(ལེའུ་བཅུ་གཅིག་པ། རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་པའི་ལེའུ།)
རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་པ་ནི༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔ དཔལ་གྱི་བསམ་
ཡས་བཞེངས་སུ་གསོལ་བ་ནི༔ མི་འགྱུར་ལྷུན་གྲུབ་ལེགས་པའི་གཙུག་ལག་ཁང་༔ གཞི་ཆེན་དཔངས་མཐོ་རྒྱུ་བཟང་བཀོད་པ་ལེགས༔ བཀྲ་ཤིས་རྒྱུན་ཆད་གཞན་ན་དཔེ་ཟླ་མེད༔ དབུ་རྩེ་རིགས་གསུམ་ཡང་ཐོག་ལྕོག་བཞི་དང་༔ གླིང་བཞི་གླིང་ཕྲན་ཡཀྴ་ལྟག་འོག་དང་༔ ཚང་མང་ཀེ་རུ་དག་བྱེད་ཁྲུས་ཁང་དང་༔ མཐུ་རྩལ་གླིང་དང་སྒོ་བཞི་མགོན་ཁང་བརྒྱུད༔ མཆོད་རྟེན་བཞི་དང་མཆོད་རྟེན་འོད་འབར་དང་༔ གྲངས་སུ་བཏབ་ན་སུམ་ཅུ་བཞུགས་སོ་སྐད༔ དེ་ལ་ལྕགས་རི་ཆེན་པོ་གཅིག་གིས་བསྐོར༔ གསེར་གྱི་པ་ཏྲར་གཡུ་ཡི་ཕྲ་བཀོད་འདྲ༔ མི་ཡིས་བརྩིགས་ལས་ལྷ་འདྲེས་བརྩིགས་པ་ལེགས༔ བརྩིགས་པ་མི་འདྲ་རང་བཞིན་སྐྱེས་པ་འདྲ༔ གསང་སྔགས་ལྟར་ན་དཀྱིལ་འཁོར་གཅིག་གི་ཚུལ༔ སྡེ་སྣོད་གསུམ་ལས་མངོན་པ་མཛོད་ཀྱི་ཚུལ༔ འདུལ་བ་དང་བསྟུན་ཐོག་ལ་རིམ་པ་གསུམ༔ མདོ་སྡེ་དང་བསྟུན་རྒྱུད་རིས་
༄༅༔ ༔མདོ་ནས་བྲིས༔ སྔགས་དང་བསྟུན་ནས་དཀྱིལ་འཁོར་ཐིག་ཏུ་བཏབ༔ རྡོ་རྗེ་དབྱིངས་ཀྱི་གཞལ་ཡས་ཁང་དུ་བཞེངས༔ འོག་ཁང་བོད་ལུགས་བར་ཁང་རྒྱ་ནག་ཕིབས༔ སྟེང་ཁང་རྒྱ་གར་ཕིབས་ལ་ལྕོག་དང་ལྡན༔ དབུ་རྩེ་རིགས་གསུམ་སྐུ་གསུང་ཐུགས་ཀྱི་བརྡའ༔ འོག་ཁང་སྒོ་གསུམ་རྣམ་པར་ཐར་པའི་བརྡ༔ སྟེང་ཁང་སྒོ་བཞི་ཚད་མེད་བཞི་ཡི་བརྡ༔ བར་ཁང་སྒོ་གཅིག་ཐིག་ལེ་ཉག་ཅིག་བརྡ༔ འཁོར་བའི་སྒོ་གཉིས་ཐབས་དང་ཤེས་རབ་བརྡ༔ དཀོར་མཛོད་དགུ་ནི་ཐེག་པ་རིམ་དགུའི་བརྡ༔ གྲུ་སྐས་དྲུག་ནི་ཕ་རོལ་ཕྱིན་དྲུག་ལ༔ སྟེང་དུ་འཛེགས་པས་ཤེས་རབ་ཕ་རོལ་ཕྱིན༔ འོག་ཁང་གཙོ་བོ་རྡོ་སྐུ་རང་བྱོན་ནི༔ དུས་གསུམ་བདེ་བར་གཤེགས་པས་བྱིན་གྱིས་བརླབས༔ བསམ་ཡས་ཧས་པོ་རི་ནས་གདན་དྲངས་ནས༔ བྱང་ཆུབ་ཆེན་པོ་གསེར་གྱི་འཇིམ་པས་གཡོགས༔ བསྐལ་པ་བཟང་པོའི་
སེམས་དཔའ་བཅུ་ཡིས་བསྐོར༔ མི་གཡོ་བ་དང་རྡོ་རྗེ་གཏུམ་པོ་གཉིས༔ ལྷ་ཡི་གྲངས་ནི་བཅུ་གསུམ་བཞུགས་སོ་སྐད༔ ནང་གི་ལྟེ་བ་རྣམ་དག་སངས་རྒྱས་ཞིང་༔ ཞིང་ཁམས་རྣམ་པར་དག་པའི་རིས་སུ་བྲིས༔ སྲུང་མ་མགོན་པོ་ཁྲི་རལ་ཅན་ལ་གཏད༔ ལྷ་ཁང་དཀོན་ཅོག་སྤྲིན་གྱི་རྒྱུད་རིས་བྲིས༔ སྐོར་ཁང་ཕྱི་སྟར་པདྨ་དཀར་པོ་དང་༔ སྐོར་ཁང་ནང་སྟར་རིན་ཅེན་ཏོག་ཏུ་བྲིས༔ བར་ཁང་གཙོ་བོ་དུས་གསུམ་སངས་རྒྱས་ལ༔ བྱང་ཆུབ་སེམས་དཔའ་ཆེན་པོ་བཅུ་ཡིས་བསྐོར༔ ཀིང་ཀང་གཉིས་ཏེ་ལྷ་ཚོགས་བཅོ་ལྔ་བཞུགས༔ ལྟེ་བའི་ནང་ན་འབུམ་གྱི་གླེང་གཞི་བྲིས༔ སྐོར་ཁང་ནང་སྟར་མདོ་སྡེ་སྤྲིན་ཆེན་བྲིས༔ སྐོར་ཁང་ཕྱི་ལྟར་མངོན་པར་འབྱུང་བ་བྲིས༔ སྒོ་འགྲམ་གཉིས་ལ་རྒྱལ་པོ་ཆེན་པོ་བཞི༔ སྲུང་མ་རྒྱལ་པོ་ཤིང་བྱ་ཅན་ལ་གཏད༔ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ༔ ཉེ་བའི་འཁོར་ལ་སྤྱན་གྱིས་
