༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་པ། དམྱལ་བའི་རྒྱུ་འབྲས་བཤད་པ།
Previous Chapter
Next Chapter

(ལེའུ་བཅུ་པ། དམྱལ་བའི་རྒྱུ་འབྲས་བཤད་པ།)

དམྱལ་བའི་ངོ་བོ་ངེས་ཚིག་དང་༔ དབྱེ་བ་རྒྱུ་འབྲས་གནས་ཚེ་བཤད༔ ངོ་བོ་ཞེ་སྡང་སྡུག་བསྔལ་བ༔ ངེས་ཚིག་དམྱལ་ཞིང་དུབ་པའོ༔ དབྱེ་ན་ཚ་གྲང་བརྒྱད་གཉིས་དང་༔ ཉི་ཚེ་ཉེ་འཁོར་བཅོ་བརྒྱད་དོ༔ ཚ་བ་བརྒྱད་པོ་རེ་རེ་ལ༔ འཁོར་ནི་བཅུ་དྲུག་བཅུ་དྲུག་གོ༔ ཡང་སོས་གཙོ་བོར་སྐྱེ་བའི་རྒྱུ༔ སྲོག་གཅོད་ཉིད་དོ་ཚུལ་ལྡན་མི༔ གསོད་ཅིང་འགྱོད་པར་མི་བྱེད་ན༔ སྡུག་བསྔལ་མ་ལུས་མྱོང་བར་འགྱུར༔ གཞན་ཡང་དེ་འཁོར་བཅུ་དྲུག་གོ༔ སྲོག་གཅོད་ཆེ་འབྲིང་ཆུང་གསུམ་མོ༔ གནས་ནི་ལྕགས་ཀྱི་རབ་དུམ་ན༔ མཚོན་ཆའི་ནགས་ཚལ་རོ་ཉེ་མི་གཙང་འབབ༔ དར་སྐྱེས་ཕན་ཚུན་གསོད་པའི་སེམས་ལྡན་པས༔ གཏུབ་གཤགས་སྡུག་བསྔལ་མྱོང་ནས་ཡང་སོས་འགྱུར༔ དེ་ལྟར་དེ་དག་རྣམས་ཀྱི་ཚེ༔ རང་གི་ལོ་ནི་ལྔ་བརྒྱ་སྟེ༔ མི་ལོ་བྱེ་བ་ཕྲག་འབུམ་དང་༔ དྲུག་ཁྲི་ཉིས་སྟོང་རྣམས་ཡིན་ནོ༔ རྒྱུ་ནི་རྫོགས་དང་

4-32b

མ་རྫོགས་པ༔ དུས་མིན་འཆི་བ་ཡོད་པའོ༔ དེ་ནས་ཐིག་ནག་སྐྱེ་བའི་རྒྱུ༔ སྲོག་གཅོད་མ་བྱིན་ལེན་པ་གཉིས༔ སྤྱད་ལས་བྱུང་སྟེ་གཙོ་བོ་ནི༔ སྲོག་གཅོད་ལས་འབྲས་སྔ་མ་བཞིན༔ ཁྱད་པར་མ་བྱིན་ལེན་པ་ནི༔ དཀོན་ཅོག་བླ་མ་དགེ་འདུན་དང་༔ ནད་པ་སྡུག་ཕོངས་རྣམས་ཀྱི་རྫས༔ བརྐུ་ཞིང་གཞན་ཡང་སྦྱོར་བྱེད་ན༔ སྡུག་བསྔལ་མ་ལུས་མྱོང་བར་བྱེད༔ དེ་འཁོར་བཅུ་དྲུག་སྐྱེ་བའི་རྒྱུ༔ སྲོག་གཅོད་མ་བྱིན་ལེན་པ་གཉིས༔ ཆེ་འབྲིང་ཆུང་གསུམ་སྤྱད་པས་སྐྱེ༔ གནས་ལྕགས་ས་གཞི་མེ་འབར་ཏེ༔ ལས་གཤེད་རབ་འཇིགས་གནམ་ཐིག་གདབ༔ ཤིང་མཁན་སོག་ལེ་མེ་འབར་གཤག༔ སྟ་རེས་གཞོག་ཅིང་གསོར་འབུགས་པ༔ ཐོ་བས་བརྡུང་བའི་སྡུག་བསྔལ་མྱོང་༔ དེ་ཐར་དེ་འཁོར་བཅུ་དྲུག་འགྲིམ༔ འདི་དག་རང་ལོ་སྟོང་ཐུབ་སྟེ༔ མི་ལོ་བྱེ་བ་འབུམ་ཕྲག་ནི༔ བཅུ་གཉིས་དང་ནི་བྱེ་བ་ཕྲག༔ དགུ་ཁྲི་དགུ་སྟོང་ཉིད་ཡིན་ནོ༔ བསྡུས་འཇོམས་ཉིད་དུ་སྐྱེ་བའི་རྒྱུ༔

