(༡༣ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་བསམ་ཡས་དབུ་རྩེ་ཆེན་མོའི་ལེའུ།)
དེ་ནས་ཡང་དག་བཤད་བྱ་བ༔ གཞན་ཡང་ནོར་གྱི་གཏེར་སྦས་པ་ནི༔ ཁ་བྱང་ནས༔ དབུ་རྩེ་རིགས་གསུམ་འོག་ཁང་གི༔ བྱང་ཆུབ་ཆེན་པོའི་མཎྜལ་འོག༔ འཁར་རྐྱེན་སྦྲུལ་གྱི་གདེངས་ཀ་ཅན༔ རིན་ཅེན་སིལ་མས་བཀང་བ་ནི༔ གཡམ་སྒྲོམ་ཁྲོ་ཆུས་སྦྱར་བར་བཅུག༔ རིན་ཅེན་ས་ཡིས་རྒྱས་བཏབ་ནས༔ གནོད་སྦྱིན་འབྲོག་གནས་མཆེད་ལྔ་དང་༔ དཀོར་བདག་
༄༅༔ ༔ཀླུ་ཡི་ཕྱག་ཏུ་གཏད༔ ཅེས་གསུངས་པས༔ དབུ་རྩེ་ཆེན་མོའི་དཀྱིལ༔ བྱང་ཆུབ་ཆེན་པོའི་སྐྱིལ་ཀྲུང་བཅས་པའི་མདུན་འདོམ་གང་བཅལ་བའི་ས་ལ་མདའ་གང་ཁྲུ་གང་བྲུས་པའི་སར༔ རྡོ་སྒྲོམ་གཡམ་པས་ཁ་བཤད་པའི་ནང་ན༔ འཁར་བའི་རྐྱེན་ཆེ་བ་གཅིག་ལ་སྦྲུལ་གྱི་གདེངས་ཀ་གསུམ་དང་བཅས་པ་ཡོད༔ དེའི་ནང་ན་གསེར་བྲེ་ལ་བཅལ་བའི་ཁལ་གསུམ་ཡོད༔ དེ་ཀླུ་ལ་གཏད་པས་ཀླུ་སྒྲུབ་ཞག་གསུམ་བྱ་ཞིང་༔ གནོད་སྦྱིན་ལའང་གཉེར་གཏད་པས་གནོད་སྦྱིན་གྱི་མདོས་བྱ་བ་དང་༔ དཀོར་བདག་དཔེ་དཀར་ལ་གཉེར་གཏད་པས་བྱ་ཕོ་དཀར་པོ་དར་སྣས་བརྒྱན་པ་ཕུལ་ལ་གསོལ་ཀ་རྒྱས་པར་གཏོང་བ་གཅེས་སོ༔ གཏེར་འདི་ནི་རྒྱལ་པོ་ཡབ་སྲས་བཀའ་བགྲོས་ཏེ༔ དབུ་རྩེའི་གསོས་དང་༔ རྒྱལ་བརྒྱུད་རྣམས་ཀྱི་ནོར་སྐལ་དུ་བསྔོས་ནས་སྦས་སོ༔ ཕྱི་རབས་རྒྱལ་བརྒྱུད་བྱང་ཆུབ་སེམས་དང་ལྡན་པ་གཙུག་
ལག་ཁང་དང་བླ་མཆོད་ལ་མོས་པ༔ རྟེན་བཞེངས་པའི་བྱ་བ་ལ་བརྩོན་པ༔ དཀོན་ཅོག་ལ་དད་པ༔ ངང་རིང་བ༔ རྒྱུད་དལ་བ༔ སེམས་དྲང་བ༔ གཟུགས་བཟང་བ༔ རྒྱལ་པོའི་རྟགས་ཆེན་པོ་བདུན་དང་ལྡན་པ༔ ཐུགས་སྒམ་པ༔ བཀའ་བཙན་པ༔ ཁོང་་་་ཡངས་པ༔ ཟུངས་ཐུབ་པ༔ ཞེ་བཅད་རབ་ཏུ་ཆེ་བ༔ ཐུགས་སྟོབས་དང་ལྡན་པ༔ སེམས་ཅན་ལ་བརྩེ་བ་ཆེན་པོ་དང་ལྡན་པ༔ ཁྱི་འབྲུག་གླང་ལུག་བཞིའི་ལོ་པ་དང་འཕྲད་པར་ཤོག་ཅེས་སྨོན་ལམ་བཏབ་བོ༔ སྒོ་སྲུངས་ཕྱག་ན་རྡོ་རྗེའི་ལྟེ་ཁུང་ནས་མདུན་དུ་འདོམ་གང་བཅལ་བ་དང་མདའ་གང་འོག་གི་རྡོ་སྒྲོམ་གྱི་ནང་༔ སྲིན་པོའི་ཐོད་པ་ཅིག་ན༔ གསེར་དང་མཚལ་བསྲེས་པ་བྲེ་ལ་བཅལ་བའི་ཁལ་ཕྱེད་ཡོད༔ དེ་ཐོག་མར་བསེའི་གའུར་བཅུག༔ དེ་ནས་ཟངས་ཀྱི་གའུར་བཅུག་ནས་ཡོད༔ ཕྱག་རྡོར་གྱི་བསྙེན་པ་ཞག་བདུན་བྱས་ལ་གུས་པས་འདོན༔ གཙུག་ལག་ཁང་
༄༅༔ ༔གི་གསོས་སུ་སྤྱད་པར་བྱའོ༔ ཁྲོ་བོ་མི་གཡོ་བའི་ཞབས་གཡས་ཀྱི་མཐེ་བོང་ནས་མདུན་དུ་འདོམ་གང་བཅལ་བའི་ས་རུ༔ ཁྲུ་གང་བྲུས་པ་ན་རྡོ་སྒྲོམ་གཅིག་ན༔ བྱད་མི་གཅིག་པའི་ཐོད་པའི་ནང་དུ༔ གསེར་དང་དངུལ་འདྲེས་པ་བྲེ་བདུན་ཡོད༔ དེ་འདོན་བའི་དུས་སུ་མི་གཡོ་བའི་བསྙེན་པ་ཞག་གསུམ་དང་མཆོད་པ་རྒྱས་པར་བྱ༔ ཐོད་པ་གཉིས་ལྕགས་རྡོས་བཀང་ལ༔ གསེར་ཕུལ་རེ་བླུགས་ཏེ་སྔར་བཞིན་རྒྱས་གདབ་བོ༔ དབུ་རྩེའི་ནང་གི་ཟུར་བཞིའི་རྩིག་པ་ནས་སའི་མཚམས་སུ་ཁྲུ་རེ་བྲུས་པ་ན༔ དངུལ་སྒྲོམ་རེ་ན་དངུལ་གྱི་བུམ་པ་བཞིའི་ནང་དུ༔ དུང་གཡས་སུ་འཁྱིལ་བ་རེ་དང་༔ ལྷ་ཀླུ་མི་གསུམ་གྱི་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་དང་༔ དར་ཟབ་ཀྱི་རིམ་པ་སྣ་ཚོགས་ཡོད༔ དེ་ཐོག་མར་དབུ་རྩེ་རྨང་འདིང་བའི་དུས་སུ་སའི་རྟ་བསྡམས་བ་ཞེས་བྱ་སྟེ་འདོན་པར་མ་བཤད་དོ༔
བྱང་ཆུབ་ཆེན་པོའི་འོག་ན་ཤིང་གི་སྒོ་ཁྲིགས་ཡོད༔ དེའི་ནང་ན་འབྲུ་སྣ་ཚོགས་ཀྱིས་གང་བའི་ནང་དུ༔ དར་ཟབ་ཀྱི་སྒྲོམ་བུ་དགུ་དར་ཟབ་ཀྱིས་བཀང་ནས་ཡོད་དོ༔ དེའི་འོག་ས་ལ་བྲུས་པ་ན༔ ཟངས་ཁ་སྦྱར་གྱི་ནང་དུ༔ བསྐོས་པའི་རྒྱལ་པོ་སྡེ་བཞིའི་ཐོད་པའི་ནང་༔ ལྷ་ཀླུ་གསུམ་གྱི་རིན་པོ་ཆེ་སྣ་ཚོགས་པས་བཀང་བ༔ དེ་དར་ཟབ་སྣ་ཚོགས་པས་གྲིལ་ནས་གའུ་རིགས་བཞིར་བཅུག་པ་ནི༔ ལྷོ་ཕྱོགས་རྒྱ་གར་རྒྱལ་པོའི་ཐོད་པ་གསེར་གྱི་གའུར་བཅུག༔ བྱང་གེ་སར་རྒྱལ་པོའི་ཐོད་པ་གཟིའི་གའུར་བཅུག༔ ནུབ་ཏ་ཟིག་གི་རྒྱལ་པོའི་ཐོད་པ་མཆོང་གི་གའུར་བཅུག༔ ཤར་རྒྱ་ནག་རྒྱལ་པོའི་ཐོད་པ་དངུལ་གྱི་གའུར་བཅུག༔ རྒྱ་རིམ་པ་གསུམ་གྱིས་བཏབ་པ་བྱང་ཆུབ་ཆེན་པོའི་ཞབས་འོག་ཏུ་བཅུག་ནས་ཡོད་དོ༔ དེའི་དབང་གིས་མཐའི་རྒྱལ་པོ་རྒྱལ་ཕྲན་དང་བཅས་པ་བོད་ཀྱི་རྒྱལ་པོའི་མངའ་འོག་ཏུ་ནོན་པ་དང་༔ མཐའི་
༄༅༔ ༔ནོར་ཐམས་ཅད་དབུས་སུ་འདུ་བ་དང་༔ ཁྲོ་བོ་གཉིས་ཀྱི་མ་རུངས་པའི་ཐོད་པ་གཉིས་ཞབས་འོག་ཏུ་མནན་པས༔ སྲིན་པོ་དར་བདུད་ལ་སོགས་པས་བྲན་དང་ཁོལ་པོ་བྱེད་པར་འགྱུར་རོ༔ འདི་ནི་བོད་ཀྱི་རྒྱལ་པོ་ཆེ་བའི་རྟེན་འབྲེལ་གྱི་གཏེར་ཞེས་བྱ་སྟེ་འདོན་པར་མ་བཤད་དོ༔ གཞན་ཡང་དབུ་རྩེའི་བར་ཁང་གི་ཞ་རྩེའི་འོག་དབུས་དྲང་པོ་ནས་ཁྲུ་དོ་བཅལ་བའི་ས་ན་མཐོ་གང་བྲུས་པའི་འོག༔ རྩིག་པའི་དཀྱིལ་ན་སོ་ཕག་གི་སྒྲོམ་རེ་ཡོད༔ དེ་བཞིའི་ནང་དུ་གསེར་གྱི་སྒྲོམ་བུ་རེ་ན་ནོར་བུ་བསམ་འཕེལ་རིན་པོ་ཆེ་མར་གད་རེ་རེ་ཆུ་དར་གྱིས་གྲིལ་ནས་ཡོད༔ བུམ་པ་གསེར་གྱིས་བཀང་བའི་དཀྱིལ་ན་རིན་པོ་ཆེ་མཐོ་རེ་ཙམ་པ་རེ༔ བུམ་པའི་ནང་ན་མཐོ་རེ་ལྷག་པ་རེ་བཞུགས་སོ༔ འདི་ནི་རྒྱལ་པོ་ཆེན་པོ་བཞི་དང་༔ མགོན་པོ་ཏྲག་ཤད་དང་༔ པེ་དཀར་ཤིང་བྱ་ཅན་ལ་གཏད་དོ༔ ནོར་བུ་ནི་རྒྱལ་བརྒྱུད་ཀྱི་ནོར་དུ་བསྔོས༔ གསེར་ནི་དཀོར་ཁང་གི་
གསོས་སུ་བསྔོས་སོ༔ བར་ཁང་གཙོ་བོའི་གདན་ཁྲིའི་འོག་དབུས་དྲང་པོའི་ས་མཚམས་མཐོ་གང་བྲུས་པ་ན༔ ཆོས་ཀྱི་རྒྱལ་པོའི་བཀའ་རྟགས་བཅུ་གསུམ་བྱ་བ་དང་༔ ད་ལྟ་ཉིད་དུ་སེམས་ཉིད་གཏན་ལ་འབེབས་པའི་རྫོགས་པ་ཆེན་པོ་རང་གྲོལ་ལྡེ་མིག་ཅེས་བྱ་བ་དང་༔ རྫོགས་པ་ཆེན་པོ་དངས་མ་མིག་གི་འབྲས་བུ་ཉི་ཟླའི་ངོ་སྤྲོད་ཅེས་བྱ་བ་དང་༔ རྫོགས་པ་ཆེན་པོ་འོད་ཁྱིམ་ཁ་སྦྱོར་གྱི་ངོ་སྤྲོད་ཅེས་བྱ་བ་དང་༔ རྫོགས་པ་ཆེན་པོ་དངས་མ་མན་ཤེལ་དྲི་མེད་ལ་ངོ་སྤྲོད་པ་ཞེས་བྱ་བ་དང་༔ མན་ཤེལ་སྙིང་གི་མེ་ལོང་བླ་མ་ལྷ་རུ་ངོ་སྤྲོད་པ་ཞེས་བྱ་བ་དེ་རྣམས་ཤོག་སེར་ལ་བྲིས་ཏེ་དངུལ་གྱི་གའུར་བཅུག་ནས༔ སེང་ལྡེང་གི་སྒྲོམ་བུར་རྒྱ་རིམ་བ་བདུན་གྱིས་བཏབ་ནས་བཞུགས་སོ༔ གཉེར་གཏད་པའི་གཏེར་བདག་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མར་གཏད་པས༔ འདོན་པའི་དུས་སུ་རིགས་འཛིན་རྣམས་ལ་གསོལ་བ་གདབ༔ ཚོགས་འཁོར་ཕུལ་ལ་འདོན་པར་བྱའོ༔
༄༅༔ ༔སྟེང་ཁང་གི་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ་གྱི་གདན་ཁྲིའི་འོག་ཤཱ་རིའི་བུའི་ལྷུང་བཟེད་ཀྱི་ནང་ན༔ ལྷ་ཀླུ་མི་གསུམ་གྱི་རིན་པོ་ཆེ་སྣ་ཚོགས་པས་བཀང་བ་དང་༔ མཽ་གལ་གྱི་བུའི་ཆོས་གོས་དར་ཆེན་སྣ་ཚོགས་ཀྱིས་གྲིལ་ནས་ཟངས་ཀྱི་སྒྲོམ་དུ་བཞུགས་པ་དང་༔ འོད་སྲུངས་ཀྱི་ལྷུང་བཟེད་སྨན་སྣ་ཚོགས་ཀྱིས་བཀང་ནས་བསེའི་གའུ་ཁ་སྦྱར་དུ་རྒྱས་བཏབ་ནས་བཞུགས་སོ༔ འདི་ནི་གཙུག་ལག་ཁང་ཆེ་བའི་གཏེར་ཞེས་བྱ་སྟེ༔ དེའི་དབང་གིས་མཐའི་མཁས་བཙུན་བོད་དུ་འབྱོན་པ་དང་༔ སྡེ་སྣོད་ཐམས་ཅད་དར་བ་དང་༔ དགེ་སློང་དང་༔ དགེ་ཚུལ་དང་༔ དགེ་འདུན་གྱི་བསྟན་པ་དར་ཞིང་རྒྱས་པ་དང་༔ སངས་རྒྱས་ཀྱི་བསྟན་པ་མཐའ་དག་རྒྱས་པར་འགྱུར་བའི་གཏེར་རོ༔ སྟེང་ཁང་གི་གདུང་གཡུང་དྲུང་རིས་ཀྱི་སྣ་ལྷོ་ནུབ་ཟུར་ལ༔ གསེར་གྱི་པ་ཏྲའི་དཀྱིལ་ན༔ གཡུའི་ཕྲ་བཙུགས་པ་ཡོད༔ དེའི་རྩ་ན་ཤིང་
