༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བདུན་པ། བོད་ཁམས་ཆོས་རྒྱལ་ཇི་ལྟར་བྱོན་པའི་ལེའུ།
Previous Chapter
Next Chapter

(ལེའུ་བདུན་པ། བོད་ཁམས་ཆོས་རྒྱལ་ཇི་ལྟར་བྱོན་པའི་ལེའུ།)

བོད་ཁམས་ཆོས་རྒྱལ་ཇི་ལྟར་བྱོན་པ་ནི༔ གློ་བུར་རྒྱལ་པོའི་ལོ་རྒྱུས་མཚོན་པ་ལས༔ གདུང་བརྒྱུད་གློ་བུར་གཉིས་ཀྱི་བར་སྐབས་སུ༔ ཕྱོགས་བཞིར་བསྐོས་པའི་རྒྱལ་པོ་སྡེ་བཞི་བྱུང་༔ ཤར་ཕྱོགས་རྒྱ་ནག་གཙུག་ལག་རྒྱལ་པོ་ནི༔ མར་གཞོང་གབ་ཙེས་བསྐོས་ཤིང་ལེགས་ཉེས་གཅོད༔ ལྷོ་ཕྱོགས་རྒྱ་གར་ཆོས་ཀྱི་རྒྱལ་པོ་ནི༔ བདུད་རྩིའི་བུམ་པ་གླང་པོའི་སྣ་ལ་བཏགས༔ དེ་མིས་དབང་བསྐུར་མ་རིག་མུན་པ་སེལ༔

2-28b

ནུབ་ཕྱོགས་ཏ་ཟིག་ནོར་གྱི་རྒྱལ་པོ་ནི༔ གཟིངས་བཅས་རྒྱ་མཚོར་ཕྱིན་ནས་རིན་ཆེན་ལེན༔ གསེར་གཞོང་གསེར་གྱིས་བཀང་ནས་དབུལ་བ་སེལ༔ བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོ་ནི༔ ཕྱོགས་བཞིར་འབེན་བཙུགས་དཔགས་ཆེན་མདའ་འཕངས་ནས༔ དུས་གཅིག་གང་ཟིན་དེ་ནི་རྒྱལ་པོར་བསྐོས༔ དཔགས་ཆེན་མདའ་ཡིས་ཕ་རོལ་དགྲ་རྣམས་འཇོམས༔ གཙུག་ལག་རྒྱལ་པོ་གདུག་པ་སྦྲུལ་ལྟར་འཁྲིལ༔ ཆོས་ཀྱི་རྒྱལ་པོ་ཁྱི་ལ་སྤྱང་ལྟར་འཇབ༔ ནོར་གྱི་རྒྱལ་པོ་བྱེའུ་ལ་ཁྲ་ལྟར་འཇུམ༔ ཧོར་གྱི་རྒྱལ་པོ་ཤིང་ལ་སྟག་ལྟར་འཚབ༔ ཕྱོགས་བཞིའི་རྒྱལ་པོ་ཕྱོགས་ནས་དར་བའི་ཚེ༔ དེ་དུས་བོད་ཁམས་མི་ལ་རྗེ་མེད་པས༔ རི་ཕྲན་བྲག་མཁར་ཀུན་ལ་རྫོང་ཡང་བཅས༔ གོས་དང་ཁ་ཟས་བཙན་མཁར་ནོར་བུ་བཅུག༔ རྒོལ་དུ་མི་ཐུབ་དམག་གྲངས་ཉུང་བའི་དུས༔ རང་ལ་དབང་མེད་ཚོགས་རྒྱབ་སྲབ་པའི་དུས༔ བོད་ཡུལ་གངས་རི་རྩེ་

2-29a

༄༅༔      ༔དགུའི་ལྗོངས་འདི་རུ༔ སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་༔ དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ༔ ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས༔ སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང་༔ དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ༔ མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས༔ སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང་༔ དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ༔ ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས༔ སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང་༔ དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ༔ ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས༔ སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་༔ དེ་ནས་ཟ་རམ་སྐྱེས་དྲུག་དབང་བྱས་ཏེ༔ ཡུལ་མིང་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས༔ སྔ་རྟགས་རྟ་ཞོན་རྣ་ཆ་འདོགས་པ་བྱུང་༔ དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ༔ ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་