4-33a

༄༅༔       ༔ལུས་ཀྱི་ལས་གསུམ་རྫོགས་པས་ཏེ༔ ཁྱད་པར་འདོད་ལོག་ལས་བྱུང་བ༔ ཚུལ་ཁྲིམས་འཇིག་སྤྱོད་གཙོ་བོ་སྟེ༔ དེ་འཁོར་བཅུ་དྲུག་དག་གི་རྒྱུ༔ སྔ་མ་ཆུང་དང་འབྲིང་པོ་ཡིན༔ དེ་ནི་གཤིན་རྗེའི་ཚོགས་ཀྱིས་རབ་ཏུ་གཙེ༔ འདུས་ཚེ་ལྕགས་ཀྱི་དྲ་བས་སྟེང་ནས་གཡོགས༔ ཐོ་བ་མཚོན་ཆས་དམྱལ་ཅིང་བརྡུང་བར་བྱེད༔ ཁྱད་པར་འདོད་ལོག་ཤལ་མ་ལི་ཡི་རི༔ ལས་འབྲེལ་བུད་མེད་མཐོང་ནས་དེར་འཛེགས་བས༔ ལུས་ཀུན་བཏུབ་ཅིང་སྡུག་བསྔལ་དུ་མ་མྱོང་༔ དེ་རྣམས་ཚེ་ནི་རང་ལོ་ཉིས་སྟོང་སྟེ༔ མི་ལོ་བྱེ་བ་ཕྲག་ནི་བྱེ་བ་གཅིག༔ བྱེ་བ་གསུམ་འབུམ་དྲུག་ཁྲི་བརྒྱད་སྟོང་ཐུབ༔ ངུ་འབོད་གཙོ་བོར་སྐྱེ་བའི་རྒྱུ༔ ལུས་ཀྱི་ལས་གསུམ་དེ་སྟེང་དུ༔ ཆང་གི་སྦྱོར་བ་བརྩོན་བྱེད་ཅིང་༔ ཚུལ་ལྡན་མཁས་པ་བསམ་གཏན་པ༔ ཆང་གིས་མྱོས་པར་བྱེད་པ་ན༔ དེ་ནི་མི་དགེའི་གཙོ་བོ་ཡིན༔ དེ་འཁོར་བཅུ་དྲུག་སྐྱེ་བའི་རྒྱུ༔ སྔ་མ་འབྲིང་དང་ཆུང་

4-33b

ངུའོ༔ འདིར་ནི་རང་ལོ་སྟོང་ཕྲག་བཞི༔ མི་ལོ་བྱེ་བ་བརྒྱ་ཕྲག་བརྒྱད༔ དེ་བཞིན་བྱེ་བ་ས་ཡ་གཉིས༔ བྱེ་བ་དགུ་འབུམ་བཞི་ཁྲི་དང་༔ བྱེ་བ་ཉིས་སྟོང་རྣམས་ཡིན་ནོ༔ ངུ་འབོད་ཆེན་པོར་སྐྱེ་བའི་རྒྱུ༔ ལུས་ཀྱི་ལས་གསུམ་དེ་བཞིན་ཆང་༔ ཆོས་ཀྱི་ཚུལ་དག་བརྗོད་པ་ལ༔ དེ་བཞིན་མི་བདེན་ཅེས་བརྗོད་ཅིང་༔ རྒྱུ་དེས་འཇིག་རྟེན་གནོད་ཆེན་བྱེད༔ དེ་འཁོར་བཅུ་དྲུག་སྐྱེ་བའི་རྒྱུ༔ སྔ་མ་འབྲིང་དང་ཆུང་ངུའོ༔ སྔར་བརྗོད་དམྱལ་བའི་སྡུག་བསྔལ་ཀུན་འབྱུང་ཞིང་༔ ཁྱད་པར་རྫུན་གྱི་འབྲས་བུས་རབ་ཚ་བ༔ ལྕགས་ཀྱི་ས་གཞི་རབ་འབར་དེ་ལ་རྩེ༔ འབར་བའི་ཕུར་བརྒྱངས་པས་ནི་རྒྱང་གྲགས་འགྱུར༔ ལྕགས་ཐོང་གཤོལ་གྱིས་དབྲལ་ཞིང་སྲིན་བུ་དང་༔ ཝ་སྦྲུལ་ཟ་ཞིང་འབར་བ་ཀུན་ནས་བསྲེག༔ གཤིན་རྗེས་མཚོན་ཆ་དུ་མས་གནོད་པར་བྱེད༔ ངུ་འབོད་ཆུང་ངུ་བཅུ་འགྱུར་ལྷག་པ་འབྱུང་༔ དེ་ལས་ཐར་ཀྱང་དེ་འཁོར་བཅུ་དྲུག་འགྲིམ༔ རང་ལོ་བརྒྱད་སྟོང་མི་ལོ་བྱེ་བ་

