ལྔའི་ཁོངས་སུ་འདུས༔ བཟང་པོ་རྨུ་སངས་ཤེ་ཚར་དགེ་ཚར་གསུམ༔ ངན་པ་སྤངས་ཏི་པིར་ཡ་ཡུ་ལུ་གསུམ༔ བཟང་འོག་འཐོམས་པ་འགགས་པ་འགོངས་པ་གསུམ༔ འབྲིང་པོ་རྨུགས་པ་གེར་པ་ཐོམ་ཧམ་གསུམ༔ དེ་འོག་ནེམ་པ་འགར་པ་གྲག་པ་གསུམ༔ ཆེ་ཞིང་བཟང་ལ་འཁོར་ཞིང་འཐོམས་པའི་སྐྱོན༔ གཉེན་

2-17b

ལྕུག་འཁྲིལ་ལ་འཇམ་ཞིང་ལི་བའི་སྐྱོན༔ དག་ཅིང་གསལ་ལ་ཚ་ཞིང་རྩུབ་པའི་སྐྱོན༔ ཚེ་ལོ་བཅུ་པའི་དུས་ལས་འདས་འོག་ཏུ༔ སེམས་ཅན་སྐྱེ་རྒུ་ཚེ་ལོ་སུམ་ཅུའི་དུས༔ བྱམས་པའི་སྤྲུལ་པ་ཁྲུ་གང་པ་ཞིག་འབྱུང་༔ གཟུགས་མཛེས་གསུང་སྙན་སེམས་ཅན་ཐམས་ཅད་མོས༔ དེ་ཡི་དྲུང་དུ་མི་རྣམས་ཀུན་འདུས་ནས༔ སྐྱེས་བུ་གཟུགས་བྱད་བཟང་བ་འདི་ལྟ་བུ༔ རྒྱུ་དང་རྐྱེན་ནི་གང་ལས་བྱུང་བར་གྱུར༔ ཀུན་གྱིས་བཀུར་ཞིང་ཡ་མཚན་འཛིན་པ་ལ༔ སྐྱེས་བུས་སྨྲས་པ་བདག་གི་གཟུགས་བྱད་འདི༔ ཕ་རོལ་ཕྱིན་ལྔ་སྤྱད་པས་བྱུང་ངོ་ཟེར༔ དེ་ནས་ཀུན་གྱིས་ཕ་རོལ་ཕྱིན་ལ་བསླབ༔ དེ་ནས་འགོ་བཟུང་བསྟན་པ་ཡར་ལ་འཕེལ༔ ཚེ་ལོ་དཔག་མེད་བསྐལ་བཟང་ཐུག་གི་བར༔ འཇིག་རྟེན་མཁྱེན་པའི་སངས་རྒྱས་མི་འབྱོན་ཞིང་༔ ཡར་འཕེལ་འཇིག་རྟེན་ཡོན་ཏན་རྒྱས་པར་འགྱུར༔ དེ་ཡི་དུས་ལ་ཡ་ཐོག་རིང་མོར་བཏགས༔ དེ་ནས་བཟུང་

2-18a

༄༅༔      ༔སྟེ་ཚེ་ལོར་གྲངས་ཡོད་དུས༔ མགོན་པོ་བྱམས་པ་འཇིག་རྟེན་ཁམས་སུ་བྱོན༔ རྡོ་རྗེ་གདན་དུ་ཆོས་ཀྱི་འཁོར་ལོ་བསྐོར༔ འཁོར་ལོས་སྒྱུར་རྒྱལ་རེ་ལ་སྲས་མཆོག་རེ༔ བསྟན་པའི་བདག་པོ་སངས་རྒྱས་སྟོང་རྩ་འབྱོན༔ བར་ཁུག་བཅོ་བརྒྱད་མ་ཐོག་རིང་མོ་འབྱུང་༔ བཅུད་ཀྱི་སེམས་ཅན་ཇི་ལྟར་གྲུབ་པའི་ལེའུ་སྟེ་གཉིས་པའོ༔ ཐྲཐཉྲརྒྱ།རྦྱ།༔       ༔