2-29b

དུ་བཏགས༔ སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང་༔ གཞུག་ཏུ་སྤུར་རྒྱལ་བཙན་པོས་དབང་བྱས་ཏེ༔ མིང་ཡང་བོད་ཁམས་རུ་བཞི་བྱ་བར་བཏགས༔ བོད་ཀྱི་བཙན་པོ་འོ་དེ་སྤུར་རྒྱལ་དེ༔ གནམ་གྱི་ལྷ་ལས་མི་ཡི་རྗེ་རུ་གཤེགས༔ ཚངས་པ་ཕྱག་ནས་གནམ་ལྷ་ཐེན་དགུར་བརྒྱུད༔ གནམ་ཐེན་སྤྲིན་ཐེན་ཆར་ཐེན་ཐེན་དགུར་བྱོན༔ རྟགས་ཆགས་ཝལ་ཝལ་སྲས་པོ་མཆེད་བཞི་ལ༔ རྗེ་གཅིག་ཡབ་ལ་བདལ་དྲུག་བྱ་བ་བྱོན༔ དེ་ལ་སྲས་མཆོག་སྤུན་བདུན་འཁྲུངས་པ་ལས༔ བར་ལྷ་ཚིགས་བདུན་ཡབ་ཡུམ་མཆེད་ལ་གནོད༔ ཡབ་ཡུམ་སྐོར་བོན་ཞང་པོའི་ཡུལ་དུ་སྤྱུགས༔ དམུ་གཟའ་ལྡེ་མོ་བཙུན་དང་བཤོས་པའི་སྲས༔ གཉའ་ཁྲི་ཡན་འཁྲུངས་སྲིད་པའི་ལྷ་རབས་ཡིན༔ རྗེ་གཅིག་གཉའ་ཁྲི་བཙན་པོ་བྱ་བ་དེ༔ མགོ་ནག་མི་དང་སྲོག་ཆགས་རྐྱེན་དུ་བྱོན༔ དྭོག་ལ་བཞུགས་ནས་རྒྱལ་བརྒྱུད་སྲས་བལྟམས་པ༔ གནམ་ལ་ཁྲི་བདུན་ས་ལ་ལེགས་དྲུག་དང་༔

2-30a

༄༅༔      ༔སིལ་མ་བདུན་དང་ཚིགས་ལ་བཙན་ལྔའོ༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་རིམ་པ་བདུན༔ གནམ་ལ་ཁྲི་བདུན་ཇི་ལྟར་ཡིན་པ་ནི༔ གཉའ་ཁྲིའི་སྲས་ནི་མུ་ཁྲི་བཙན་པོ་ཡིན༔ དེ་ཡི་སྲས་ནི་དིང་ཁྲི་བཙན་པོ་ཡིན༔ དེ་ཡི་སྲས་ནི་སོ་ཁྲི་བཙན་པོ་ཡིན༔ དེ་ཡི་སྲས་ནི་མེར་ཁྲི་བཙན་པོ་ཡིན༔ དེ་ཡི་སྲས་ནི་གདགས་ཁྲི་བཙན་པོ་ཡིན༔ དེ་ཡི་སྲས་ནི་སྤྱི་ཁྲི་བཙན་པོ་ཡིན༔ དེ་ལྟར་གནམ་ལ་ཁྲི་བདུན་མཚན་དུ་གསོལ༔ ས་ལ་ལེགས་དྲུག་རྒྱལ་པོའི་རྒྱལ་བརྒྱུད་ལ༔ རྒྱལ་པོ་གྲི་གྲུམ་བཙན་པོའི་སྲས་གསུམ་ནི༔ བྱ་ཁྲི་ཤ་ཁྲི་ཉ་ཁྲི་རྣམ་པ་གསུམ༔ རྒྱལ་པོ་བྱ་ཁྲི་ཀོང་པོའི་ཡུལ་དུ་གཤེགས༔ རྒྱལ་པོ་ཉ་ཁྲི་ཉང་པོའི་ཡུལ་དུ་གཤེགས༔ རྒྱལ་པོ་ཤ་ཁྲི་སྤོ་བོའི་ཡུལ་དུ་གཤེགས༔ ཡབ་ཅིག་གཤེགས་ནས་རྒྱལ་སྲས་སྤྱན་དྲངས་པ༔ སྤོ་བོའི་ཡུལ་ནས་སྤུ་དེ་གུང་རྒྱལ་བྱོན༔ སྤུ་དེ་གུང་རྒྱལ་སྲས་ནི་ཤོ་ལེགས་ཡིན༔ དེ་ཡི་