4-34a

༄༅༔       ༔ཕྲག༔ དྲུག་ཅུ་དྲུག་དང་ས་ཡ་གསུམ་དང་ནི༔ ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཐུབ་པ་ཡིན༔ ཚ་དམྱལ་གཙོ་བོར་སྐྱེ་བའི་རྒྱུ༔ སྔར་བཤད་པ་ཡི་ལས་ཀུན་དང་༔ ཁྱད་པར་ལོག་པར་ལྟ་བ་ཡིན༔ དེ་འཁོར་བཅུ་དྲུག་སྐྱེ་བའི་རྒྱུ༔ སྔ་མ་འབྲིང་དང་ཆུང་ངུའོ༔ སྔ་མའི་དམྱལ་བ་ཀུན་ལས་རབ་དྲག་པས༔ འཆི་ཁར་འཁྲུལ་སྣང་གནད་གཅོད་སྡུག་བསྔལ་ཆེ༔ མེ་ལྕེས་བསྲེག་ཅིང་ནད་རྣམས་དུས་གཅིག་སྨིན༔ ངུ་འབོད་སྡུག་བསྔལ་བཅུ་འགྱུར་དག་ཏུ་འགྱུར༔ འདི་ཡི་སྡུག་བསྔལ་དཔེར་བྱ་རུང་མ་ཡིན༔ ལོག་ལྟས་འཕངས་ཕྱིར་ཚ་ལ་དྲག་པ་ཡིན༔ དེ་ནས་ཐར་ཀྱང་དེ་འཁོར་བཅུ་དྲུག་འགྲིམ༔ རང་ལོ་དྲུག་སྟོང་མི་ལོ་བྱེ་བ་ཕྲག༔ ལྔ་བརྒྱ་སུམ་ཅུ་ས་ཡ་བརྒྱད་དང་ནི༔ བཞི་འབུམ་ཁྲི་དང་དྲུང་སྟོང་འགྱུར༔ རབ་ཚ་ཆེན་པོར་སྐྱེ་བའི་རྒྱུ༔ ལུས་ངག་ལས་བདུན་ལོག་ལྟར་བཅས༔ ཁྱད་པར་དགེ་སློང་མ་རྣམས་ལ༔ ལོག་རྟ་མི་དགེ་འཇུག་བྱེད་པ༔

4-34b

དེ་འཁོར་བཅུ་དྲུག་སྐྱེ་བའི་རྒྱུ༔ སྔ་མ་འབྲིང་དང་ཆུང་ངུའོ༔ གནས་དེར་དཔག་ཚད་སྟོང་ཕྲག་འཁྲུལ་པའི་མེས༔ བསྲེགས་ནས་བྱེ་མ་བསྲེགས་བཞིན་ཞིབ་པར་འགྱུར༔ སྐམ་འདྲེན་ལྕེ་ལ་ཐོང་གཤོལ་འབར་བས་རྨོད༔ གཤིན་རྗེས་གནོད་ཅིང་ཟངས་ཁུ་ལྡུད་པར་བྱེད༔ ཤལ་མ་ལི་འཛེགས་ལུས་ཀུན་ཞིག་པར་འགྱུར༔ སྔར་བཤད་དམྱལ་བའི་སྡུག་བསྔལ་བཅུ་འགྱུར་ཡིན༔ ཚེ་ནི་བསྐལ་ཆུང་ཕྱེད་དེ་སྔར་ལྟར་རོ༔ རང་ལོ་འབུམ་ཁྲི་ཉིས་སྟོང་མི་ལོ་ནི༔ བྱེ་བ་བྱེ་བ་ཕྲག་ནི་བཞི་སྟོང་དང་༔ ཉིས་བརྒྱ་བཞི་བཅུ་རྩ་དྲུག་ཅེས་པ་ཡང་༔ ས་ཡ་ཕྲག་བདུན་སུམ་འབུམ་ཁྲི་དང་ནི༔ བརྒྱད་སྟོང་དག་གི་བར་དུ་གནས་བའོ༔ མནར་མེད་གཙོ་བོར་སྐྱེ་བའི་རྒྱུ༔ སྔར་ལྟར་མི་དགེ་བཅུ་དག་དང་༔ མཚམས་མེད་པ་ནི་རབ་སྤྱོད་པ༔ དེ་ནི་ངེས་བར་མནར་མེད་འགྲོ༔ ལས་ཀྱི་སྣང་བ་ལོག་མཐོང་བཞིན༔ ནད་རྣམས་ཀུན་གྱིས་ཡོངས་གདུངས་ནས༔ རླུང་ནི་བརྒྱད་བཅུ་འཁྲུགས་པ་ཡིས༔

