༄༅། །བཀའ་ཐང་སྡེ་ལྔ།
༣ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དཀྱིལ་འཁོར་འོག་གི་ལེའུ།
Previous Chapter
Next Chapter

(༣ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དཀྱིལ་འཁོར་འོག་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ༔ ར་ས་འཕྲུལ་སྣང་དཀྱིལ་འཁོར་ཆེན་པོའི་འོག༔ རྡོ་རྗེ་འདམ་པའི་དཀྱིལ་འཁོར་བཞེངས་པའི་སྟེང་༔ གསེར་སྦལ་སྨུག་པོས་སྟེང་ནས་ཁ་ལ་གབ༔ རྒྱལ་པོའི་དཀོར་ཆ་རྣམས་ཀྱིས་མཐའ་མ་བསྐོར༔ ཕྱི་རབས་གཙུག་ལག་ཁང་གི་གསོས་སུ་བསྔོས༔ ཞེས་གསུངས་པས༔ གནས་ར་ས་འཕྲུལ་སྣང་གི་ལྷའི་གཙོ་བོ་ལ་གདན་གྲུ་བཞི་མཐོ་གང་པ་གཅིག་ཡོད་དོ༔ གཡོན་གྱི་འོག་ན་གདན་ཁྲིའི་ལྡེབས་ལ་ཕུར་གཏུན་གྱི་རྩིག་པ་རླུང་སེང་ཧྲིལ་ལེ་བ་ཞིག་ཡོད་དོ༔

2-75b

དེ་ལ་གདོང་གཏད་པའི་དུས་སུ༔ རླུང་སི་རི་རི་ཡོད་དེ༔ རྡོ་སྐམ་གྱི་རྩིག་པ་དེ་བཤིག་ནས༔ རྡོའི་ཁྲི་རིམ་པ་དགུ་པ་སྟེ༔ གོམ་པ་བདུན་གྱི་ས་ན་རྡོའི་སྐམ་བརྩིགས་ཡོད་དོ༔ སྣང་གསལ་ཆེ་བ་གཉིས་གཤིབས༔ རྩིག་པ་དེ་བཤིག་ལ་མར་མེ་གཅིག་དེ་རུ་བཞག༔ གཅིག་ཁྱེར་ནས་ནུབ་ཕྱོགས་སུ་སྲང་ཁའི་ནང་ལྟ་བུར་ཡོད་པས༔ དེར་ཞུགས་ལ་འགྲོ་བར་བྱའོ༔ ཁྱམས་ཀྱི་དཀྱིལ་འཁོར་ཐད་ཀའི་འོག་ན༔ འདོམ་ཕྱེད་དང་དོའི་ཁུང་ལྟེ་བ་ན༔ ཐོག་མར་མཚོ་བསུབས་པའི་མཐོངས་ཀྱི་སེང་ཞིག་ནས་བལྟས་པས་རླུང་འུ་རུ་རུ་འོང་བ་ཞིག་གི་ཙ་ན༔ རྡོ་རྗེའི་འདམ་པ་བརླན་གྱིས་མི་རུལ་བའི་རྫས་ཀྱིས་བྱུགས་པའི་ཆུ་ཤིང་གི་དཀྱིལ་འཁོར་ཡོད་དོ༔ དེའི་སྟེང་ན་ཟངས་སྣོད་ཆེ་བའི་ནང་ན༔ གུ་ལང་གི་གསེར་བྲེ་ལ་བཅལ་བ་ཁལ་གསུམ་དང་༔ ལྷ་གཅིག་ཁྲི་བཙུན་གྱི་རྫོངས་བལ་པོའི་ཡུལ་ནས་འོངས་པའི་གསེར་དང་དངུལ་དང་༔ རིན་པོ་ཆེའི་

2-76a

༄༅༔      ༔རིགས་སྣ་ཚོགས་པ་མཛོ་ཁལ་ལྔ་བརྒྱ་དང་བཅས་པའི་སྟེང་ན༔ བསེའི་སྦལ་པ་ཆེན་པོ་ཞིག་གིས་ཁ་གཡོགས་ནས་ཡོད་དོ༔ གཞན་ཡང་དཀྱིལ་འཁོར་གྱི་ནང་ན༔ བལ་པོའི་གཡུ་ཟངས་ས་ལེ་སྦྲམ་མཛོ་རྒྱབ་དགུ་དང་༔ གཟི་དང་༔ བྱུ་རུ་དང་༔ མཆོང་དང་༔ མེ་ཤེལ་དང་༔ དུང་དང་༔ ཉ་ལྕིབས་ལ་སོགས་པས་འཁར་བའི་རྐྱེན་ཆེན་མོ་བཀང་བ་ཁ་ཟངས་ཀྱི་པ་ཏྲས་བཅད་པ་ཕྱོགས་རེ་ན་བཅུ་བཅུ་ཡོད་དོ༔ གཞན་ཡང་རྒྱལ་པོའི་གནམ་ཞལ་དངུལ་ལ་རིན་པོ་ཆེ་སྣ་བདུན་གྱི་ཕྲ་བཏབ་པ་བདུན་དང་དངུལ་སྡེར་ཆེན་མོ་བདུན༔ འབྲས་ཆང་དང་རྒུན་ཆང་དང་གོ་ལའི་སྣོད༔ དངུལ་རྐྱེན་རྔ་མོང་གི་མགོ་ཅན་གསུམ་དང་༔ ངང་པའི་མགོ་ཅན་བདུན་ཏེ་བཅུ་ཡོད་དོ༔ དུས་ཕྱི་རབས་འཕྲུལ་སྣང་འཇིག་པའི་དུས་བྱུང་བས༔ དེའི་དུས་སུ་རྒྱལ་བརྒྱུད་བྱང་ཆུབ་སེམས་དཔའ་མཐུ་སྟོབས་དང་ལྡན་པ་ཅིག་གིས༔ ཀླུ་ཁང་དུ་ཀླུ་ལ་

2-76b

མཆོད་པ་རྒྱས་པར་ཕུལ་ནས་ནོར་གང་དགོས་བླངས་ལ་སྤྱད་པར་བྱའོ༔ དུས་ནི་དགུན་ཟླ་ར་བའམ་དཔྱིད་ཟླ་ར་བའི་གཟའ་སྐར་བཟང་པོ་ལ་འདོན་པར་ཤེས་སོ༔ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དཀྱིལ་འཁོར་འོག་གི་ལེའུ་སྟེ་གསུམ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