༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཞི་པ། གཟུགས་ཁམས་བཤད་པ།
Previous Chapter
Next Chapter

(ལེའུ་བཞི་པ། གཟུགས་ཁམས་བཤད་པ།)

གཟུགས་ཁམས་རྒྱུ་རྐྱེན་ངོ་བོ་དང་༔ ངེས་ཚིག་དབྱེ་བ་

4-11a

༄༅༔       ༔གཟུགས་དང་ཚེ༔ རྒྱུ་ནི་དུག་གསུམ་འགས་པ་དང་༔ ཚུལ་ཁྲིམས་རྣམ་པར་དག་པ་ཀུན༔ རྐྱེན་ནི་བསམ་གཏན་ཉེར་བསྡོགས་དང་༔ བསམ་གཏན་བཞི་རྟེན་གང་སྐྱེ་བ༔ གཟུགས་ཁམས་ཡིན་ཏེ་འདོད་སྲེད་ནི༔ རགས་པ་བཅོམ་པས་བརྫུས་སྐྱེས་སོ༔ ངོ་བོ་འདོད་ཁམས་འདོད་ཆགས་བྲལ༔ ཡུལ་ལ་འཛིན་ཆུང་ཞི་བར་གནས༔ ངེས་ཚིག་གཟུགས་ཀྱི་འདོད་མ་བྲལ༔ གཟུགས་ཁམས་ཞེས་སུ་བཏགས་པ་ཡིན༔ དབྱེ་ན་རྣམ་གཉིས་འཇིག་རྟེན་དང་༔ འཇིག་རྟེན་ལས་བྲལ་རྣམ་པ་ཅན༔ དེ་ཡང་བསམ་གཏན་ཉེར་བསྡོགས་ལས༔ བྱུང་བ་གནས་གཞན་བཅུ་གཉིས་ཏེ༔ ཚངས་རིས་ཚངས་པ་མདུན་ན་འདོན༔ ཚངས་ཆེན་འོད་ཆུང་ཚད་མེད་འོད༔ འོད་གསལ་དགེ་ཆུང་ཚད་མེད་དགེ༔ དགེ་རྒྱས་སྤྲིན་མེད་བསོད་ནམས་སྐྱེས༔ འབྲས་བུ་ཆེ་སྟེ་གཞན་མ་ལྔ༔ མི་ཆེ་མི་གདུང་གྱ་ནོམ་སྣང་༔ ཤིན་ཏུ་མཐོང་དང་འོག་མིན་པ༔ དེ་རྣམས་འཕགས་པའི་ལྷ་གནས་ཡིན༔ གང་གི་བསམ་གཏན་དང་པོ་

4-11b

ནི༔ སྒོམ་བྱེད་སྦྱིན་དང་ཚུལ་ཁྲིམས་ལ༔ སྔར་ལྟར་དག་པ་ལ་སྤྱོད་པས༔ དེ་ཚེ་འདོད་པའི་བདེ་བ་རྣམས༔ ཆགས་ཞེན་སྲེད་པའི་རྒྱུར་མཐོང་ནས༔ དེ་སྤོང་བྱེད་དང་བསམ་གཏན་ལ༔ སྲེད་ཅིང་ལེན་པས་མཚམས་སྦྱར་ཏེ༔ ཚངས་རིས་ཉིད་སྐྱེ་དེ་བས་ཀྱང་༔ མི་ལྕོགས་མི་སྒོམ་གཉིས་པ་སྟེ༔ དེ་དག་བྱས་དང་འབྲེལ་བསྒོམས་པས༔ ཚངས་ཆེན་དག་ཏུ་དེ་དག་སྐྱེས༔ གང་ཚེ་སྐྱེ་བ་དེ་ཡི་ཚེ༔ ཀུན་རྫོབ་གོམས་དང་བཅས་པ་ཉིད༔ གཉིད་དང་ཉིན་མཚན་ཕོ་མོ་མེད༔ བསམ་གཏན་ཟས་མཆོག་དག་དང་ལྡན༔ རང་རང་རྫུ་འཕྲུལ་ལྡན་པ་སྟེ༔ འདོད་ཁམས་སྙིང་རྗེའི་གནས་སུ་མཐོང་༔ ཚུལ་འདི་རྣམས་ནི་བཅུ་དྲུག་འགྱུར༔ གོང་མ་གོང་མ་འཕགས་ཞེས་བྱ༔ དེ་རྣམས་མཆོག་ནི་མི་མཇེད་ཀྱི༔ བདག་པོ་ཚངས་པ་ཞེས་གྲགས་ཏེ༔ དེ་བཞིན་གཤེགས་པ་ཐམས་ཅད་ལ༔ དམ་ཆོས་བསྐུལ་འདི་འཕགས་པ་ཡིན༔ གཞན་དག་ལོག་ལྟའི་ཞིང་གྱུར་པར༔ བློ་ཉམས་རྣམས་ཀྱིས་སྨྲ་བར་བྱེད༔ དེ་ལྟར་བསམ་