4-35a

༄༅༔       ༔ལུས་ཀུན་སྲིན་བུས་འབུགས་པར་བྱེད༔ མེ་དང་མུན་པ་གཅན་གཟན་དང་༔ གཤིན་རྗེ་རྣམས་ཀྱི་སྣང་བ་ཡིས༔ རྨོངས་ནས་སྒྲ་འབྱིན་དབང་པོ་འགྱུར༔ བཤང་གཅི་འབྱིན་སོགས་རྟགས་རྣམས་འབྱུང་༔ དེ་ཡི་ལུས་ལ་དམྱལ་བའི་མེས༔ འདི་ནས་བར་དོར་ལྟུང་བར་བྱེད༔ དེ་ནི་འཕོས་མ་ཐག་ཏུ་ཡང་༔ གཤིན་རྗེས་ཁྲིད་དེ་རབ་ཏུ་རྨོངས༔ མནར་མེད་པར་ཡང་ལྟུང་བར་བྱེད༔ དེ་ན་གྲུ་བཞི་སྒོ་བཞི་ཡོད༔ དཔག་མེད་སྤྲུལ་གྱེས་རྣམ་པར་བྱེ༔ སེམས་ཅན་དམྱལ་བ་དུ་མས་གང་༔ དབང་མེད་དེར་ནི་འཚེ་བར་བྱེད༔ དེ་ཡི་སྒྲ་ཐོས་དམྱལ་བ་གཞན༔ བརྗོད་ཅིང་བདེ་བར་སྨོན་པ་ཡིན༔ མེ་མཚོན་དུག་དང་རྡོ་རྗེ་འབར༔ བསེ་ཁྱི་བྱ་རྒོད་ཀང་ཀ་དང་༔ སྦྲུལ་ཆེན་ཁྱི་མ་ཀོ་ཏ་དང་༔ སྡུག་བསྔལ་དཔག་མེད་ཀྱིས་གཟིར་ནས༔ བར་མཚམས་མེད་པར་ངུ་སྒྲ་འདོན༔ དེ་ལུས་གཞོན་ཤ་ཅན་ལ་ནི༔ དཔག་ཚད་བཞི་ནི་ལྔ་ཡི་བར༔ གྲུབ་སྟེ་མནར་མེད་སྡུག་བསྔལ་ནི༔ སུ་ཞིག་