2-30b

སྲས་ནི་ལི་ཤོ་ལེགས་ཞེས་བྱ༔ དེ་ཡི་སྲས་ནི་འབྲོང་བཞི་ལེགས་ཞེས་བྱ༔ དེ་ཡི་སྲས་ནི་ཐི་ཤོ་ལེགས་ཞེས་བྱ༔ དེ་ཡི་སྲས་ནི་གུ་རུམ་ལེགས་ཞེས་བྱ༔ དེ་ཡི་སྲས་ནི་ཟ་ནམ་ལེགས་ཞེས་བྱ༔ དེ་རྣམས་ས་ཡི་ལེགས་དྲུག་བྱ་བ་ཡིན༔ རྒྱལ་པོ་ཟ་ནམ་ལེགས་ཀྱི་སྲས་ལ་ནི༔ རྒྱལ་པོ་ལྡེ་རུ་གནམ་གཞུང་བཙན་དུ་གྲགས༔ དེ་ཡི་སྲས་ནི་སྡེ་སྣོད་སྦས་ཞེས་བྱ༔ དེ་ཡི་སྲས་ནི་སྡེ་སྣོད་ཡ་ཞེས་གྲགས༔ དེ་ཡི་སྲས་ནི་སོར་རྣོ་ནམ་ཞེས་གྲགས༔ དེ་ཡི་སྲས་ནི་རྒྱལ་པོ་སོ་སྟེ་ལགས༔ དེ་ཡི་སྲས་ནི་སྤྲིན་རྒྱལ་བཙན་ཞེས་བྱ༔ དེ་ཡི་སྲས་ནི་སྟོང་རི་སྟོང་བཙན་ཡིན༔ དེ་དག་རྣམས་ནི་རྒྱལ་རབས་སིལ་མ་བདུན༔ སྟོང་རི་སྟོང་བཙན་སྲས་ནི་ཁྲི་ནམ་བཙན༔ དེ་ཡི་སྲས་ནི་ཁྲི་སྒྲ་དཔུང་བཙན་ཡིན༔ དེ་ཡི་སྲས་ནི་ཁྲི་ཐོག་རྗེ་བཙན་ཡིན༔ དེ་ཡི་སྲས་ནི་ཐོ་ཐོ་གཉན་བཙན་ཡིན༔ དེ་ཡི་སྲས་ནི་ཁྲི་གཉན་གཟུངས་བཙན་ཡིན༔ དེ་

2-31a

༄༅༔      ༔རྣམས་མཚན་གསོལ་ཚིགས་ལ་བཙན་ལྔ་ཡིན༔ དེ་ཡི་སྲས་ནི་འབྲོང་གཉན་ལྡེ་རུ་ཡིན༔ དེ་ཡི་སྲས་ནི་སྟག་རི་གཉན་གཟིགས་ཡིན༔ དེ་ཡི་སྲས་ནི་གནམ་རི་སྲོང་བཙན་ཡིན༔ གནམ་རི་སྲོང་བཙན་སྲས་ནི་སྲོང་བཙན་སྒམ༔ དེ་ཡི་སྲས་ནི་མང་སྲོང་མང་བཙན་ལགས༔ དེ་ཡི་སྲས་ནི་གུང་སྲོང་གུང་བཙན་ཡིན༔ དེའི་སྲས་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ལ༔ དེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ༔ དེའི་སྲས་ཆོས་སྐྱོང་རྒྱལ་པོར་མངའ་གསོལ་བ༔ ཁྲི་སྲོང་ལྡེའུ་བཙན་ལྷ་ཡི་མེ་ཏོག་ཡིན༔ དེ་ཡི་རྒྱལ་བརྒྱུད་སྲས་གསུམ་སྐུ་འཁྲུངས་པ༔ མུ་ནེ་བཙན་པོ་མུ་རུམ་བཙན་པོ་དང་༔ ཆོས་རྒྱལ་མཇིང་ཡོན་སད་ན་ལེགས་དང་གསུམ༔ མུ་རུམ་བཙན་པོ་མདོ་ཁམས་བྱང་དུ་གཤེགས༔ མུ་ནེ་བཙན་པོ་ཟས་ཀྱིས་གུང་དུ་གཤེགས༔ ཐ་ཆུང་མཇིང་ཡོན་མུ་ཏིག་བཙན་པོ་ལ༔ རྒྱས་པར་བཤད་ན་ལེགས་པ་ལྔ་དང་

