༄༅། །བཀའ་ཐང་སྡེ་ལྔ།
༩ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཁྲ་འབྲུག་གི་ལེའུ།
Previous Chapter
Next Chapter

(༩ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཁྲ་འབྲུག་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡི༔ སྐུ་རིང་ཐོག་མར་ལེགས་བཞེངས་པའི༔ ཁྲ་འབྲུག་དབུ་རྩེའི་

2-82a

༄༅༔      ༔ལྟེ་བ་ན༔ ཆེད་དུ་བྱས་པའི་སྐུ་རྒྱབ་དེར༔ ལྷ་ཁང་འོག་མའི་སེང་སྒོ་ཡོད༔ ལྷ་ཁང་ནང་ན་གཙོ་བོ་ནི༔ དངུལ་ལ་བཞེངས་པའི་རྣམ་སྣང་བཞུགས༔ གསེར་གྱི་རིགས་ལྔའི་སངས་རྒྱས་རྣམས༔ ལུགས་མ་གར་དུ་བརྐྱང་ཁྲུ་རེ༔ གསེར་གྱི་མཎྜལ་གསེར་གྱིས་སྤུངས༔ རྒྱལ་པོའི་དཀོར་ཆ་མ་ལུས་ཡོད༔ ཅེས་གསུངས་པས༔ ཁྲ་འབྲུག་གི་ལྷའི་སྐུ་རྒྱབ་ལྟེ་བ་ལ༔ སྐོར་ཁང་ནང་ན་སེང་སྒོ་ཆེན་པོ་ཞིག་ཡོད༔ དེའི་སྒོ་ལྕགས་ཕྱེ་བའི་ནང་ན་ཀེའུ་ཚང་ཆེན་པོ་ཞིག་ཡོད༔ དེའི་ནང་ན་ཡབ་མེས་ཀྱི་ཆོས་གཉན་པོ་གསང་བ་རིན་པོ་ཆེ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞུགས་སོ༔ ཐུ་མི་སམ་བྷོ་ཊས་རྒྱ་གར་ནས་དྲངས་པའི་རྒྱ་དཔེ་མང་པོ་དང་༔ བོད་དུ་ཆུ་དར་ལ་བྲིས་པའི་བཀའ་པོད་མང་པོ་དང་༔ རྒྱལ་པོ་ཉིད་ཀྱིས་གསུངས་པའི་སྒྲུབ་ཐབས་ཀྱི་སྐོར་དང་༔ ཞལ་གདམས་ཀྱི་སྐོར་མང་པོ་དང་༔

2-82b

དཀོར་ཆ་རིན་པོ་ཆེའི་སྣོད་མང་པོ་ཡོད་དོ༔ ཀེའུ་ཚང་ཆུང་བའི་ནང་ན་དར་ཁྲ་དང་༔ གདུང་འགེབས་དང་༔ སེང་གེའི་མགོ་དང་བླ་བྲེ་དང་༔ དར་གྱི་ལྡ་ལྡི་དང་༔ ཁོ་ར་ཁོར་ཡུག་དང་༔ ཕྱེ་མ་ཕུར་མ་དང་༔ བསིལ་བྱེད་དང་རླུང་གཡོབ་ལ་སོགས་པ་ཡོད་དོ༔ གཞན་ཡང་འབག་དང་༔ གཏོར་སྣོད་དང་༔ གཡག་སེང་དང་༔ རྒྱ་འབག་དང་༔ དུང་དང༔ རྔ་དང་༔ འཁར་རྔ་དང་༔ ཆ་ལང་དང་༔ ཟངས་དུང་དང་༔ པི་ཝང་དང་༔ རྒྱལ་མཚན་ལ་སོགས་པ་ཡོད་དོ༔ གཡོན་ཕྱོགས་ཀྱི་ས་ལ་གནམ་སྒོའི་སྟེང་ན་སྒོ་ལྕགས་གཅིག་ལ༔ གཟེ་མིག་གསུམ་དུ་ལྡེ་མིག་གསུམ་གྱིས་འབྱེད་པ་ཡོད་དོ༔ དེའི་ལྡེ་མིག་ནི་སེང་སྒོའི་སྟེང་༔ སྒོ་གླད་ཀྱི་ཁ་ན་མཚལ་གྱི་གཡུང་དྲུང་རིས་སོར་བཞི་པ་ཡོད༔ དེ་བརྐོས་པའི་འོག་ན་ཡོད་དོ༔ སྒོ་ཕྱེ་ནས་སྣང་གསལ་ཆེ་བ་གཅིག་གཏམས་ལ༔ དེའི་ནང་ན་རྡོ་སྐས་གདང་བུ་དགུ་པ་ཞིག་ཡོད༔ དེ་ལ་ཕྱིན་པས་