༄༅༔ ༔གཟིགས་པ་བཞེངས༔ ཕྱོགས་བཅུ་ནས་ལྷགས་སེམས་དཔའ་བཞི་བཅུ་དང་༔ སྒོ་སྲུངས་བཅས་པ་བཞི་བཅུ་ཞེ་བརྒྱད་བཞུགས༔ རི་མོར་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བྲིས༔ ཆོས་སྐྱོང་གནོད་སྦྱིན་འབེ་ལོག་ཅན་ལ་གཏད༔ ལྕོག་ན་གནོད་སྦྱིན་རྡོ་རྗེ་མཆེད་བཞི་སྟེ༔ རི་མོར་སངས་རྒྱས་དགའ་བའི་དཔལ་དུ་བྲིས༔ ཆོས་སྐྱོང་གནོད་སྦྱིན་བཞི་ལ་གཏད་དོ་སྐད༔ འཁོར་ས་བར་མར་རྒྱ་ཆེར་རོལ་པ་བྲིས༔ སྐས་དབྲག་རྣམས་དང་འོག་ཁང་སྐས་འོག་རྣམས༔ སངས་རྒྱས་སྟོང་གི་རི་མོ་བྲིས་སོ་སྐད༔ ལྷོ་ཕྱོགས་མཛོད་གསུམ་དྲི་ཁང་སྤོས་ཀྱི་མཛོད༔ སྲུང་མ་གཤིན་རྗེ་དབྱུག་པ་ཐོགས་པ་གསུམ༔ ནུབ་ཀྱི་མཛོད་གསུམ་གསུང་རབ་རྒྱུད་ཀྱི་མཛོད༔ ཨཱ་ཙར་ནག་པོ་སྤུ་གྲི་ཐོགས་པ་གསུམ༔ བྱང་ཕྱོགས་མཛོད་གསུམ་རིན་ཅེན་གཏེར་གྱི་མཛོད༔ གནོད་སྦྱིན་རིན་ཅེན་བེ་ཅོན་ཐོགས་པ་གསུམ༔ འཁོར་ས་ཆེན་
མོ་ཕལ་ཆེན་རྒྱུད་རིས་བྲིས༔ སྒོ་འགྲམ་གཉིས་སུ་རབ་གནས་ཞལ་སྤྲོའི་དུས༔ གླུ་གར་རོལ་མོ་རྔ་ཤོན་བྲོ་ལ་སོགས༔ རྟ་རྒྱུག་བྱག་རྩེད་སྒྱུ་མ་མཁན་པོ་དང་༔ བོད་ཀྱི་བདེ་སྐྱིད་ཡ་མཚན་སྣ་ཚོགས་བྲིས༔ མདོར་ན་ལྷ་ཚོགས་བདུན་བཅུ་ཁ་ཡངས་དང་༔ སྒོ་མོ་སོ་དྲུག་བྱེ་རྩེ་བཞི་བཅུ་གཉིས༔ གྲུ་སྐས་དྲུག་དང་ཕིབས་ཟུར་བཅོ་བརྒྱད་ཡོད༔ ཀ་བ་སྟོང་དང་རྩ་བརྒྱད་ཡོད་པ་ལ༔ སེང་ཕྲུག་བརྒྱ་དང་རྩ་བརྒྱད་དག་གིས་བརྒྱན༔ འཁོར་ས་ཁམ་བུ་ཅན་གྱི་ཀླུ་ལ་གཏད༔ ལོངས་སྤྱོད་ཡོན་བདག་འབྲོག་གནས་མཆེད་ལྔ་ཡིན༔ ཡཀྴ་ལྟག་འོག་གཉིས་ན་ལྷ་ཚོགས་ནི༔ ཤཱཀྱ་མུ་ནི་གཙོ་འཁོར་ལྔ་ལྔ་དང་༔ སྒོ་སྲུང་གཉིས་དང་ལྷ་ཚོགས་བདུན་བདུན་བཞུགས༔ རི་མོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་༔ ཆོས་སྐྱོང་ནོར་བཟང་གང་བཟང་གཉིས་ལ་གཏད༔ ཉི་ཟླ་གཉིས་ཀྱི་ཚུལ་དུ་བཞེངས་པ་ཡིན༔ ཤར་གྱི་གླིང་གསུམ་
༄༅༔ ༔རྣམ་དག་ཁྲུས་ཀྱི་གླིང་༔ ལྷ་ཚོགས་བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ༔ རི་མོར་མངོན་པར་འབྱུང་བའི་རྒྱུད་རིས་བྲིས༔ ཆོས་སྐྱོང་དུང་གི་ཐོར་ཅོག་ཅན་ལ་གཏད༔ མཁྱེན་རབ་འཇམ་དཔལ་གླིང་གི་ལྷ་ཚོགས་ནི༔ འཇམ་དཔལ་ལ་སོགས་གཙོ་འཁོར་དགུ་བཞུགས་སོ༔ རི་མོར་ངན་སོང་སྦྱོང་བའི་རྒྱུད་རིས་བྲིས༔ ཆོས་སྐྱོང་གཤིན་རྗེ་མེ་ཡི་འཁོར་ལོ་ཅན༔ བརྡ་སྦྱོར་ཚང་མང་གླིང་གི་ལྷ་ཚོགས་ནི༔ བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ་རུ་བཞུགས༔ རི་མོར་མྱ་ངན་འདས་པའི་རྒྱུད་རིས་བྲིས༔ ཆོས་སྐྱོང་འབྲུག་གི་སློག་པ་ཅན་ལ་གཏད༔ ལྷོ་ཡི་གླིང་གསུམ་བདུད་འདུལ་སྔགས་པའི་གླིང་༔ གཙོ་བོ་བྱང་ཆུབ་ཆེན་པོ་ལུགས་མ་ལ༔ སེམས་དཔའ་བཞི་དང་སྒོ་སྲུང་ཆེན་པོ་གཉིས༔ རི་མོར་ནམ་མཁའི་སྙིང་པོའི་རྒྱུད་རིས་བྲིས༔ ཆོས་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད་ལ་གཏད༔ ཐུགས་རྗེའི་རྒྱུན་འབྱུང་ཨཱཪྻ་པཱ་ལོའི་གླིང་༔ ལྷ་ཚོགས་ཁཪྶཱ་པ་