ཆོལ་སོར་བཞི་པ་ཅིག་ཡོད༔ དེ་གཟོང་གིས་བཀོག་པ་ན་ལྕགས་ཀྱི་སྦུ་གུ་མཐོ་གང་པ་ཅིག་ཡོད༔ དེ་ན་གནོད་སྦྱིན་རྣམ་ཐོས་སྲས་ཀྱི་སྒྲུབ་ཐབས་དང་༔ ནོར་བུ་བཟང་པོ་དང་༔ གང་བ་བཟང་པོ་དང་༔ དཔེ་དཀར་དང་༔ ཨ་ལིང་ཀ་དང་༔ ཨུ་ལིང་ཀ་ལ་སོགས་པ་གཏེར་སྲུངས་ཡོངས་ཀྱི་སྒྲུབ་ཐབས་རྣམས་བཞུགས་སོ༔ ཟབ་རྒྱ༔ ༔དབུ་རྩེ་འོག་ཁང་གི་སྔ་གདོང་ནས༔ ཐེམ་པའི་ནང་ངོས་གཡས་ཀྱི་རེ་བཞིའི་ཟུར་ནས༔ ཁྲུ་དོ་སོར་བརྒྱད་བཅལ་བ་ན༔ ཁྲུ་དོ་ཐུར་དུ་བརྐོས་པའི་སར༔ རྡོ་སྒྲོམ་ཁྲོ་ཆུས་སྦྱར་བ་ཡོད༔ དེའི་ནང་དུ་གསལ་གྱི་རྫ་མ་ཅིག་ཡོད༔ དེའི་ནང་ན་དངུལ་གྱི་བྱ་པོ་པང་ཐེག་གི་ནང་གསེར་དངུལ་གྱིས་སྦྲམ་སྟེ་གང་ཡོད༔ དེའི་ནང་ན་ཤེལ་གྱི་གའུ་གཅིག་ན་གཟི་མིག་མེད་བྲེ་གང་ཡོད༔ དེའི་ནང་ན་གཟིའི་གའུ་ཡོད༔ དེའི་ནང་ན་སྲོག་བདག་གསང་བ་སྙིང་གི་སྒྲུབ་ཐབས་དང་༔ དཔེ་དཀར་ལས་
༄༅༔ ༔ཀྱི་རླུང་དམར་གྱི་སྒྲུབ་ཐབས་ཡོད༔ དེ་དཔེ་དཀར་ལ་གཏད་པས་འདོན་པའི་དུས་སུ་བྱི་ལ་དང་བྱ་དཀར་པོས་མཆོད༔ གསེར་སྐྱེམས་རྒྱས་པར་བཏང་ལ་འདོན་ནོ༔ རྦྱ།རྦྱ།༔ ཟབ༔ ༔རྡོ་རིང་གི་རྡོ་པདྨ་གཅིག་གི་འོག་ན༔ རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོས་སུ་བལྟ་བའི་ཕྱོགས་ཀྱི་རྡོའི་པདྨའི་རྩེ་མོ་ཐུར་ལ་བལྟ་བའི་འོག༔ མདའ་གང་བྲུས་པའི་ས་ན༔ རྡོ་སྒྲོམ་རྡོ་ལེབ་རང་ཐག་འདྲ་བ་ཞིག་གིས་ཁ་བཅད་པའི་འོག༔ ནང་སོལ་ཕྱེས་བཀང་བའི་དབུས་སུ་ཟངས་ཀྱི་བུམ་པ་ཅིག་གི་ནང་ན་གསེར་བྱེ་བྲེ་བདུན་ཡོད་དོ༔ རྣམ་ཐར་སྒོ་གསུམ་ཉམས་པའི་དུས་སུ་གསོ་བའི་རྐྱེན་དུ་བཞག་པའོ༔ གནོད་སྦྱིན་སེངྷ་མུ་ཁ་ལ་གཏད་པས༔ འདོན་པའི་དུས་སུ་སྒོས་མདོས་དང་གསོལ་ཀ་རྒྱས་པར་བྱའོ༔ དེའི་ཤུལ་དུ་ཟངས་བུམ་དེ་ཉིད་ལྕགས་རྡོ་ཟངས་རྡོ་ཞ་ཉེའི་རྡོས་བཀང་ལ་གཞག་པར་བྱའོ༔ གཏེར་
བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་བསམ་ཡས་དབུ་རྩེ་ཆེན་མོའི་ལེའུ་སྟེ་བཅུ་གསུམ་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