4-12a

༄༅༔       ༔གཏན་དང་པོ་ལ༔ གྲུབ་པ་གསུམ་ཡིན་དེ་ལས་གཞན༔ གཉིས་པ་རྟོག་མེད་སྒོམ་པ་ལ༔ འོད་ཆུང་དུ་སྐྱེ་སྔར་བས་ལྷག༔ དེ་ཉིད་མ་ལྕོགས་འདི་བསྒོམས་པས༔ ཚད་མེད་འོད་དེ་དེ་ལས་གཞན༔ ཕུལ་དུ་བྱུང་བ་འོད་གསལ་ཡིན༔ ཤིན་ཏུ་དགའ་དང་བདེ་བ་ཡིན༔ ལུས་སེམས་ཚིམ་བྱེད་བླ་ན་མེད༔ དེ་ནས་དགའ་བདེ་དང་འབྲལ་ཞིང་༔ དྲན་རིག་གཡོ་བ་རླུང་རྒྱུ་བ༔ ཙམ་ལྡན་བསམ་གཏན་གསུམ་པ་ཡིན༔ བསྒོམས་པས་དགེ་ཆུང་དུ་སྐྱེ་ལ༔ བརྟན་བྱས་ཚད་མེད་དགེ་ཡིན་ཏེ༔ ཤིན་ཏུ་བརྟན་ནས་དགེ་རྒྱས་ཞེས༔ དགེ་བ་གང་བསམ་འགྲུབ་བར་འགྱུར༔ གཞན་ཡང་བསམ་གཏན་བཞི་པ་ནི༔ གཡོ་མེད་ཅེས་བྱ་དེ་བསྒོམས་པས༔ སྤྲིན་མེད་ཅེས་བྱ་དེར་སྐྱེ་སྟེ༔ དེ་གོམས་བསོད་ནམས་སྐྱེས་སུ་སྐྱེ༔ མཐར་ཐུག་གྱུར་པས་འབྲས་བུ་ཆེ༔ དེ་རྣམས་རབ་ཏུ་ཞི་བའི་ལྷ༔ ཁྱད་པར་འཕགས་པ་བཤད་པ་ཡིན༔ དེར་ནི་ཟག་བཅས་མཐུས་སྐྱེས་ཕྱིར༔ རེ་ཞིག་ཉོན་མོངས་ཞི་

