(༢༦ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཆོད་རྟེན་བཞིའི་ལེའུ།)
དེ་ནས་ཡང་དག་བཤད་བྱ་བ༔ བསམ་ཡས་མཆོད་
རྟེན་དཀར་པོ་ནི༔ སེང་གེ་བརྒྱད་ཀྱིས་བརྒྱན་པ་ཡི༔ ཤར་ལྷོར་སོ་ཕག་མཆོད་རྟེན་ལ༔ དམ་པ་ཆོས་ཀྱི་གཏེར་གཅིག་སྦས༔ ཞེས་གསུངས་པས༔ མཆོད་རྟེན་དཀར་པོའི་ཤར་ལྷོའི་མཚམས་ཀྱི་ངོས་ན༔ སོ་ཕག་ངོས་གསལ་བ་ཕྱིས་བསྡམས་པ་འདྲ་བ་ཅིག་ཡོད་དོ༔ དེ་ཕྱིར་བཏོན་པའི་ནང་ན་བཀའ་རྫོགས་པ་ཆེན་པོ་སེམས་མདོ་བཅོ་བརྒྱད་ཆུ་དར་ལ་གསེར་གྱིས་བྲིས་པ་ཟངས་ཀྱི་གའུར་བཅུག་ནས་རྒྱས་བཏབ་བོ༔ དེ་ནས་ཡང་དག་བཤད་བྱ་བ༔ བསམ་ཡས་མཆོད་རྟེན་སྔོན་པོ་ཡི༔ ཤར་ལྷོ་མཚམས་ཀྱི་ལྷ་ཁང་འོག༔ འཚོ་བྱེད་སྨན་གྱི་གཏེར་ཞིག་སྦས༔ ཞེས་གསུངས་པས༔ མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་གི་ནང་ནས་ཤར་ལྷོ་མཚམས་ཀྱི་ལྷ་ཁང་འོག་ན་སོ་ཕག་ནག་པོ་ཞིག་ཡོད༔ དེའི་འོག་ན་སྨན་དཔྱད་ཤི་སོས་བདུད་རྩི་འཆི་མེད་དང་སྨན་དཔྱད་རིན་ཅེན་ཐིགས་པ་ཞེས་བྱ་བ༔ ཆུ་དར་ལ་བྲིས་ཏེ་ཟངས་ཀྱི་གའུར་བཅུག་ནས་རྒྱས་བཏབ་པ་ཡོད་དོ༔ དེ་ནས་
༄༅༔ ༔ཡང་དག་བཤད་བྱ་བ༔ མཆོད་རྟེན་ནག་པོའི་བུམ་པའི་ནང་༔ ངན་སྔགས་ཟབ་དགུ་མང་པོ་དང་༔ བོད་ཁམས་ཡོངས་ཀྱི་གཏེར་བྱང་དང་༔ ཡང་བྱང་ལྡེ་མིག་བཅས་པ་སྦས༔ ཞེས་གསུངས་པས༔ མཆོད་རྟེན་ནག་པོའི་བུམ་པའི་ཤར་ངོས་ན༔ སོ་ཕག་གསུམ་བརྩེགས་ཤིག་ལ་བློན་ཆེན་རྟ་ར་ཀླུ་གོང་གི་ཕྱག་རྗེས་སོར་མོ་གསལ་ལམ་མེ་བ་ཅིག་ཡོད༔ དེ་ལ་སོ་ཕག་གི་ཆོལ་གསུམ་བརྩེགས་ཡོད༔ འོག་མ་ལ་རྒྱལ་པོ་དང་བློན་ཆེན་ཉིད་ཀྱིས་སྦས་པའི་གཏེར་ཡོད་པ་དིར་མ་སྨྲོས་སོ༔ གོང་མའི་ཆོལ་ལ་ཕྱིས་རྒྱལ་བུས་སྨྲས་པའི་ས་ཡོད༔ དེ་ཉིད་གཟོང་གིས་སོར་བཞི་བྲུས་པར་གསེར་གྱི་སྦུ་གུ་གཅིག་ན་གཏེར་བྱང་ཡོངས་ཀྱི་ཁ་བྱང་ཡོད༔ ལྕགས་ཀྱི་སྦུ་གུ་གཅིག་ན་སྔར་ས་སྟེང་དུ་མ་འཕེལ་བའི་ངན་སྔགས་བདུན་ཡོད་དོ༔ གཏེར་སྲུངས་མཁའ་འགྲོ་མ་ལྕགས་མཆུ་གདོང་ཅན་ལ་གཏད་དོ༔ དེ་ནས་ཡང་དག་བཤད་བྱ་བ༔
མཆོད་རྟེན་དམར་པོའི་བུམ་པའི་དཀྱིལ༔ དྲག་སྔགས་སྲོག་སེར་གཏད་གསུམ་སྦས༔ ཞེས་པས༔ མཆོད་རྟེན་དམར་པོའི་བུམ་པའི་དཀྱིལ་ན༔ པདྨ་འདབ་མ་གཅིག་གི་དཀྱིལ་ན་སོ་ཕག་གི་ཆོལ་ལག་མཐིལ་ཙམ་ཞིག་ཡོད༔ དེ་གཟོང་གིས་བཅག་པའི་འོག་ན༔ ཟངས་སྦུག་མཐོ་གང་པ་ཡོད༔ དེ་ན་གཟའ་བདུད་ཀྱི་སེར་བ་དང་དྲག་སྔགས་སྔར་ས་སྟེང་དུ་མ་འཕེལ་བ་མང་པོ་ཡོད་དོ༔ གཉེར་དུ་གཏད་པ་ནི་བྱ་རོག་མགོ་བརྩེགས་མཆོད་པར་བྱའོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཆོད་རྟེན་བཞིའི་ལེའུ་སྟེ་ཉེར་དྲུག་པའོ༔ ཐྲཐ྅རྦྱ།རྦྱ།༔ ༔