2-83a

༄༅༔      ༔ནང་གི་ལྷ་ནི་རིགས་ལྔ་བཞུགས་ཏེ༔ དབུས་སུ་ཟངས་སྣོད་གསེར་གྱིས་བཀང་བའི་སྟེང་ན་དངུལ་གྱི་རྣམ་པར་སྣང་མཛད་མདའ་གང་པ་གཅིག་བཞུགས་སོ༔ དེའི་མདུན་དུ་གསེར་གྱི་བྱམས་པ་ཁྲུ་གང་པ་ཅིག་བཞུགས༔ ཕྱོགས་བཞིར་གསེར་ཟངས་ཀོང་རེ་ལ་གསེར་བྲེ་བདུན་བདུན་གྱི་སྟེང་ན༔ རྡོ་རྗེ་སེམས་དཔའ༔ རིན་ཅེན་འབྱུང་ལྡན༔ སྣང་བ་མཐའ་ཡས༔ དོན་ཡོད་གྲུབ་པ་བཞི་གསེར་ལ་གར་བུར་བཞེངས་པ་བརྐྱངས་ཁྲུ་རེ་རེ་བཞུགས་སོ༔ གཞན་ཡང་རིགས་གསུམ་མགོན་པོ་དང་༔ སེང་གེ་སྒྲ་དང་༔ སྒྲོལ་མ་རྣམས་དངུལ་ལ་གར་བུར་བཞེངས་པ་དང་༔ བྱམས་པ་དང་སྒྲིབ་པ་རྣམ་པར་སེལ་མ་གཉིས་དངུལ་ལ་གར་བུར་བཞེངས་པ་དང་༔ ཁཪྶཱ་པ་ཎི་དང་དོན་ཡོད་ཞགས་པ་རྣམས་དངུལ་ལ་གར་བུར་བཞེངས་པའི་སྐུ་མདའ་རེའི་ཚད་དུ་བཞུགས་སོ༔ དཀོར་ཆ་རིན་པོ་ཆེའི་སྣོད་རྒྱལ་བུ་སྟག་རི་གཉན་

2-83b

གཟིགས་དང་གནམ་རི་སྲོང་བཙན་གྱི་གནམ་ཞལ་དང་༔ གནམ་སྡེར་ཆེན་མོ་དངུལ་ལ་བྱས་པ་བཞི་བཅུ་རྩ་གཉིས༔ དངུལ་རྐྱེན་ཉི་ཤུ༔ འཁར་བའི་རྐྱེན་རིན་པོ་ཆེའི་ཕྲ་བཏབ་པ་བཞི་བཅུ༔ གཞན་ཡང་ཟངས་སྣོད་དང་༔ ལྗོན་དམར་གྱི་སྣོད་དང་༔ བསེའི་སྣོད་ལ་སོགས་པ་བརྒྱད་དང་བཅུ་གཉིས་ཡོད་དོ༔ དེ་རྣམས་ལ་གཉེར་དུ་གཏད་བ་མེད་དེ༔ གཙུག་ལག་ཁང་གི་རྐྱེན་དུ་བཞག་པའོ༔ གནོད་སྦྱིན་ཁང་པར་ནཱ་ག་ཀུ་བེ་རའི་ཞབས་གཡོན་པའི་འོག་ན༔ ནོར་སྒྲུབ་དང་ངན་སྔགས་མང་པོ་དང་༔ གཏད་དང་སེར་བ་ལ་སོགས་པ་མང་པོ་ཆུ་དར་ལ་བྲིས་པ་ཟངས་ཀྱི་སྦུ་གུར་བཅུག་ནས་ཁ་ལ་ཆས་བྲིལ་བ་མཐོ་གང་བྲུས་པའི་ས་ན་ཡོད་དོ༔ གནོད་སྦྱིན་གྱི་ཁང་པའི་དབུས༔ ཛམྦྷ་ལ་ནག་པོའི་ཐུགས་ཀ་ནས་འདོམ་གང་བཅལ་བའི་ས་རུ༔ མདའ་གང་བྲུས་པ་ན༔ གཡམ་པ་མདའ་གང་པ་ཅིག་ཡོད༔ དེ་བསལ་པའི་འོག་ན་

2-84a

༄༅༔      ༔རྡོ་སྒྲོམ་ཁྲོན་པ་ལྟ་བུའི་འདོམ་དོ་པ་ཞིག་ཡོད༔ དེའི་གཏིང་ན་རྡོ་བསེ་ནག་པོའི་རུས་སྦལ་གྱི་ལྟོ་བ་ན༔ ནོར་བུ་བསམ་འཕེལ་ངང་པའི་སྒོ་ང་ཙམ་ཞིག་རིན་པོ་ཆེ་སྣ་བདུན་གྱིས་གྲིལ་ནས་ཡོད༔ དེའི་སྟེང་མདའ་གང་གི་སར་ལྡིང་ཐོག་ཡོད༔ དེའི་སྟེང་དུ་དངུལ་གྱི་གའུ་ཁ་སྦྱར་བ་ཅིག་གི་ནང་དུ༔ རིན་པོ་ཆེ་དཀར་པོ་དུང་གཡས་སུ་འཁྱིལ་བ་རྟའི་མགོ་ཙམ་གཅིག་ཡོད༔ དེའི་མཐའ་ནས་ཚིག་གིས་བསྐོར་ནས་ཡོད་དོ༔ དེའི་སྟེང་མདའ་གང་གི་ས་ན་ཟངས་སླ་ང་འདྲ་བ་གཉིས་ཁ་སྦྱར་བའི་ནང་དུ་རྒྱ་མཚོའི་གླིང་གི་བྱེ་མ་ལ་བཞེངས་པའི་ཀླུ་ཆེན་པོ་བརྒྱད་ཀྱི་རྟེན་དང་གཟུངས་བཅས་པ་བཞུགས་སོ༔ འདི་ནི་ཁྲ་འབྲུག་བཞེངས་པའི་དུས་སུ༔ ནོར་གྱི་རྟ་བསྡམས་པའི་གཏེར་ཞེས་བྱ་སྟེ༔ ཕྱིས་འདོན་པའི་དུས་སུ༔ ཁ་གཅོད་དང་ཐོག་རིམ་པ་བཞིན་དུ་བསལ་ལ༔ ཀླུ་ཆེན་བོ་བརྒྱད་ལ་མཆོད་པ་རྒྱས་པར་ཕུལ༔ ཀླུའི་སྤང་སྐོང་

