(༦ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཀ་བ་ཤིང་ལོ་ཅན་གྱི་ལེའུ།)
ཀ་བ་ཤིང་ལོ་ཅན་ལ་སེར་བ་དབབ་བཅད་ཀྱི་གཏེར་སྦས་ཞེས་པ་ནི༔ ཀ་བ་ཤིང་ལོ་ཅན་གྱི་གཡོན་ཟུར་གྱི་ལྕམ་སྣའི་འོག་ནས་ཁྲུ་དོ་ཐུར་དུ་བཅལ་བའི་ས༔ རྩིག་པའི་གསེབ་ན་ཤིང་གྲུ་བཞི་ཆེ་བ་ཞིག་ལ༔ འཛེར་པ་གསུམ་སྣ་གཅིག་ལ་འཛོམ་པ་ཡོད༔ འཛེར་པའི་ཐད་ཀའི་འོག་
ན་སོ་ཕག་གི་སྒྲོམ་ཞེང་དུ་ལག་པ་ཤོང་བ་དཀྱུས་སུ་ཁྲུ་གང་པ་གཅིག་ན༔ ཆུ་ཤིང་གི་སྒྲོམ་བུ་མཐོ་གང་པ་ཡོད༔ དེའི་ནང་ན་ལྷའི་ཡུལ་གྱི་རིན་པོ་ཆེ་ཀེ་ཀེ་རུ་ཞེས་བྱ་བ༔ ནོར་བུ་བསམ་འཕེལ་བྱ་ངང་པའི་སྒོ་ང་ཙམ་དངུལ་གྱི་གའུར་བཅུག་ནས་དར་ཟབ་ཀྱིས་གྲིལ་བ་ཡོད་དོ༔ སེར་བའི་སྒྲུབ་ཐབས་གཟའ་དང་གདོང་མོ་གནམ་ས་མེ་རླུང་འཁྲུག་པའི་རྒྱུད་དང་༔ སྒྲུབ་ཐབས་་་་ཞག་དགུ་མ་དང་༔ སེར་བ་བསྲུང་བའི་ཐབས་སྣང་སྲིད་མེ་ཁང་རླུང་དུ་འབར་བའི་སྒྲུབ་ཐབས་ཞག་གཉིས་མ་རྣམས༔ གསེར་གྱི་བྱང་བུ་ལ་བཻ་ཌཱུཪྻ་ཞུན་མས་བྲིས་པ༔ རྒྱ་རིམ་པ་གསུམ་གྱིས་བཏབ་ནས་བཞུགས་སོ༔ འདོན་པའི་དུས་སུ་སོ་ཕག་གཟོང་གིས་བཅག་སྟེ་གཟའ་བདུད་མཆོད་ལ༔ དཔེ་བཤུས་རྙིང་པ་ཤུལ་དུ་བཞག་པ་གཅེས་སོ༔ གོང་ལྟར་རྒྱས་བཏབ་པ་ནི་གལ་ཆེའོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས༔ ཀ་བ་ཤིང་ལོ་ཅན་གྱི་ལེའུ་སྟེ་དྲུག་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