(ལེའུ་བརྒྱད་པ། དུད་འགྲོའི་རྒྱུ་འབྲས་བཤད་པ།)
བྱོལ་སོང་ངོ་བོ་ངེས་ཚིག་དང་༔ རྒྱུ་དང་དབྱེ་བ་གནས་བཤད་པ༔ ངོ་བོ་བླུན་ཞིང་རྨུགས་པའོ༔ ངེས་ཚིག་ཡང་དག་ལམ་ལས་བྱོལ༔ ངན་སོང་གནས་སུ་སོང་བའོ༔ རྒྱུ་ནི་སེམས་ཉིད་མ་རིག་པས༔ ཕལ་ཆེར་མི་དགེ་སྐྱེས་པ་དང་༔ འདྲེས་མའི་དགེ་བ་གང་བྱས་པ༔ གཏི་མུག་ཤས་ཆེར་གྱུར་པའོ༔ དབྱེ་ན་མདོར་བསྡུས་རྒྱས་པ་གཉིས༔ དང་པོ་མདོར་བསྡུས་དབྱེ་ན་ལྔ༔ འདབ་ཆགས་དང་ནི་སྡེར་ཆགས་དང་༔ རྨིག་ཟླུམ་རྨིག་པ་ཁ་དབྲག་ཅན༔ འགྲེང་བུ་དང་ནི་ལྔ་རུ་བཤད༔ རྒྱས་དབྱེ་བྱེ་བ་སུམ་ཅུ་བཞི༔ གནས་ཀྱིས་བསྡུ་ན་ཁ་འཐོར་དང་༔ ཀླུ་དང་ལྷ་མིན་ན་གནས་གསུམ༔ ཁ་འཐོར་འགྲོ་བ་བཞིར་ཁྱབ་སྟེ༔ དམྱལ་བར་གནས་པའི་དུད་འགྲོ་ཡང་༔ སེམས་རྒྱུད་ཡོད་དང་སེམས་རྒྱུད་མེད༔ སེམས་རྒྱུད་ལྡན་པ་དམྱལ་བ་གང་༔ དེ་ལ་སྨོན་པས་སྐྱེ་འགྱུར་ཡང་༔ སྡུག་བསྔལ་དམྱལ་བ་ཉིད་མཚུངས་སྤྱོད༔ སེམས་མེད་རྨི་ལམ་སྐྱེས་བུ་བཞིན༔ དམྱལ་
བ་དེ་དག་ལ་སྣང་ངོ་༔ དུད་འགྲོ་ལྷ་ཡི་ནང་སྐྱེས་པ༔ བདེ་བ་ལྷ་དང་མཚུངས་པ་རྣམས༔ དེ་དང་དེ་འདྲའི་ལས་སུ་འབྲེལ༔ ཁྱད་པར་གླང་པོ་ས་སྲུངས་བུ་༔ འཁོར་ལོས་སྒྱུར་བ་ལེགས་མཐོང་གི༔ བྲམ་ཟེ་མདུན་ན་འདོན་གྱུར་པ༔ བདེ་ལ་སྲེད་ཅིང་སྨོན་པས་གྲུབ༔ དུད་འགྲོ་ཀུན་གྱི་མཆོག་ཡིན་ལ༔ གང་གི་བརྒྱ་བྱིན་གྲུབ་པ་ཡི༔ དགའ་ལྡན་གླང་ལ་སྨོན་བྱེད་པ༔ གཏི་མུག་གང་གིས་འཕངས་མིན་ཅི༔ དེ་བཞིན་ཡི་དྭགས་མི་རྣམས་ཀྱི༔ གནས་ན་མཚུངས་སྤྱོད་འདྲེས་མར་སྐྱེ༔ མཁའ་ལྡིང་ལ་སོགས་བྱ་རྣམས་ཀུན༔ ཕལ་ཆེར་སྒོང་སྐྱེས་མཁར་ལྡིང་ཞིང་༔ འབུ་སྲིན་ལ་སོགས་དྲོད་གཤེར་སྐྱེས༔ རྟ་གླང་ར་ལུག་མངལ་སྐྱེས་ཏེ༔ རྫུ་འཕྲུལ་ལྷ་དང་མཉམ་པར་གནས༔ དེ་རྣམས་ལས་ཀྱི་རྗེས་འབྲེལ་བས༔ ཡང་ཡང་སྡུག་བསྔལ་མྱོང་བར་འགྱུར༔ དེ་ནས་སྦྱིན་དང་ཚུལ་ཁྲིམས་ཀྱི༔ ཆ་ཤས་གཏི་མུག་ལྡན་བསྐྱེད་པ༔ དེ་ཡང་གཉིས་ཏེ་ཕྱི་མ་ཡི༔ རྒྱ་མཚོར་ལྡན་རྣམས་ཆགས་ལས་སྐྱེས༔ ནགས་མ་ཞེ་སྡང་སྤྱོད་པ་ཡིན༔
༄༅༔ ༔དེ་རྣམས་གཙོ་བོ་རྒྱལ་པོ་ནི༔ མགོ་མདུན་གླང་ལྟོ་ནོར་རྒྱས་བུ༔ འཇོག་པོ་བཟང་ལྡན་བསྐྱེད་པ་དང་༔ མི་འཇོག་སྤྲིན་འཕྲེང་འཁྱིལ་བ་དང་༔ ཀུན་སྤྲོ་རབ་སྤྲོ་ཆོས་དང་ལྡན༔ འདི་རྣམས་མི་ཀུན་བདེ་བར་སྐྱོང་༔ རབ་འཇོམས་འགྱིང་པོ་ནག་པོ་དང་༔ ཧུ་ལུ་ཧུ་ལུ་ནག་པོ་ཀླུ༔ ཐམས་ཅད་གནས་ནི་ལོངས་སྤྱོད་ལྡན༔ དཔག་ཚད་གསུམ་སྟོང་རིན་ཅེན་དང་༔ མེ་ཏོག་སྣ་ཚོགས་བདུད་རྩི་ཟ༔ ཅུང་ཟད་བདེ་བར་གནས་པ་ཡིན༔ ནག་པོའི་སྟོབས་ཀྱིས་སྐྱེས་པ་རྣམས༔ བྱེ་མའི་སྡུག་བསྔལ་འབབ་སྲེག་འགྱུར༔ བྱེ་ཚན་རྣལ་མ་རླུང་ཟ་བྱེད༔ སྡུག་བསྔལ་རྣམས་ཀྱིས་གདུངས་པ་ཡིན༔ མི་རྣམས་ལ་ཡང་འཚེ་བར་བྱེད༔ རྒྱ་མཚོ་ཆུ་ལག་དང་བཅས་པར༔ ཆོས་དང་ལྡན་པའི་ཀླུ་དག་ནི༔ ཀླུ་ཆེན་བརྒྱད་ནི་དགེ་བསྙེན་ཏེ༔ བྱེ་བ་ལྔ་བཅུ་རྩ་བདུན་ནོ༔ ཆོས་མི་ལྡན་པ་གྲངས་སུ་མེད༔ མ་དྲོས་པ་ལ་སོགས་པ་ཡི༔ གླིང་བཞི་རོལ་མཚོ་ལ་གནས་པ༔ དེ་དག་ཀླུ་ནི་དུ་མ་རྣམས༔ རིགས་
བཞི་སྣ་ཚོགས་ལས་སྐྱེས་སོ༔ ཀླུ་མཆོག་ཚེ་ལ་འཆི་བ་མེད༔ གཞན་ནི་ངེས་མེད་དུ་མའོ༔ ལོ་པཎ་བཀའི་ཐང་ཡིག་ལས་དུད་འགྲོའི་རྒྱུ་འབྲས་བཤད་པའི་ལེའུ་སྟེ་བརྒྱད་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