ཎི་གཙོ་འཁོར་ལྔ༔ སྟེང་ན་ཨ་མི་དྷེ་ཝ་གཙོ་འཁོར་ལྔ༔ གློ་འབུར་གཡས་ན་རྒྱལ་པོའི་སྐུ་ཚབ་དང་༔ བསེ་ཡི་ལྷ་མོ་ཕྲ་མེན་མཆོད་རྟེན་དང་༔ སྟོང་ཕྲག་བརྒྱ་པ་བསེ་ཡི་སྒྲོལ་མ་བཞུགས༔ གློ་འབུར་གཡོན་ན་དོན་ཞགས་ལྷ་ཚོགས་བཞུགས༔ གློ་འབུར་གཅིག་ན་རིགས་གསུམ་མགོན་པོ་བཞུགས༔ ལྟེ་བའི་རྒྱུད་རིས་མདོ་སྡེ་ཟ་མ་ཏོག༔ ཁྱམས་ལ་མདོ་སྡེ་ས་བཅུའི་རྒྱུད་རིས་བྲིས༔ ཆོས་སྐྱོང་དབང་ཆེན་ཕོ་ཉ་རྣམས་ལ་གཏད༔ སྒྲ་སྒྱུར་རྒྱ་གར་གླིང་གི་ལྷ་ཚོགས་ནི༔ གཙོ་བོ་བྱང་ཆུབ་ཆེན་པོ་ལུགས་མ་ལ༔ སེམས་དཔའ་བཞི་དང་སྒོ་སྲུང་ཆེན་པོ་གཉིས༔ ལྟེ་བར་ཉི་མའི་སྙིང་པོའི་རྒྱུད་རིས་བྲིས༔ ཁྱམས་ལ་དགོངས་པ་ངེས་པར་འགྲེལ་བ་བྲིས༔ ཆོས་སྐྱོང་གནོད་སྦྱིན་ར་ཡི་གདོང་ཅན་ཡིན༔ ནུབ་ཀྱི་གླིང་གསུམ་བཻ་རོ་ཙ་ནའི་གླིང་༔ ཟངས་ཀྱི་རྣམ་པར་སྣང་མཛད་གཙོ་འཁོར་ལྔ༔ རྣམ་སྣང་མངོན་པར་བྱང་ཆུབ་རྒྱུད་རིས་
༄༅༔ ༔བྲིས༔ ཆོས་སྐྱོང་གནོད་སྦྱིན་གླང་མགོ་ཅན་ལ་གཏད༔ དགའ་ལྡན་བྱམས་པ་གླིང་གི་ལྷ་ཚོགས་ནི༔ ལྷ་ཚོགས་མགོན་པོ་བྱམས་པ་གཙོ་འཁོར་དགུ༔ ལྕོག་ན་ཨ་མི་དྷེ་ཝ་གཙོ་འཁོར་ལྔ༔ རི་མོ་གནས་བརྟན་ཆེན་པོ་བཅུ་དྲུག་དང་༔ བསམ་ཡས་བཞེངས་ལུགས་རི་མོར་བཀོད་པ་དང་༔ འཇིག་རྟེན་བསྟན་པའི་རི་མོ་རྒྱུད་རིས་དང་༔ རྒྱ་ཚ་ལྷ་སྣང་སྐྱེས་རབས་ལག་རྗེས་བྲིས༔ ཆོས་སྐྱོང་ཨ་ལིང་ཀ་དང་ཨུ་ལིང་ཀ༔ མི་གཡོ་བསམ་གཏན་གླིང་གི་ལྷ་ཚོགས་ནི༔ གཙོ་བོ་བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ༔ སེམས་དཔའ་བཅུ་དྲུག་རྟག་ཏུ་ངུ་དང་ནི༔ ཡུམ་གྱི་སྙིང་པོ་ཚེ་དཔག་མེད་པ་དང་༔ གཙུག་ཏོར་དང་ནི་ཕལ་ཆེན་རྒྱུད་རིས་བྲིས༔ ཆོས་སྐྱོང་རྒྱལ་པོ་དངུལ་མགོ་ཅན་ལ་གཏད༔ བྱང་གི་གླིང་གསུམ་རིན་ཅེན་སྣ་ཚོགས་གླིང་༔ བཅོམ་ལྡན་བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ༔ རི་མོར་འཚོང་དཔོན་ཁྱེའུ་ཆུ་
འབེབས་དང་༔ བྱང་ཆུབ་སེམས་དཔའ་ཕན་སེམས་རྒྱུད་རིས་བྲིས༔ ཆོས་སྐྱོང་གནོད་སྦྱིན་བསེ་གདོང་ཅན་ལ་གཏད༔ སེམས་བསྐྱེད་བྱང་ཆུབ་གླིང་གི་ལྷ་ཚོགས་ནི༔ གཙོ་བོ་སངས་རྒྱས་མ་ཆགས་པདྨ་ཅན༔ སྒྲིབ་པ་རྣམ་སེལ་བདུད་རྩི་འཁྱིལ་བ་དང་༔ ཞི་བའི་ལྷ་ཚོགས་སངས་རྒྱས་བཞི་བཅུ་གཉིས༔ བདུད་འཇོམས་རྒྱལ་པོ་བཛྲ་ཀཱི་ལ་ཡ༔ ཁྱམས་ལ་རྟག་ཏུ་ངུ་ཡི་སྐྱེས་རབས་བྲིས༔ གློ་འབུར་ཤེས་རབ་ཕ་རོལ་ཕྱིན་རྒྱུད་བྲིས༔ ཆོས་སྐྱོང་སེང་གེའི་གདོང་པ་ཅན་ལ་གཏད༔ དཀོར་མཛོད་དཔེ་དཀར་གླིང་གི་ལྷ་ཚོགས་ནི༔ ལྷ་ཡི་གཙོ་བོ་སངས་རྒྱས་དགའ་བའི་དཔལ༔ འཁོར་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད༔ རྒྱུད་རིས་ཡབ་སྲས་མཇལ་བའི་བཀོད་པ་བྲིས༔ དཀོར་མཛོད་རེ་ལ་སྲུང་མ་རེ་རེ་སྟེ༔ སྔ་གདོང་གཉིས་ལ་རྒྱལ་ཆེན་བཞི་པོ་བྲིས༔ གཞན་ཡང་ཉི་ཁྲིའི་གླེང་གཞི་རྒྱས་པར་བྲིས༔