2-31b

ལྡན༔ ཐུགས་སྒམ་བཀའ་བཙན་ཁོང་པ་ཡངས་པ་དང་༔ ཟུངས་ཐུབ་དཔྱད་པས་ཐུགས་སྟོབས་རབ་ཏུ་ཆེ༔ རྒྱལ་སྲས་མཇིང་ཡོན་ལེགས་པའི་བློ་གྲོས་ཀྱིས༔ ཆེ་བའི་ཡོན་ཏན་ལོ་རྒྱུས་འོག་ཏུ་སྟོན༔ དམ་པའི་ཆོས་དང་གཡུང་དྲུང་བོན་བྱུང་དུས༔ རྗེ་གཅིག་གཉའ་ཁྲི་བཙན་པོའི་སྐུ་རིང་ལ༔ ལྷ་ཡི་ཆོས་ལུགས་སྒྲུང་དང་ལྡེའུ་བྱུང་༔ རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་རིང་ལ༔ ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས༔ རྡོ་ནག་ཐོམ་དོ་ལྷུ་དང་སྡུམ་དུ་སྦྲེལ༔ ཤི་ལྤགས་སྐྱ་མོའི་བླ་གཞི་འབྲེང་དུ་འདྲ༔ གསོན་གྱི་ལྷ་མཆོད་གཤིན་གྱི་འདྲེ་འདུལ་བྱུང་༔ བཙན་པོ་སྤུ་དེ་གུང་རྒྱལ་སྐུ་རིང་ལ༔ ཡབ་སྲས་གོང་མཛད་ལྷ་བུ་སྨོན་གསུམ་དུ༔ ཐབས་ཀྱི་ཞང་བློན་དག་ཀྱང་དེ་ནས་བྱུང་༔ རྒྱལ་པོ་སྟོང་རི་སྟོང་བཙན་སྐུ་རིང་ལ༔ རྨ་གཟའ་ཀླུ་གཟའ་གཉིས་ཀྱང་དེ་ནས་བླངས༔ འབངས་དང་སྐུ་ཡང་དེ་ནས་གཉེན་དུ་གྱུར༔ དམུ་ཐག་

2-32a

༄༅༔      ༔ཆད་ནས་བང་སོ་ས་ལ་བཏབ༔ ཡར་འཁུམས་དམུ་ཐག་ལྷ་ཟམ་གཤེགས་བཞུད་མཛད༔ ཐོ་རི་སྙན་ཤལ་རྒྱལ་པོའི་སྐུ་རིང་ལ༔ དམ་པ་ཆོས་ཀྱི་དབུ་ཙམ་བརྙེས་གྱུར་ཏེ༔ གསེར་གྱི་སྤང་སྐོང་རྒྱ་གར་ཡི་གེ་གཅིག༔ མཁའ་ལ་བྱོན་ནས་རང་གི་ཐོག་ཏུ་བབས༔ དར་གྱིས་དྲིལ་ནས་ཆེ་ཞིང་གཉན་པར་བཟུང་༔ མཚན་ནི་གཉན་པོ་གསང་བར་གསོལ་ནས་ཀྱང་༔ མོས་ཤིང་གུས་པས་གསེར་སྐྱེམས་གཡུ་སྔོན་མཆོད༔ སྐུ་ཚེ་རིང་ཞིང་མངའ་ཐང་དེ་ནས་སྐྱེས༔ སྟག་རི་གཉན་གཟིགས་དམུ་ལོང་སྐྱེས་པ་ཡང་༔ གཉན་པོ་གསང་བ་མཆོད་ཅིང་བཀུར་བ་ཡིས༔ སྤྱན་བྱེ་མངའ་ཐང་ལོངས་སྤྱོད་དེ་ནས་འཕེལ༔ གནམ་རི་སྲོང་བཙན་རྒྱལ་པོའི་སྐུ་རིང་ལ༔ དམག་དང་འཁྲུག་པ་གཡོ་བའི་མདུན་མ་བྱས༔ བར་དུ་བསྐལ་པ་འཁོན་བྱུང་སྡེ་རིས་ལ༔ མཐའ་རྒྱ་བཅད་ནས་རྒྱ་དང་གྲུ་གུ་བཏུལ༔ ཕུང་གཡག་བཏུལ་ནས་ལན་ཚྭ་རྙེད་