4-35b

གིས་ནི་བརྗོད་པར་ནུས༔ གཞན་ཡང་དེ་འཁོར་བཅུ་དྲུག་ནི༔ མ་ལ་ངན་སེམས་སྐྱེས་པས་ནི༔ བ་ཚྭ་འབར་བས་ཁྲོལ་སྲེག་བྱེད༔ དགྲ་བཅོམ་མ་ལ་ལོག་སྤྱད་ན༔ ལྕགས་འབར་དོང་དུ་རབ་བཅུག་སྟེ༔ མཚོན་རྣོན་ཚོགས་ཀྱིས་དུམ་བུར་བྱེད༔ མ་ལ་ལོག་པར་དབྱེན་བྱེད་པ༔ འབར་བར་ཕུར་བུས་ལུས་ཀུན་འཇོམས༔ རང་རྒྱལ་དགྲ་བཅོམ་སྨོད་བྱེད་གང་༔ སྤུ་གྲིས་ལྕེ་གཅོད་རྨོན་པས་རྨོད༔ གཙུག་ལག་ཁང་ནི་མེས་བསྲེགས་ནས༔ དེ་ལུས་འབར་བར་རབ་མཆེད་ན༔ རྡོ་མེ་ཆར་ལྟར་འབབ་པར་འགྱུར༔ འཛེམ་མེད་སངས་རྒྱས་དཀོར་སྤྱོད་གང་༔ རང་ཉིད་བཀྲེས་པར་རང་ཤ་ཟ༔ སྦྲུལ་ནག་རབ་ཏུ་འབར་གྱིས་འཇོམས༔ ཆོས་ནོར་འབབ་རྩོལ་ཉམས་བྱས་པས༔ འབར་བའི་ཤིང་གཉིས་ཀྱིས་འཐག་ཅིང་༔ བྱ་ཡིས་ལུས་ཀུན་ཟ་བར་བྱེད༔ དགེ་འདུན་དཀོར་འཇོམས་གནོད་བྱས་པས༔ ལྕགས་གཏུན་འབར་བས་རྡུང་བར་བྱེད༔ ནད་པའི་ལོངས་སྤྱོད་འཕྲོག་བྱེད་པ༔ ནད་

4-36a

༄༅༔       ༔རྣམས་ཀྱིས་ནེ་གདུང་བར་བྱེད༔ རང་རྒྱལ་བསོད་སྙོམས་འཕྲོག་བྱེད་པ༔ རྡོ་རྗེའི་རི་ཡིས་ཐལ་བར་རློག༔ དགོན་པའི་ཆུ་བཅད་འཚེ་བ་ནི༔ འབར་བའི་ཚལ་དུ་བསྲེག་ཅིང་འབྲོས༔ མཛའ་བཤེས་བྱས་ནས་གནོད་པར་བྱེད༔ འགོག་ལས་ལངས་པའི་ཟས་འཕྲོག་ན༔ སྐར་འཕྲེང་འདྲ་བའི་ཟངས་སུ་འཚོད༔ གླེགས་བམ་ཁྲོ་བས་འཇིག་བྱེད་ན༔ མིག་དང་ཡན་ལག་ཐམས་ཅད་ཀུན༔ བསྲེགས་བཞུ་བཏུལ་བས་འོ་དོད་འབོད༔ ལོག་ལྟས་དགེ་འདུན་གནས་བཅོམ་ན༔ ལྕགས་ཀྱི་ར་བ་འབར་བར་བཅུག༔ མཚོན་གྱིས་ཆར་འབབ་ལུས་ཀུན་འབུགས༔ དགེ་འདུན་སླུ་བྱེད་རྫུན་སྨྲ་ན༔ མེ་ཆུས་སྲེག་ཅིང་ལོག་དཀྲི་བྱེད༔ བསྟན་ལ་གནོད་བ་བྱེད་པ་ནི༔ དེ་ལ་སྡུག་བསྔལ་ཐམས་ཅད་འབྱུང་༔ འདི་རྣམས་ཚེ་ནི་བར་བསྐལ་ཏེ༔ སྡུག་བསྔལ་དཔག་མེད་མྱོང་པར་འགྱུར༔ བླ་མས་ཅི་གསུངས་རྒྱལ་བའི་བཀའ༔ རྒྱལ་བའི་བཀའ་ལས་འདའ་མི་བྱ༔ བླ་མའི་

4-36b

བཀའ་བཅག་སྡིག་པ་ནི༔ ཁམས་གསུམ་སེམས་ཅན་བསད་ལས་ཆེ༔ ཁྲེལ་དྲུག་རྡོ་རྗེ་དམྱལ་བར་འགྲོ༔ དེ་ཐར་དམྱལ་བ་ཤམ་པ་ལ༔ སྡུག་བསྔལ་བཤད་ཀྱི་མི་ལང་མྱོང་༔ བླ་མའི་ནོར་རྫས་ཧ་ལའི་དུག༔ ཁོང་དུ་སོང་བས་འཆི་བ་ཡིན༔ བླ་མའི་ནོར་རྫས་ཚ་བའི་མེ༔ ལུས་ལ་རེག་པས་འཚིག་པ་ཡིན༔ བླ་མའི་ནོར་རྫས་འཇིགས་པ་བརྒྱད༔ རྐུ་འཕྲོག་སློང་གསུམ་སློབ་མ་འཕུང་༔ དམ་ཚིག་ཉམས་པའི་གསོན་པ་བས༔ དམ་ཚིག་གཙང་མའི་ཤི་བ་རུང་༔ བཙུན་པ་འདུལ་ཁྲིམས་མེད་པ་དང་༔ སྔགས་པ་དམ་ཚིག་མེད་པ་དང་༔ བུད་མེད་ངོ་ཚ་མེད་པ་གསུམ༔ གང་ལ་མི་གཏོགས་མི་སྲིད་དོ༔ དེ་བས་འབད་པ་དུ་མ་ཡིས༔ ཉོན་མོངས་རྣམ་པར་འཇོམས་པ་དང་༔ མི་དགེ་སྤོང་བར་བརྩོན་པར་བགྱི༔ ཡང་དག་ལྟ་ལ་རབ་ཏུ་ཞུགས༔ དེ་ཚེ་ལྷ་རྣམས་ཀྱིས་བསྔགས་ཤིང་༔ ངེས་པར་འབྱུང་བ་ཐོབ་པར་འགྱུར༔ དེ་ལས་གཞན་ཡང་གྲང་དམྱལ་བརྒྱད༔ ཆུ་བུར་ཆུ་བུར་རྡོལ་བ་ཅན༔