༄༅༔ ༔སྲུང་མ་རྒྱལ་པོ་དཔེ་དཀར་ཉིད་ལ་གཏད༔ ལྕགས་རིའི་ཕྱོགས་བཞི་མགོན་ཁང་ནང་བརྒྱད་ན༔ ལྷ་མགོན་ལྕམ་དྲལ་གཙོ་འཁོར་གསུམ་གསུམ་སྟེ༔ མདོར་བསྡུ་ལྡེར་བཟོ་ཉི་ཤུ་རྩ་བཞི་བཞུགས༔ རི་མོར་སངས་རྒྱས་སྟོང་དང་རྩ་གཉིས་བྲིས༔ བཅུ་གཉིས་གླིང་ལ་མ་གཏོགས་ལྕགས་རིའི་ནང་༔ དག་བྱེད་ཁྲུས་ཁང་ཀླུ་འབྲུག་མཐུ་རྩལ་གླིང་༔ ཚང་མང་ཀེ་རུའི་གླིང་དང་གསུམ་དུ་བཞེངས༔ མཆོད་རྟེན་ནག་པོའི་རྒྱབ་ལ་ཁྲུས་ཁང་གླིང་༔ སོ་ཕག་ཁང་པ་གཉིས་ཐོག་བཞེངས་པ་ལ༔ ཆུ་ནི་སྟེང་ནས་ཟངས་ཀྱི་ཝ་ལ་འབབ༔ འོག་ཁང་ཁྲུས་བྱེད་ཁ་གདོང་རྐང་ལག་འཁྲུ༔ སྟེང་ཁང་མི་རྟག་སྟོན་བྱེད་དུར་ཁྲོད་དང་༔ ལུས་བོར་སྐྱེ་འཕོས་མི་རྟག་སྡུག་བསྔལ་གྱིས༔ འཁོར་བའི་འཁོར་ཚུལ་སྲིད་པའི་འཁོར་ལོ་བྲིས༔ སྲུང་མ་གནོད་སྦྱིན་ཆུ་བུམ་ཐོགས་ལ་གཏད༔ དབུ་རྩེ་ཆེན་མོའི་འཁོར་སའི་ནུབ་ཕྱོགས་ན༔
ཚང་མང་ཀེ་རུའི་གླིང་ཞེས་བྱ་བ་ནི༔ སོ་ཕག་ཁང་པ་གཉིས་ཐོག་འོག་ཁང་དུ༔ པཎྜི་ཏ་ཡི་གཡོས་ཁང་བྱེད་ས་དང་༔ སྟེང་ན་ཆོས་བཤད་ལུགས་མའི་ལྷ་ཁང་ཡོད༔ སྲུང་མ་གནོད་སྦྱིན་མེ་སྒྲོན་ཅན་ལ་གཏད༔ བཻ་རོ་ཙ་ནའི་གླིང་གི་རྒྱབ་ཕྱོགས་ན༔ མཐུ་རྩལ་ཀླུ་འབྲུག་ཆུ་གླིང་ཞེས་བྱ་ཡོད༔ སོ་ཕག་ཁང་པ་ཆིག་ཐོག་བཞེངས་པ་ལ༔ ཐང་ལ་ཆུ་ཡི་མཚོ་མོ་མེར་བར་བསྐྱིལ༔ པད་སྡོང་དབུས་ན་ཕྱག་རྡོར་འགྱིང་བག་བཞུགས༔ འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད་རྣམས་འཁོད༔ རྒྱུད་རིས་ཀླུ་འབུམ་དཀར་པོའི་ཀླུ་གཟུགས་དང་༔ ཆུ་གླང་སྡིག་སྦྲུལ་ཉ་སྦལ་ལྕོང་མོ་བྲིས༔ སྲུང་མ་ཟུར་ཕུད་མལ་གྲོའི་ཀླུ་ལ་གཏད༔ ཀླུ་དང་རྒྱལ་པོ་གྲོགས་པོ་བྱས་པའི་རྟེན༔ ཀླུ་ཁང་བཞེང་བར་ཞལ་བཞེས་མཛད་པ་བཞེངས༔ བསམ་ཡས་གཞི་མ་རུས་སྦལ་གཟུགས་སུ་ཡོད༔ རུས་སྦལ་མགོ་ལ་ཨཱཪྻ་པཱ་ལོའི་གླིང་༔ དཀྱིལ་དུ་
༄༅༔ ༔དབུ་རྩེ་ཡན་ལག་བཞི་པོ་ལ༔ མཆོད་རྟེན་བཞིས་མནན་སྟ་ཟུར་ཉི་ཟླས་མནན༔ བཀའ་རྟགས་ཕྱག་རྒྱ་མཆོད་རྟེན་བཞི་ལ་ནི༔ མཆོད་རྟེན་དཀར་པོ་སེང་གེ་བརྒྱད་ཀྱིས་བརྒྱན༔ སྲུང་མ་གནོད་སྦྱིན་སྐར་མདའི་གདོང་པ་ཅན༔ བཞེངས་པའི་ལག་ལེན་བློན་ཆེན་ཤུད་བུ་ཡིན༔ མཆོད་རྟེན་དམར་པོ་པདྨ་སྟོང་གིས་བརྒྱན༔ སྐྱོང་བའི་སྲུང་མ་གཟའ་བདུད་མིག་དམར་ཡིན༔ བཞེངས་པའི་ལག་ལེན་རྒྱ་ཚ་ལྷ་སྣང་ཡིན༔ མཆོད་རྟེན་ནག་པོར་མཆོད་རྟེན་སྟོང་གིས་བརྒྱན༔ སྐྱོང་བའི་སྲུང་མ་མཁའ་འགྲོ་ལྕགས་མཆུ་ཅན༔ བཞེངས་པའི་ལག་ལེན་རྟ་ར་ཀླུ་གོང་ཡིན༔ མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་བརྒྱན༔ སྐྱོང་བའི་སྲུང་མ་རྡོ་རྗེ་བདུད་འདུལ་ཡིན༔ བཞེངས་པའི་ལག་ལེན་རྡོ་རྗེ་སྤྲེ་ཆུང་ཡིན༔ ས་དང་རྡོ་ཡི་ལྷག་མ་ཀུན་བསྡུས་ནས༔ བྱམས་པའི་གླིང་དུ་མཆོད་རྟེན་བཞེངས་སུ་གསོལ༔ རབ་གནས་མཛད་