2-32b

པ་ཡིན༔ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ༔ དམ་པ་ཆོས་ཀྱི་བཀའ་སྲོལ་ཕྱེ་ནས་ནི༔ སྐུ་ཡི་བཀོད་པ་སྤྲུལ་པ་ལྔ་སྟོང་སྤྲུལ༔ ཟས་རིགས་མི་གཅིག་སུམ་བརྒྱའི་སྤྱན་གཟིགས་རོལ༔ ནོར་རིགས་མི་གཅིག་རིན་ཅེན་སྣ་ཚོགས་སྤུངས༔ རྒྱ་གར་ཡུལ་གྱི་གཙུག་ལག་ཁང་ཆེན་ནི༔ ཀཱ་མ་ལ་ཡི་གཙུག་ལག་དཔེར་བླངས་ནས༔ ལྷ་ས་འཕྲུལ་སྣང་ར་མོ་ཆེ་ལ་སོགས༔ མཐའ་འདུལ་ཡང་འདུལ་གཙུག་ལག་བཞི་བཅུ་བཞེངས༔ ལོ་ཙཱ་ཐུ་མི་སམྦྷོ་ཊ་ཡིས་ནི༔ རྒྱ་གར་ལོ་པཎ་ཡིག་མཁན་གདན་དྲངས་ནས༔ ནཱ་གར་ཡི་གེ་བོད་ལ་བཟབས་མར་བསྒྱུར༔ ཝརྟུ་ལ་ཡིག་བོད་ལ་ཤུར་མར་བསྒྱུར༔ ཙིནྡྷ་མ་ཎི་དམ་པ་ཏོག་དཀར་མདོ༔ ངན་སོང་སྦྱོང་བ་རྡོ་རྗེ་རྣམ་འཇོམས་དང་༔ དགེ་བ་བཅུ་དང་པདྨ་དཀར་པོ་དང་༔ དཀོན་ཅོག་སྤྲིན་དང་འདུས་པ་ཏོག་ལ་སོགས༔ དམ་ཆོས་མཐའ་རྒྱས་ལྷ་ཆོས་བོད་དུ་བསྒྱུར༔ དགེ་བ་བཅུ་དང་སྦྱར་ཏེ་

2-33a

༄༅༔      ༔ཐང་ཁྲིམས་བཅས༔ བོད་ཁམས་བཙན་ཞིང་སེམས་ཅན་བདེ་ལ་བཀོད༔ རླུང་ནམ་འཕྲུལ་གྱི་རྒྱལ་པོའི་སྐུ་རིང་ལ༔ ལྷ་སྲིན་མངར་བསྡུས་གྱད་པ་མི་བདུན་བྱུང་༔ ལག་རྗེས་ལག་རྟགས་ཕྱོགས་ཀྱི་དམག་གིས་ཕུལ༔ མཆོད་རྟེན་བཞེངས་དང་ཚ་ཚ་གདབ་པ་དང་༔ བཀའ་ལ་ཀློག་འདོན་ཁྲིམས་ཀྱི་སྤྱི་ཚིགས་བྱས༔ ནང་གི་ས་ཚིགས་བདེ་བའི་མུ་རྣམས་བསྐྱངས༔ མཆོད་གནས་གོང་དུ་སྲི་ཞུས་བསྟེན་དང་མཆོད༔ མི་དགེའི་ལས་སྤངས་དགེ་བའི་འཕྲོ་རྣམས་མཛད༔ རྒྱལ་པོ་ཨག་ཚོམ་མེ་ཡི་སྐུ་རིང་ལ༔ བསམ་ཡས་ཀ་ཆུར་པཎ་ཆེན་གཙུག་ལག་ཁང་༔ མཆིམས་ཕུ་ནམ་རའི་གཙུག་ལག་བསིལ་ཁང་དང་༔ བྲག་དམར་འགྲམ་བཟང་ལྷ་ཤུག་གཙུག་ལག་ཁང་༔ གྲག་དམར་འོལ་བུའི་ཚལ་ཆེན་གཙུག་ལག་བཞེངས༔ ཕོ་བྲང་བཞེངས་སྐོར་གཙུག་ལག་ལོངས་སྤྱོད་ཁང་༔ རི་ཐང་མཚམས་སུ་མཆོད་རྟེན་བཅུ་

