༄༅། །བཀའ་ཐང་སྡེ་ལྔ།
༢༡ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡར་འབྲོག་རོམ་བུ་བྲག་གི་ལེའུ།
Previous Chapter
Next Chapter

(༢༡ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡར་འབྲོག་རོམ་བུ་བྲག་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ རོམ་བུའི་བྲག་ལ་སྨན་གཏེར་སྦས༔ ཞེས་པ་ནི༔ ཡར་འབྲོག་རོམ་བུའི་རྩེ་མོ་ལ༔ ཕ་བོང་སེང་གེ་ཁྱི་ཚུགས་བྱས་པ་འདྲ་བ་ཞིག་ཡོད༔

2-119a

༄༅༔      ༔དེའི་ནུབ་ན་ཕ་བོང་སྨུག་པོ་འབྲི་ཙམ་པ་ཅིག་ཡོད༔ དེའི་ལྷོ་ནུབ་དེས་ན་ཕ་བོང་དཀར་པོ་གཡག་ཙམ་པ་ཅིག་ཡོད༔ དེ་ནས་གཞུ་འདོམ་དགུ་ལྷོ་ནུབ་ཏུ་བཙལ་བ་ན༔ རྫ་དམར་པོ་གཅིག་གི་གསེབ་ན༔ ཕ་བོང་སྨུག་པོ་གཞོང་པ་ཁ་སྦུབ་པ་འདྲ་བ་ཡོད༔ ཕ་བོང་དེའི་ལྷོ་ནུབ་ངོས་ན་རྒྱ་ཡིག་དཀར་པོ་བདུན་ཡོད༔ དེའི་འོག་དྲང་པོར་འདོམ་གང་བྲུས་པ་ན༔ རྡོ་སྒྲོམ་གྱི་ནང་ན་བསེ་ཁ་སྦྱར་ཞིག་ཡོད༔ དེའི་ནང་ན་བྱང་ཁོག་གི་མན་ངག་མཐར་ཐུག་པ་སྔར་ས་སྟེང་དུ་མ་འཕེལ་བ༔ ཆུ་དར་སྔོན་པོ་ལ་གསེར་གྱིས་བྲིས་དངུལ་གྱིས་འདྲིལ་ཤིང་བྱས་པ་ཡོད༔ གཏེར་བདག་བདུད་བཙན་ལ་གཏད་ཡོད་པས༔ བྱ་ཟེ་བོར་དར་སྣས་བརྒྱན་པ་དང་༔ བཤོས་བུ་དང་ཕུད་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད༔ འདོན་པའི་དུས་ནི་སོས་དང་དགུན་ལའོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཡར་འབྲོག་རོམ་བུ་བྲག་གི་ལེའུ་སྟེ་ཉེར་

2-119b

གཅིག་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