4-12b

ནས་མང་༔ ཡུན་རིང་ལོན་ཀྱང་ཚུལ་མིན་གྱི༔ ཡིད་ཀྱི་བྱེད་ལས་ཉོན་མོངས་ལྡང་༔ དེ་བས་དོན་རབ་འབྱེད་པ་ཡི༔ ཤེས་རབ་ཀྱིས་གཞུང་བསྟན་པ་ནི༔ འཕགས་པའི་ལམ་འགྲེལ་བསྒོམ་པར་བྱ༔ དེ་གཉིས་ཁྱད་པར་བཤད་བྱ་བ༔ སྔ་མ་ཆོས་ཀུན་མ་བརྟགས་ཀྱང་༔ སེམས་གནས་ཁྱད་པར་ལས་བྱུང་ངོ་༔ ཕྱི་མ་ཆོས་ཀུན་རྟེན་འབྲེལ་གྱི༔ ཚུལ་ཁྲིམས་སེམས་དང་སེམས་བྱུང་གི༔ རྣམ་པ་རྒྱུ་དང་འབྲས་མཐོང་ནས༔ རྟོག་དཔྱོད་གཉེན་པོ་བརྟན་པོ་ཡིས༔ དེ་ལ་བརྩོན་བྱས་རྩེ་གཅིག་བས༔ དགའ་བདེའི་འབྲས་བུ་རབ་ཏུ་སྐྱེ༔ དེ་ནི་བསམ་གཏན་དང་པོ་ཡིན༔ རྟོག་དཔྱོད་དང་བྲལ་རྩེ་གཅིག་པ༔ ནང་དུ་རབ་ཏུ་དང་བ་ཡིས༔ དགའ་བདེ་ལྡན་པ་གཉིས་པ་ཡིན༔ རྟོག་དཔྱོད་བདེ་སྡུག་དང་བྲལ་ཞིང་༔ དྲན་དང་ཤེས་བཞིན་ལྡན་རྩེ་གཅིག༔ བསམ་གཏན་གསུམ་པ་ཞེས་བྱར་བཤད༔ རྟོག་དཔྱོད་བདེ་དང་སྡུག་བསྔལ་དང་༔ ཡིད་བདེ་མི་བདེ་དབུགས་དབྱུང་རྔུབ༔ སྐྱོན་བརྒྱད་བྲལ་ཞིང་མི་གཡོ་བ༔ བཏང་སྙོམས་

4-13a

༄༅༔       ༔དྲན་པ་དག་པ་ནི༔ བསམ་གཏན་བཞི་པ་ཞེས་བྱའོ༔ ཚུལ་ཁྲིམས་དང་ནི་འདི་འབྲེལ་བ༔ འཕགས་པའི་བསམ་གཏན་ཞེས་བརྗོད་དོ༔ ཉོན་མོངས་བཅས་ལ་དགའ་བདེ་དང་༔ རབ་ཏུ་ཤེས་བཞིན་དྲན་པ་དང་༔ བཏང་སྙོམས་དྲན་པ་བདག་མེད་དེ༔ ཉོན་མོངས་དབེན་པ་མིན་ཕྱིར་དང་༔ ཉོན་མོངས་རྙོག་པ་མེད་ཕྱིར་དང་༔ ཉོན་མོངས་ཅན་དེ་དྲན་ཤེས་མེད༔ དྲན་བདག་མེད་དེ་དྲི་བཅས་ཀྱིས༔ འདི་དག་རྟོགས་པའི་བསམ་གཏན་ཡིན༔ འདི་ཡིས་བསམ་གཏན་བཞི་པ་ལ༔ འདུ་ཤེས་བཀག་ནས་དེ་ཙམ་གྱི༔ མྱ་ངན་འདས་པ་རྟོགས་བྱེད་པ༔ འདུ་ཤེས་མེད་པའི་ལྷ་ཞེས་བྱ༔ གྲོང་ལས་དགོན་པའི་ཚུལ་དུ་སྐྱེ༔ དེ་ནི་ཕྱིར་ཞིང་ལོག་ལྟ་ཡིས༔ མཚམས་སྦྱར་མནར་མེད་ལྟུང་བྱེད་པས༔ མི་ཁོམ་གནས་ཡིན་ཚེ་རིང་ལྷ༔ དེ་ཕྱིར་ཚུལ་ལྡན་བསམ་གཏན་པ༔ ཤེས་རབ་རྣམ་པར་སྦྱང་བར་བགྱི༔ མི་ཚེ་ལ་སོགས་ལྷ་རྣམས་ནི༔ བསམ་གཏན་ཤེས་རབ་དང་འབྲེལ་བས༔ ཉོན་མོངས་ཆེ་མིན་