2-84b

བཀླག་སྟེ༔ ཀླུའི་ཕོ་བྲང་དང་དངུལ་གྱི་གའུ་དང་༔ བསེའི་སྦལ་པ་རྣམས་སྟེང་དུ་བཏོན་ལ༔ བསེ་སྦལ་གྱི་སྒལ་བའི་སྟེང་ན་ཟེའུ་ཁ་གཅོད་འདྲ་བ་ཞིག་ཡོད༔ དེ་མེ་ལ་བསྲོས་ཁ་ཕྱེ་ནས་རྒྱ་རིམ་པ་བདུན་བཤུས་ཏེ་ནོར་བུ་བཏོན་ལ༔ གསེར་མཐེ་བོང་ཙམ་ཞིག་ལ་རྒྱ་རིམ་པ་བདུན་པོས་གྲིལ་ནས་སྦལ་བའི་ནང་དུ་བཅུག་སྟེ༔ སྔར་གྱི་ཤུལ་དུ་ཕྱོགས་མ་ནོར་བར་བཞག་པར་བྱའོ༔ སྟེང་དུ་ལྡིང་ཐོག་ཕུབ་ལ་དངུལ་གྱི་གའུ་ཁ་སྦྱོར་གྱི་ནང་ནས་དུང་བཏོན་ལ༔ དེའི་ཤུལ་དུ་རིན་པོ་ཆེ་སྣ་ཚོགས་པ་དང་༔ འབྲུ་སྣ་ཚོགས་པ་དར་ཟབ་སྣ་ཚོགས་ཀྱིས་བཀང་ནས་སྔར་གྱི་ཤུལ་དུ་གཞག༔ དེའི་སྟེང་དུ་སྔར་གྱི་ཐོག་ཕུབ་ལ་ཟངས་སམ༔ རིན་པོ་ཆེའི་སྣོད་ཆེ་བ་ཅིག་ཏུ་ཤར་དུ་བལྟ་བའི་ཆུ་མིག་ནས་བླངས་བའི་ཆུས་བཀང་བར༔ རིན་པོ་ཆེ་བརྡར་ལ་ཕྱིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ་བཞག༔ དེའི་སྟེང་དུ་ཀླུའི་ཕོ་བྲང་གཞུག་སྟེ༔ དེའི་ནང་དུའང་

2-85a

༄༅༔      ༔རིན་པོ་ཆེ་སྣ་ཚོགས་བརྡར་བ་དང་༔ དར་ཟབ་སྣ་ཚོགས་བཅུག༔ གཟུགས་རྣམས་སོ་སོའི་སར་བཀོད་ལ༔ ཕྱོགས་མ་ནོར་བར་བྱས་ལ་གཞུག་གོ༔ དེའི་སྟེང་དུ་ཀླུ་སྨན་སྣ་ཚོགས་བཏབ་ལ༔ གཡམ་པས་བཀབ་སྟེ་སྔར་ལྟར་རྒྱས་བཏབ་བོ༔ སྐོར་ཁང་གི་མདོ༔ གནོད་སྦྱིན་ཁང་པའི་མདུན་གྱི་སྔ་གདོང་གི་སྟེང་ལྕམ་གཅིག་ལ་ཤིང་གི་ཆོལ་ཡོད༔ དེ་ལྕགས་ཀྱིས་བཀོག་ཟངས་ཀྱི་གཟེར་བཏབ་སྟེ༔ དེ་བཀོག་པའི་ནང་ན་མན་ངག་སྣ་མང་པོ་དང་༔ གཏེར་བྱང་གི་ཤོག་རིལ་བདུན་ཡོད༔ སྲུངས་མ་གནོད་སྦྱིན་ལ་གཏད་ཡོད་པས༔ བུད་སྣས་རྒྱས་པར་མཆོད་ལ་བཏོན་ན་མངའ་བརྙེས་པར་འགྱུར་རོ༔ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཁྲ་འབྲུག་གི་ལེའུ་སྟེ་དགུ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