4-37a

༄༅༔       ༔སོ་འཐམས་ཨ་ཆུ་ཀྱི་ཧུད་ཟེར༔ པདྨ་ཨུཏྤལ་ལྟར་གས་དང་༔ པདྨ་ཆེན་པོ་ལྟར་གས་སོ༔ དེ་རྒྱུ་གྲང་བས་གཞན་གནོད་ཆེ༔ བླ་མའི་ཟས་ནོར་གྲང་བའི་ཆུ༔ ཁྱེར་བས་རྔམ་རྔམ་སྲོག་དང་བྲལ༔ གནས་ནི་ཚ་དམྱལ་བརྒྱད་པོ་ཡི༔ བྱང་དུ་སྒོ་ནས་རིམ་པ་བཞིན༔ ཏིལ་རྫང་ནང་ནས་ལོ་བརྒྱ་བཞིན༔ ཏིལ་རེ་ཅུང་ཟད་ཆུ་བུར་ཅན༔ གཞན་གྱི་ཚེ་ནི་ཉི་ཤུར་འགྱུར༔ སྲེད་བྱས་གནོད་པའི་དབང་གིས་སྐྱེ༔ ཉི་ཚེ་ཞེས་བྱ་འཛམ་གླིང་གི༔ ཁྲོད་དང་མུ་ཁྱུད་གླིང་བར་གྱི༔ མུན་པ་ལ་སོགས་ཀུན་ལ་གནས༔ ལས་ནི་སྔོན་མ་དག་དང་མཚུངས༔ ཅུང་ཟད་དགེ་བ་འདྲེས་ལས་འབྱུང་༔ ཉིན་པར་བདེ་ལ་མཚན་མོ་ནི༔ གནོད་པས་གཙེས་དང་དེ་བཞིན་གཞན༔ ཉིན་པར་གསོད་དང་སྡུག་བསྔལ་དང་༔ མཚན་མོ་ལྷ་མོ་རྣམས་དང་རྩེ༔ དེ་སོགས་དཔག་ཏུ་མེད་པ་ཡོད༔ མནར་མེད་མ་གཏོགས་དམྱལ་བ་རྣམས༔ ཕལ་ཆེར་ཞག་བདུན་ན་སྐྱེ་སྟེ༔ བར་དོ་ཡོད་དེ་རྫུས་སྐྱེས་ཡིན༔ འཛམ་གླིང་མ་

4-37b

དྲོས་མཚོ་ཡི་འོག༔ དཔག་ཚད་སྟོང་ཕྲག་ཉི་ཤུ་ན༔ མནར་མེད་དེ་སྟེང་དམྱལ་བ་བདུན༔ གནས་ཞེས་འདིར་བཤད་གཞན་དག་ནས༔ རླུང་དང་གསེར་གྱི་བར་དུ་བཞེད༔ མནར་མེད་གནས་སུ་སེམས་ཅན་གཅིག༔ སྐྱེས་ཆེ་ཆགས་པའི་མཐའ་མ་དེ༔ ཚེ་ལོ་ཁྲི་ཡི་དུས་ན་ཡིན༔ དེ་ལྟར་བར་བསྐལ་ཉི་ཤུ་ཆགས༔ ལོ་པཎ་བཀའི་ཐང་ཡིག་ལས་དམྱལ་བའི་རྒྱུ་འབྲས་བཤད་པའི་ལེའུ་སྟེ་བཅུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