4-13b

དེ་མི་གདུང་༔ ཉོན་མོངས་བྲལ་བའི་ཡོན་ཏན་ནི༔ མི་ཆེ་དང་ནི་མི་གདུང་དང་༔ གྱ་ནོམ་སྣང་དང་ཤིན་ཏུ་མཐོང་༔ འོག་མིན་འགྲོ་དང་རྣམ་པ་ལྔ༔ རྒྱུད་དེ་འཕགས་པའི་ལྷ་ཞེས་བྱ༔ དག་པའི་ཞིང་བཞིན་རང་སྣང་ངོ་༔ དེ་རྣམས་གཙོ་བོ་ལྷ་ཡི་བུ༔ དབང་ཕྱུག་ཆེན་པོ་ཞེས་བྱའོ༔ དེ་ལྟར་གཟུགས་ཁམས་བཅུ་བདུན་གྱི༔ སྦྱིན་སོགས་ཀྱིས་བསྐྱེད་ལྷ་ཡིན་ཏེ༔ ཟག་བཅས་ཟག་པ་བྲལ་བ་ལས༔ འདུས་བྱས་མངོན་པར་གྲུབ་པར་བཤད༔ དེ་རྣམས་ལུས་ཀྱི་ཚད་བསྟན་པ༔ ཚངས་རིས་དཔག་ཚད་བརྒྱ་ཡིན་ཏེ༔ གཅིག་དང་ཕྱེད་དང་གཉིས་རིམ་བཞིན༔ དེ་ཡི་འོག་མ་འོད་ཆུང་ནི༔ ཚད་མེད་འོད་དང་འོད་གསལ་གཉིས༔ དཔག་ཚད་བཞི་དང་བརྒྱད་ཡིན་ནོ༔ དགེ་ཆུང་རྩ་གསུམ་བཅུ་དྲུག་དང་༔ སོ་གཉིས་དེ་བཞིན་རིམ་པ་བཞིན༔ སྤྲིན་མེད་བརྒྱ་དང་ཉེར་ལྔའོ༔ བསོད་ནམས་སྐྱེས་ནས་འོག་མིན་པར༔ ཕྱེད་དང་སུམ་བརྒྱ་ལྔ་སྟོང་དང་༔ སྟོང་དང་ཉིས་སྟོང་ཕྲག་བཞི་དང་༔ བརྒྱད་སྟོང་དེ་བཞིན་ཁྲི་དྲུག་སྟོང་༔ ཚེ་ཚད་

4-14a

༄༅༔       ༔ཚངས་རིས་བསྐལ་ཆུང་ནི༔ ཉི་ཤུ་དེ་བཞིན་བཞི་བཅུ་སྟེ༔ ཚངས་ཆེན་ལྔ་བཅུ་ང་བརྒྱད་འདོད༔ འོད་ཆུང་ནས་བཟུང་བསྐལ་ཆེན་གཉིས༔ གཞན་ནི་དཔག་ཚད་གྲངས་དང་མཉམ༔ ལྷ་གནས་རྣམས་ཀྱི་ཐ་གྲུའི་ཚད༔ གླིང་བཞི་དེ་བཞིན་སྤྱི་ཕུད་དང་༔ སྟོང་གཉིས་གསུམ་པ་རིམ་ཇི་བཞིན༔ འདོད་གཟུགས་གཙང་མ་ཡར་བཅད་ཡིན༔ དེ་ལྟར་གནས་དང་གཞན་སྣང་བ༔ ལུས་ཅན་བསམ་པ་ཇི་ལྟ་བཞིན༔ ལོ་པཎ་བཀའི་ཐང་ཡིག་ལས་སྣོད་བཅུད་གསལ་བར་བསྟན་པ་གཟུགས་ཁམས་བཤད་པའི་ལེའུ་སྟེ་བཞི་བའོ༔       ཐྲཐཉྲརྦྱ།རྦྱ།༔       ༔