ཚེ་བསམ་ཡས་འོད་དུ་འབར༔ མཆོད་རྟེན་འོད་འབར་་་་ཞེས་སུ་གྲགས་པ་ཡིན༔ ལྕགས་རི་མུ་ཁྱུད་སྲུང་མར་བསྐོས་པ་ནི༔ རྒྱལ་པོ་ཆེན་པོ་བཞི་ལ་གཏད་དོ་སྐད༔ དེ་རྣམས་ལྕགས་རི་ནང་ཁོངས་དཀར་ཆག་ལགས༔ ཇོ་མོ་གསུམ་གྱི་ཐུགས་དམ་བཞེངས་པ་ལ༔ ཇོ་མོ་ཚེ་སྤོང་རྒྱལ་མོའི་ཐུགས་དམ་ནི༔ ཁམས་གསུམ་མེ་ཏོག་སྒྲོལ་གྱི་བཀོད་པ་ཡང་༔ དབུ་རྩེ་ཆེན་མོའི་བཀོད་པ་འདྲ་བ་ལ༔ འོག་ཁང་གཙོ་བོ་བྱང་ཆུབ་ཆེན་པོ་ཉིད༔ ཉེ་བའི་སྲས་བརྒྱད་འཁོར་གྱིས་བསྐོར་ནས་ནི༔ སྒོ་སྲུང་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་༔ མི་གཡོ་བ་དང་ལྷ་ཚོགས་བཅུ་གཅིག་བཞུགས༔ ལྟེ་བའི་ལོགས་ལ་སངས་རྒྱས་སྟོང་རྩ་གཉིས༔ འཁོར་ས་ཕྱི་བསྟར་སྒྲིབ་པ་རྣམ་སེལ་རྒྱུད༔ འཁོར་ས་ནང་བསྟར་ལང་གཤེགས་རྒྱུད་རིས་བྲིས༔ འཁོར་ས་བར་མའི་བྱང་དང་ཤར་གྱི་ཕྱེད༔ རྒྱལ་བ་ཤཱཀ་ཐུབ་རྒྱལ་པོའི་ཁབ་ནས་ནི༔
༄༅༔ ༔གྲོང་ཁྱེར་སེར་སྐྱའི་གནས་སུ་བྱོན་པ་བྲིས༔ ཤར་གྱི་ཕྱེད་དང་ལྷོ་ཡི་ངོས་ལ་ནི༔ ཡབ་དང་སྲས་པོ་མཇལ་བའི་རྒྱུད་རིས་བྲིས༔ ཆོས་འཁོར་དགུ་ཡི་བཀོད་པས་ཕྱོགས་གསུམ་བརྒྱན༔ ནུབ་དང་ལྷོ་ཡི་ཕྱེད་ལ་རི་མོ་ནི༔ ཞིང་ཁམས་རྒྱལ་བའི་ཆོས་གསུང་བྲིས་པ་ལགས༔ བར་ཁང་གཙོ་བོ་སངས་རྒྱས་མར་མེ་མཛད༔ ཉེ་བའི་སྲས་བརྒྱད་སྒོ་སྲུང་ཀིང་ཀང་གཉིས༔ ལྟེ་བའི་རྒྱུད་རིས་འབུམ་གྱི་གླེང་གཞི་དང་༔ རིགས་ལྔའི་ཞིང་ཁམས་སེམས་དཔའ་སེམས་མ་བྲིས༔ སྐོར་ཁང་རི་མོ་ནང་དུ་གཟིགས་པ་ལ༔ རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དང་༔ རྒྱ་ནག་ཡུལ་དང་བལ་བོའི་ཡུལ་དང་ནི༔ ལི་ཡུལ་ཟངས་གླིང་གསེར་གླིང་བེ་ཏའི་གླིང་༔ ཨོ་རྒྱན་གེ་སར་བོད་ཀྱི་ཡུལ་དང་ནི༔ རྒྱལ་ཁམས་བདེ་སྐྱིད་ཕུན་ཚོགས་མཐའ་དག་བྲིས༔ སྐོར་ཁང་ཕྱི་རུ་གཟིགས་པའི་རི་མོ་ནི༔
སངས་རྒྱས་གཙུག་ན་རིན་ཅེན་རྒྱུད་རིས་བྲིས༔ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ༔ འཁོར་དུ་སེམས་དཔའ་ཉི་ཤུ་རྩ་བཞི་དང་༔ སྒོ་སྲུང་བརྒྱད་དེ་ལྷ་ཚོགས་སུམ་ཅུ་གཉིས༔ ལྟེ་བའི་ལོགས་ལ་མཆོད་པའི་ལྷ་མོ་བྲིས༔ གསེར་གྱི་པ་ཏྲས་ལྕམ་གདུང་ལེགས་པར་བརྒྱན༔ གསེར་གྱི་གདུགས་དང་གསེར་གྱི་དྲིལ་བུ་དང་༔ ལྷ་ཕྲུག་ནམ་མཁའ་ལྡིང་གི་མཆོད་འབུལ་ཡོད༔ འོག་ཁང་ཆོས་སྐྱོང་ལྷ་མོ་རེ་མ་ཏི༔ བར་ཁང་སྟེང་ཁང་གཉིས་ཀྱི་སྲུང་མ་ནི༔ གནོད་སྦྱིན་རྒྱལ་པོ་ཆེན་པོ་མཆེད་གསུམ་ཡིན༔ ལྕོག་ལ་རི་མོ་དང་ནི་སྲུང་མ་མེད༔ འཁོར་ས་བར་མ་ཀླུ་ལ་གཏད་པ་ཡིན༔ སྒོ་དང་ཁྲ་མའི་ནང་ན་ལྷ་ཚོགས་ནི༔ མཁའ་འགྲོ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་བཞུགས༔ སྲུང་མ་བསྟན་མ་བཅུ་གཉིས་བྲིས་ནས་གཏད༔ ནོར་བུའི་རྒྱལ་པོ་ལ་ཡང་གཉེར་དུ་གཏད༔