2-33b

གསུམ་བཞེངས༔ དམ་པའི་ཆོས་ལ་མོས་ཤིང་འདུན་པར་མཛད༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔ དམ་པའི་ཆོས་རྣམས་དར་ཞིང་རྒྱས་བར་མཛད༔ ནཱ་ལེནྡྲ་ཡི་གཙུག་ལག་དཔེར་བླངས་ནས༔ རྒྱལ་བོའི་ཐུགས་དམ་དཔལ་གྱི་བསམ་ཡས་བཞེངས༔ རྒྱ་གར་མཁས་པ་མང་པོ་སྤྱན་དྲངས་ནས༔ མཚན་ཉིད་བཀའ་དང་གསང་སྔགས་ཕྱི་ནང་བསྒྱུར༔ སད་མི་མི་བདུན་རབ་ཏུ་ཕྱུང་ནས་ནི༔ ཞབས་འོག་རྡེའུ་བཏོན་དབུ་ཡི་མཆོད་གནས་མཛད༔ མཇིང་ཡོན་མུ་ཏིག་བཙན་པོའི་སྐུ་རིང་ལ༔ དཔལ་གྱི་བསམ་ཡས་ཤར་སྒོའི་མཚམས་སུ་ནི༔ དམ་པའི་རྒྱ་མཁར་རྩེ་དགུ་བཞེངས་སུ་གསོལ༔ སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས༔ ཡབ་མེས་གཙུག་ལག་ལྷ་ཁང་ཀུན་རྣམས་མཆོད༔ བཀའ་ཁྲིམས་ཐང་ཁྲིམས་སྔར་བས་བཟང་བར་བསྐྱངས༔ ཆོས་སྐྱོང་རྒྱལ་པོའི་རྣམ་ཐར་རྟགས་བཟུང་

2-34a

༄༅༔      ༔ནས༔ གསང་སྔགས་འབྲས་བུའི་ཆོས་རྣམས་ཉམས་སུ་བླངས༔ སྤྱི་བོར་སློབ་དཔོན་རང་ལུས་ཡི་དམ་ལྷ༔ ངག་ཏུ་གསང་སྔགས་རྡོ་རྗེའི་བཟླས་པ་མཛད༔ དམ་ཆོས་བསྟན་པ་ཁྲི་གདུགས་བརྡལ་བ་འདྲ༔ བཤད་གྲྭ་སྒོམ་གྲྭའི་བསྟན་པ་བཙུགས་ནས་ནི༔ རྡོ་རྗེ་སློབ་དཔོན་པདྨ་འབྱུང་གནས་དང་༔ ལོ་ཙཱ་བཻ་རོ་ཙ་ན་ལ་སོགས་ཀྱིས༔ གསང་སྔགས་ཐེག་ཆེན་འབྲས་བུ་དར་བར་མཛད༔ སློབ་དཔོན་མཚན་གསོལ་མུ་ཏིག་བཙན་པོ་ཞེས༔ ཡབ་ཀྱིས་མཚན་གསོལ་ཁྲི་ལྡེ་སྲོང་བཙན་ཞེས༔ ནང་བློན་མཚན་གསོལ་མཇིང་ཡོན་སད་ན་ལེགས༔ རྒྱ་ཡིས་མཚན་གསོལ་མུ་རི་བཙན་པོ་ཞེས༔ འཛམ་གླིང་སུམ་གཉིས་དབང་དུ་བསྡུས་ནས་ནི༔ ཁྲ་ཡི་གདོང་ཅན་འཛམ་གླིང་ཤར་ཕྱོགས་ཀྱི༔ ཤུད་བུའི་ཡུལ་ཁམས་མངར་བསྡུས་བྲན་དུ་བཀོལ༔ ལྷོ་ཕྱོགས་ཟོད་རྐང་གྲུལ་བུམ་ཚེ་སྤོང་ཡུལ༔ ཀུན་ཀྱང་

2-34b

མངར་བསྡུས་བྲན་དང་གཡོག་ཏུ་བཀོལ༔ ནུབ་ཕྱོགས་གཙང་མི་བྱི་ལའི་མཇུག་མ་ཅན༔ སྦལ་གནོན་ཡུལ་ཁམས་མངར་བསྡུས་བྲན་དུ་བཀོལ༔ བྱང་ཕྱོགས་སྣ་ནམ་རི་བོང་རྣ་བ་ཅན༔ བྲན་དུ་བྱས་ཏེ་མངར་བསྡུས་ལས་ལ་བཀོལ༔ རྒྱལ་པོའི་མངའ་ཐང་དག་ནི་གུང་བས་མཐོ༔ འབངས་ཀྱི་ཆབ་སྲིད་ཆུ་བོའི་གཞུང་བས་རིང་༔ དང་པོ་ཆབ་སྲིད་བཞེས་མ་ཁད་དུ་ནི༔ མཐའ་བཞི་ཕྱོགས་བརྒྱད་བཀའ་བཙན་ཆབ་སྲིད་ལ༔ ཕྱོགས་བཞིར་རྒྱལ་པོ་སྡེ་བཞི་གནས་པ་ཡང་༔ བར་དུ་བཀའ་འཁོན་བྱུང་ནས་དགྲ་རུ་བདོ༔ སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གཡོས༔ ཆབ་སྲིད་བོད་དམག་ཁྲི་ཚོ་བརྒྱ་ཆས་ཏེ༔ དམག་དཔོན་རྒྱལ་པོ་འདུལ་བའི་དུས་སུ་ནི༔ སྔོན་གྱི་བཤུལ་སེལ་གྱད་མི་རྟ་ཞོན་བརྒྱ༔ གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ༔ གཡོན་གྱི་རུ་འདྲེན་སྔགས་མཁན་ཕུར་ཐོགས་བརྒྱ༔ སླད་ཀྱི་རྗེས་

2-35a

༄༅༔      ༔མྱུལ་ཕུབ་ཆེན་གདུང་ཐོགས་བརྒྱ༔ རྒྱ་ཡུལ་གཤོག་པའི་ཕྱོགས་སུ་དམག་གིས་ཕུལ༔ གྱད་ཀྱི་དཔའ་བོ་དམག་གི་སྣ་ལ་བསྐོས༔ ཕ་རོལ་དཔུང་འཇོམས་མཚོན་ཆའི་འཁོར་ལོ་བསྐོར༔ ཆབ་སྲིད་མངའ་ཐང་དོ་ཟླ་མེད་པར་བྱས༔ ལྷོ་ཕྱོགས་རྒྱ་གར་རྒྱལ་པོ་བཞུགས་པ་ཡང་༔ རཱ་ཛ་དྷརྨ་དཔལ་དང་དྲའུ་དཔུང་གཉིས༔ དམག་སྒོ་གཅོད་པར་བཀའ་ཡིས་ས་བསྒུགས་ནས༔ རྒྱ་གར་རྒྱལ་སྲིད་བོད་ཀྱི་བྲན་དུ་བྱས༔ རྒྱ་གར་ཡུལ་གྱི་ནོར་རྫས་རིན་པོ་ཆེ༔ ཁ་ཟས་བཟང་དགུ་དུས་ལས་མ་འདས་ཕུལ༔ རྒྱ་གར་སྟོད་སྨད་རྒྱལ་པོ་ཆེན་པོ་གཉིས༔ རང་ལ་མཉན་ཞིང་བཀའ་ལ་གཅེས་སྤྲས་བྱེད༔ ནུབ་ཕྱོགས་ཏ་ཟིག་རྒྱལ་པོ་བཞུགས་པ་ཡང་༔ རྒྱལ་པོ་ལ་མེར་མུ་དང་ཧབ་གདལ་གྱིས༔ བོད་ཀྱི་བཀའ་ལ་གཅེས་པར་བཟུང་ནས་ནི༔ རིན་ཅེན་ནོར་དང་སྨན་གྱི་ལྔ་དོས་དང་༔ ཁ་ཟས་གཅེས་པ་དུས་ལས་

2-35b

མ་ཡོལ་ཕུལ༔ བོད་ཀྱི་མངའ་འོག་ཆབ་སྲིད་དམ་པར་མཛད༔ རང་གི་བཀའ་སྩལ་གང་ཡིན་གུས་པས་ཉན༔ བྱང་ཕྱོགས་གེ་སར་གྲུ་གུ་བཞུགས་པ་ཡང་༔ བར་དུ་བཀའ་འཁོན་བྱུང་ནས་བདོ་བ་ལ༔ སྲིན་པོ་གདོང་དམར་བོད་ཀྱི་དམག་གཡོས་ནས༔ གྲུ་གུ་ཡུལ་གྱི་ཨོང་དུ་མན་ཆོད་དུ༔ བོད་ཀྱི་དམག་དཔུང་སྦྲ་ནག་ཕབ་ནས་ནི༔ ཡུལ་བརླག་མི་རྣམས་མོན་གྱི་ས་ལ་བསྐྱལ༔ ཁྱིམ་མཁར་མོན་གྱི་ས་ལ་བཏོད་ནས་ཀྱང་༔ ཡུལ་དུ་མི་ངན་བསྟན་པ་སུན་ཕྱུང་སྟེ༔ སྤ་བཀོང་དེད་དཔོན་ཡུལ་མཁར་འཚོ་བར་བཞག༔ གྲུ་གུ་གེ་སར་་་་་་་བོད་ཀྱི་བྲན་དུ་བྱས༔ བོད་ཀྱི་དམག་དཔུང་ལི་ཡི་ཡུལ་དུ་ཕབ༔ ལི་ཡུལ་ལྕང་ར་སྨུག་པོ་བྲན་དུ་སྤྱད༔ བོད་དམག་ཤར་ཕྱོགས་རྒྱ་ནག་ཡུལ་དུ་ཕབ༔ རྒྱ་ནག་བེའུའི་རྒྱལ་པོ་ཆེན་པོ་ཡིས༔ རང་གི་ཆབ་སྲིད་མངའ་ཐང་བོད་ལ་ཕུལ༔ དར་ཟབ་ལྔ་དོས་རིན་ཅེན་མང་པོ་དང་༔ ཁ་ཟས་གཅེས་པ་དུས་

2-36a

༄༅༔      ༔ལས་མ་འདས་ཕུལ༔ འཛམ་གླིང་གསུམ་གཉིས་ཆབ་སྲིད་མངའ་རུ་བསྡུས༔ བསམ་ཡས་མཐིལ་དུ་བསྟན་པའི་གཞི་མ་བཙུགས༔ རྗེ་འབངས་ཉི་ཤུ་རྩ་ལྔས་གྲུབ་པ་ཐོབ༔ ཚེ་ལ་མངའ་བརྙེས་རིག་འཛིན་ས་ལ་གནས༔ བླ་མཆོད་རབ་བྱུང་ཞབས་འོག་རྡེའུ་བཏོན༔ མཆིམས་ཕུ་ཡེར་པར་སྒོམ་གྲྭའི་བསྟན་པ་བཙུགས༔ བསམ་ཡས་ལྷ་སར་བཤད་གྲྭའི་བསྟན་པ་བཙུགས༔ བླ་ནི་རྗེ་སྒམ་འོག་ན་འབངས་འཕྲུལ་ཏེ༔ སྤྱི་མཐུན་བསོད་ནམས་སུམ་ཅུ་རྩ་གསུམ་གྱི༔ དབང་པོ་བརྒྱ་བྱིན་ལྷ་ཡི་ལོངས་སྤྱོད་འདྲ༔ རྒྱལ་པོའི་མངའ་ཐང་ཁྲི་གདུགས་ཤར་བ་འདྲ༔ འབངས་ཀྱི་ཆབ་སྲིད་ལོ་ཏོག་རྒྱས་པ་འདྲ༔ ཕྱོགས་བཞི་མཚམས་བརྒྱད་བདེ་ལེགས་ཆོས་ལ་བཙུད༔ ཐང་ཁྲིམས་རྣམ་ལྔ་ནང་གི་བཅའ་ཁྲིམས་བཅས༔ ཞལ་ལྕེ་རྣམ་ལྔས་ལེགས་ཉེས་འདུན་སྟངས་དབྱེ༔ དབུས་ཀྱི་མངའ་རིས་

2-36b

གསུམ་ནས་བསིངས་ཁུ་འདྲེན༔ མཐའ་ཡི་མི་སྡེ་བཞི་ཡིས་དཀོར་ནོར་འབུལ༔ མཚམས་ཀྱི་སྭ་ཁ་དག་ནས་དཔྱ་ཡང་སྡུད༔ དཔའ་རྒོད་རྣམ་ལྔས་མཐའ་ཡི་སྭ་ཁ་བསྲུང་༔ དཔའ་འདུས་སྟག་སྡེས་མཐའ་རྒྱ་དམག་གིས་འདུལ༔ ལྷ་ཆོས་མི་ཆོས་གཉིས་ཀ་དར་ཞིང་རྒྱས༔ བོད་ཁམས་མ་ལུས་བདེ་སྐྱིད་ལོངས་སྤྱོད་ལྡན༔ བོད་དུ་ཆོས་རྒྱལ་ཇི་ལྟར་བྱོན་པའི་ལེའུ་སྟེ་བདུན་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