༄༅༔ ༔འཁོར་ས་ཆེན་མོར་ཕལ་ཆེར་རྒྱུད་རིས་བྲིས༔ གློ་འབུར་བཞི་ན་རིགས་ལྔའི་སངས་རྒྱས་བཞུགས༔ འཁོར་ས་ཆེན་མོའི་སྒོ་འགྲམ་རྣམས་ལ་ནི༔ མངའ་བདག་རྒྱལ་པོ་གུང་ན་བཞུགས་པ་ལ༔ གླུ་གར་རོལ་མོ་བྱག་རྩེད་སྒྱུ་ས་མཁན༔ གྱད་མི་སྟོབས་འགྲན་སྟག་གཟིག་མི་དང་རྩེ༔ སྦྲུལ་དང་སེང་གེ་འཐབ་མོ་བྱེད་པ་དང་༔ བོད་ཡུལཡ་མཚན་གང་ཆེ་ཐམས་ཅད་བྲིས༔ གླིང་སྨད་མཚོ་མོ་མགུལ་གྱི་ཆུ་དཀྱིལ་དུ༔ པདྨའི་སྡོང་པོ་ཆེན་པོ་སྐྱེས་པའི་དྲུང་༔ རྒྱལ་པོས་ཟ་འོག་གུར་ཆེན་ཕུབ་ནས་སུ༔ བོད་ཁམས་སྟོང་སྡེའི་གཞོན་སྐྱེས་ཐམས་ཅད་ཚོགས༔ བྲོ་བརྡུང་གླུ་ལེན་གར་སྟབས་གསུང་སྙན་འགྲན༔ ལྷ་ཆེན་ཁྲི་སྟེང་བཞུགས་ནས་སྒྲ་སྐད་བསྒྱུར༔ མཛེས་པའི་ཁྱེའུས་ལག་ན་རྔ་མ་ཐོགས༔ གར་སྟབས་བྲོ་བརྡུང་ཤོན་རྩེད་བྱེད་པ་དང་༔ རྒྱལ་པོའི་སྐྱོ་སངས་འབག་དང་སེང་གེ་དང་༔
སྔགས་བོན་རྔ་ཐོགས་འཆམས་པོ་བྱེད་པ་དང་༔ རྒྱལ་པོ་མཉེས་པ་བཙུན་མོ་མཛེས་མ་ཀུན༔ རྒྱལ་པོའི་སྤྱན་སྔར་སྤྲིན་ལྟར་གཏིབས་ནས་བཞུགས༔ བུ་མོ་མཛེས་མས་གཡུང་དྲུང་ཤོན་གྲ་བཅས༔ གསུང་སྙན་ཟོར་ཁུགས་འགྲེན་ཅིང་རྐང་བྲོ་བརྡུང་༔ རྫུ་འཕྲུལ་རྟ་ཞོན་བརྒྱ་དང་འཆམས་པོ་དང་༔ དོམ་འདྲ་སྤྲེལ་འདྲ་སྐྱུས་མོ་ལང་མ་ལིང་༔ ཟངས་དུང་ཆ་ལང་འཁར་རྔ་གླིང་བུ་དང་༔ རྫ་རྔ་པི་ཝཾ་ཕེག་རྡོབ་རོལ་མོའི་ཚོགས༔ རྒྱལ་མཚན་བ་དན་ཕུར་མ་ཟུར་འཕན་དང་༔ དར་ཁྲ་བསིལ་གཡབ་རླུང་བསྐྱོད་པུ་རུ་རུ༔ གཡག་རྒོད་ཤ་རློན་བཙོས་དང་བསྲེགས་ཡིབས་དང་༔ མར་བཀོལ་ཕྲུམ་དང་ཞོ་མར་ཐུད་དང་ནི༔ སྤྱན་གཟིགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་༔ སྤོས་ཀར་སྨན་གྱི་དུད་པས་ལུང་པ་ཁེངས༔ བུ་རམ་སྦྲང་རྩི་བཙོས་དང་རྗེན་པ་དང་༔ འབྲས་ཆང་དིང་མ་རྟ་ཆང་རྒུན་ཆང་དང་༔ ནས་ཆང་གོ་ལ་
༄༅༔ ༔རྒྱ་ནག་ཞལ་བསིལ་དང་༔ བཏུང་བའི་ཚོགས་དང་ཞལ་ཟས་གང་དགྱེས་རོལ༔ ལོ་པཎ་རྣམས་དང་རྗེ་འབངས་གྲུབ་ཐོབ་རྣམས༔ བསྟན་པའི་གད་དར་ཆོས་ཀྱི་བགྲོ་གླེང་མཛད༔ རབ་གནས་ཚར་ནས་ལོ་ནི་བཅུ་གསུམ་བར༔ ཉིན་རེ་བཞིན་དུ་མཚོ་མོ་མགུལ་དུ་ཚོགས༔ དཔལ་གྱི་ཉི་མ་ཤར་བས་དྲོ་བའི་དུས༔ སྐྱིད་པའི་འདོམ་འཇལ་ཀུན་གྱིས་བསྐྱངས་པ་ལ༔ ལོང་བ་མངོན་ཤེས་ཅན་གྱིས་གྲལ་བཤོམས་མཛད༔ མི་དགའ་ལྷ་དགྱེས་འདུ་འཛི་ཅི་དགའ་བྱུང་༔ དགུང་ལོ་བཅུ་གསུམ་བདེ་སྐྱིད་གཟིགས་མོ་བྱས༔ སྐྱིད་པའི་གླུ་ཤོན་གར་བྲོ་བྱག་རྩེད་རྣམས༔ གནས་དུས་བཟང་པོ་ལྷ་ཡི་མདུན་ས་འདྲ༔ རྒྱལ་པོའི་ཞལ་ནས་བཀའ་སྩལ་གླུར་བླངས་པ༔ སུམ་ཅུ་རྩ་གསུམ་ལྷ་ལ་དཔེ་བླངས་ནས༔ གཡུ་ཁང་གསེར་ཁྲི་བྱ་བའི་ཟོར་སྙན་བླངས༔ ལྷ་སྲས་མུ་ནེ་བཙན་པོ་ཡིས༔ འཇིག་
རྟེན་སྒྲོལ་མ་བྱ་བ་བླངས༔ ལྷ་སྲས་མུ་རུམ་བཙན་པོ་ཡིས༔ སེང་གེ་འགྱིང་ཆེན་བྱ་བ་བླངས༔ ལྷ་སྲས་མུ་རི་བཙན་པོ་ཡིས༔ དགའ་གླུ་བཅུ་གསུམ་བྱ་བ་བླངས༔ ཇོ་མོས་གཡུ་མཚོ་འཁྱིལ་བ་བླངས༔ ལྷ་ལྕམ་གཡུ་ཡི་ལྕུག་ཕྲན་བླངས༔ བླ་མཆོད་རྣམས་ཀྱིས་མགུར་བཞེས་པ༔ སློབ་དཔོན་བོ་དྷི་ས་ཏྭ་ཡིས༔ སྒོམ་འཕྲང་དཀར་པོ་བྱ་བ་བླངས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྷ་འདྲེ་ཟིལ་གནོན་བྱ་བ་བླངས༔ སྤ་གོར་བཻ་རོ་ཙ་ན་ཡིས༔ དབྱངས་རིང་ཁུག་པ་བྱ་བ་བླངས༔ ལོ་ཙཱ་སྐ་བ་དཔལ་བརྩེགས་ཀྱིས༔ སྐྱིད་པའི་གླུ་རིང་བྱ་བ་བླངས༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས༔ ཧཱུཾ་ཆེན་བཅོ་བརྒྱད་བྱ་བ་བླངས༔ གནུབས་བན་ནམ་མཁའི་སྙིང་པོ་ཡིས༔ མཁའ་ལ་ཁྱུང་ལྡིང་བྱ་བ་བླངས༔ ངན་ལམ་བཙུན་པ་རྒྱལ་མཆོག་གིས༔ རྟ་མགྲིན་མགུར་དབྱངས་བྱ་བ་བླངས༔ ལ་སེའི་སྤྲུལ་པ་མཚོ་རྒྱལ་
༄༅༔ ༔གྱིས༔ ཕུར་པ་འཇོལ་ཆེན་འཇོལ་ཆུང་བླངས༔ བློན་པོ་རྣམས་ཀྱིས་གླུ་བླངས་པ༔ འགོས་ཀྱིས་དྲང་ཤིང་དཀར་པོ་བླངས༔ གཏོང་གིས་ཟེར་ཆེན་ཟེར་ཆུང་བླངས༔ ཤུད་བུས་དུང་ཆེན་དུང་ཆུང་བླངས༔ མྱང་གྱིས་གསེར་གྱི་དྲིལ་ཆེན་བླངས༔ སྦས་ཀྱིས་རེ་བརྒྱ་བྱ་བ་བླངས༔ མགར་གྱིས་བྱ་རྒོད་ལྡིང་བ་བླངས༔ སྣ་ནམ་ལྷ་ཤུག་གོང་མ་བླངས༔ ཁུ་ཡིས་མདོ་སྤྱོད་བྱ་བ་བླངས༔ གཉགས་ཀྱིས་ཟླ་འོད་བྱ་བ་བླངས༔ ལི་ཡིས་ལྕགས་རི་གདོང་དྲུག་བླངས༔ དམག་དཔོན་ལུ་མ་རྒྱུད་གསུམ་བླངས༔ ཤར་པོས་སྟག་རི་དགུ་བརྩེགས་བླངས༔ ཤར་མོས་གྲོང་ཟེར་རིང་མོ་བླངས༔ གཞན་ཡང་བརྗོད་ཀྱིས་མི་ལོང་སྟེ༔ མི་ཚོ་རེ་ཡིས་གླུ་རེ་བླངས༔ མི་རེས་རྟ་རེ་བརྒྱུགས་པ་རྣམས༔ འཁོར་ས་ཁམས་གསུམ་ཟངས་ཁང་གི༔ སྒོ་འགྲམ་ཆེན་མོའི་ལོགས་ལ་བྲིས༔ འཇམ་དཔལ་སྤྲུལ་པ་ཁྲི་སྲོང་ལྡེའུ་
བཙན་གྱི༔ བཙུན་མོ་འབྲིང་པ་ཕོ་གྱོད་རྒྱལ་མོ་བཙུན༔ ཡུམ་ལས་སྐྱེ་འཕོས་རྒྱལ་པོའི་ཁབ་ཏུ་བཞེས༔ ཐུགས་དམ་གསེར་ཁང་དགའ་ལྡན་བྱང་ཆུབ་སྒྲོན༔ གཙུག་ལག་ལྷ་ཁང་བཞེངས་པའི་བཀོད་པ་ནི༔ ཟས་གཡོས་དགུ་དྲངས་བཟོ་ཁྱད་དགུ་ཡིས་འཕགས༔ ལྷ་སྲས་མི་མངའ་ལྷ་ཁང་ཉིས་ཐོག་བཞེངས༔ རྒྱ་ཕིབས་ཕྱི་ནང་རྩིག་པ་ཀ་བ་མེད༔ གཞན་ན་མ་མཆིས་དེ་ཉིད་བཟོ་ཡི་ཁྱད༔ གཟའ་བརྒྱད་རྒྱུ་སྐར་ཕྱི་ཡི་གདུང་ཚབ་བརྟེན༔ རྒྱ་ཕིབས་ནང་བསྟར་བཻ་ཌཱུཪྻ་ཡི་གདུང་༔ གསེར་གྱི་པ་ཏྲ་སེང་གེ་རྟ་མཆོག་དང་༔ པ་ཏྲའི་བཟོ་རིས་ཁྱད་འཕགས་དགུ་ཡིས་བཏེག༔ སྤར་ཁབ་དགུ་ལ་གསེར་གྱི་བྱེལ་ཆུང་དྲུག༔ སྙན་པའི་སྒྲ་སྐད་ཡིད་འོང་སྒྲོག་པ་དང་༔ བར་ཁྱམས་ནང་བསྟར་གཡུ་ཐོག་སེང་གེའི་མགྲིན༔ སྤྱི་བོ་རྟ་རྒྱབ་རྟ་བབས་ཁྱད་དུ་འཕགས༔ ཐང་དང་བད་ནི་སོ་བག་བཻ་ཌཱུཪྻ༔ རྒྱ་ཕིབས་གཡུ་ཐོག་གཞན་
༄༅༔ ༔ལས་ཁྱད་དུ་འཕགས༔ ཆུ་སྲིན་ཁ་ནས་དྲི་ཆབ་སྤོས་ཀྱི་ཆུ༔ རྡོ་ཡི་རུས་སྦལ་སྟེང་དུ་འབབ་པ་ལགས༔ མཛད་པ་བཅུ་གཉིས་གཙོ་བོ་འབུར་དུ་དོད༔ གཙོ་བོ་དང་ནི་སེམས་དཔའ་ཐམས་ཅད་ལ༔ སྤྱི་གདུགས་དང་ནི་སྒོས་གདུགས་གཉིས་སུ་ཕུབ༔ འོག་ཁང་གཙོ་བོ་རིགས་ལྔའི་སངས་རྒྱས་ལ༔ ཉེ་བའི་སྲས་བརྒྱད་འཁོར་གྱིས་བསྐོར་བ་དང་༔ མི་གཡོ་བ་དང་རྡོ་རྗེ་གཏུམ་པོ་བཞུགས༔ དུས་གསུམ་བདེ་གཤེགས་རྒྱལ་བའི་རྒྱུད་རིས་བྲིས༔ ལྟེ་བའི་སྔ་གདོང་རྒྱལ་ཆེན་འཁོར་བཅས་བྲིས༔ སྐོར་ཁང་ཕྱི་བསྟར་འབུམ་གྱི་གླེང་གཞི་བྲིས༔ སྐོར་ཁང་ནང་བསྟར་ལི་ཚ་བྱི་དང་ནི༔ མཁྱེན་རབ་འཇམ་དཔལ་བགྲོ་གླེང་མཛད་པ་བྲིས༔ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ༔ ཡོ་གའི་ལྷ་ཚོགས་དག་གིས་བསྐོར་བ་བཞུགས༔ སྟེང་ཁང་རྒྱ་ཕིབས་དག་ལ་རི་མོ་ནི༔ བུ་མོ་བདུན་གྱི་རྟོགས་པ་བརྗོད་པ་དང་༔ འཕགས་པ་དགེ་
འདུན་སྐྱོང་གི་རྟོགས་བརྗོད་བྲིས༔ སྟེང་ཁང་བར་ཁྱམས་ནང་གི་རི་མོ་ནི༔ མདོ་སྡེ་པདྨ་དཀར་པོའི་རྒྱུད་རིས་བྲིས༔ སྟེང་ཁང་ལོགས་ལ་ཕྱོགས་བཅུའི་སངས་རྒྱས་བྲིས༔ འཁོར་ས་ཆེན་མོར་ཕལ་ཆེན་རྒྱུད་རིས་བྲིས༔ གཙང་ཁང་ནང་ན་བྲིས་པའི་རི་མོ་ནི༔ གང་བ་བཟང་པོ་ནོར་བུ་བཟང་པོ་དང་༔ སྲིད་པའི་འཁོར་ལོ་འཇིག་རྟེན་བསྟན་པ་བྲིས༔ དཀོར་མཛོད་དྲུག་དང་ཇོ་མོའི་ཁང་པ་དང་༔ གློ་འབུར་བདུན་ནི་ནོར་དང་རྫས་ཀྱིས་བཀང་༔ ཕྱི་ཡི་སྲུང་མ་མགོན་པོ་ལྕམ་དྲལ་དང་༔ ནང་གི་སྲུང་མ་རུས་སྦལ་ཀླུ་ལ་གཏད༔ བྱང་གི་ཕྱོགས་ཀྱི་དཀོར་མཛོད་སྲུང་མ་ནི༔ རྒྱལ་པོ་ཆེན་པོ་རྟ་མགོ་ཅན་ལ་གཏད༔ ལྷོ་ཕྱོགས་དཀོར་མཛོད་དག་གི་སྲུང་མ་ནི༔ གནོད་སྦྱིན་ཀུན་དྷ་ལི་ལ་གཉེར་དུ་གཏད༔ ལོངས་སྤྱོད་ནོར་གྱི་སྲུང་མ་ཆེན་པོ་ནི༔ གནོད་སྦྱིན་ནོར་བུ་བཟང་ལ་གཉེར་དུ་གཏད༔ དེ་དག་བུ་ཚལ་གསེར་ཁང་དཀར་ཆག་གོ༔ རྒྱལ་པོའི་ཇོ་མོ་འགྲོ་བཟའ་
༄༅༔ ༔བྱང་ཆུབ་ཀྱིས༔ ཐུགས་དམ་དགེ་རྒྱས་གཙུག་ལག་བཞེངས་པ་ནི༔ ལྷ་སྲས་མི་མངའ་ལྷ་ཁང་ཆིག་ཐོག་བཞེངས༔ སོ་ཕག་རྡོ་སྤྲིན་གཉིས་ཀྱིས་རྩིག་པ་བྱས༔ རྒྱ་ཕིབས་བཟོ་ནི་ཁྱུང་མ་ཁ་རུ་ཕུབ༔ རྣམ་སྣང་གཙོ་མཛད་ལྷ་ཚོགས་ལུགས་མ་བདུན༔ གཙོ་བོའི་མཛོད་སྤུར་མེ་ཤེལ་འོད་འབར་བཅུག༔ མདུན་གྱི་གདུང་ལ་ནོར་བུ་འོད་ལེགས་བཏགས༔ མར་མེ་མ་དགོས་ཉིན་མོ་བཞིན་དུ་གསལ༔ ཁྱད་འཕགས་དེ་གསུམ་བོད་ཁམས་གཞན་ན་མེད༔ ལྟེ་བའི་རི་མོར་བཟང་པོ་སྤྱོད་པ་བྲིས༔ སྐོར་ཁང་རི་མོ་ནང་དུ་གཟིགས་པ་ལ༔ འཇམ་དཔལ་ལི་ཙ་བྱི་གཉིས་གླེང་བ་དང་༔ སྤྱན་རས་གཟིགས་དང་བྱམས་པ་གླེང་བ་བྲིས༔ ནོར་བཟང་ལེའུ་ཉུང་ཤོས་ཚང་བར་བྲིས༔ རྣམ་སྣང་བཟང་སྤྱོད་ཇོ་མོའི་སྨོན་ལམ་བྲིས༔ སྐོར་ཁང་ཕྱི་རུ་གཟིགས་པའི་རི་མོ་ནི༔ ཕྱག་རྡོར་དཀྱིལ་འཁོར་ཞང་ཕྲོམ་མིང་སྲིང་དང་༔ སྤྱན་
རས་གཟིགས་དབང་མིང་སྲིང་ཕྱག་རྡོར་དང་༔ ཀུན་ཏུ་བཟང་པོའི་ཞིང་ཁམས་རྒྱས་པར་བྲིས༔ ཁྱམས་ལ་རི་མོར་སངས་རྒྱས་སྟོང་རྩ་བྲིས༔ ཡ་ཐོག་རིང་མོ་མ་ཐོག་རིང་མོ་དང་༔ བར་གྱི་ཁུག་པ་བཅོ་བརྒྱད་རྫོགས་པར་བྲིས༔ ཆོས་སྐྱོང་སྲུང་མ་མགོན་པོ་ལྕམ་དྲལ་དང་༔ འབྲི་མགོ་ཅན་དང་ཨུ་ལིང་ཀ་ལ་གཏད༔ མཆོད་རྟེན་གོང་མ་མིག་དམར་གཟའ་ལ་གཏད༔ མཆོད་རྟེན་འོག་མ་པ་བ་སངས་ལ་གཏད༔ ཡོན་ཆབ་ཁྲོན་པའི་ཀླུ་ལ་གཉེར་གཏད་བྱས༔ དེ་ལྟར་ཐུགས་དམ་དཔལ་གྱི་བསམ་ཡས་ལ༔ བཀོད་པས་ཁྱད་འཕགས་བསམ་གྱིས་མི་ཁྱབ་བཞུགས༔ དཀར་ཆག་ཆེ་འབྲིང་ཆུང་གསུམ་བཀོད་པ་ཡིན༔ རྒྱལ་པོའི་ཐུགས་དམ་ཇི་ལྟར་བཞེངས་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