༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གསུམ་པ། ཉན་ཐོས་ཕུན་སུམ་ཚོགས་པ་བསྟན་པ།
Previous Chapter
Next Chapter

(ལེའུ་བཅུ་གསུམ་པ། ཉན་ཐོས་ཕུན་སུམ་ཚོགས་པ་བསྟན་པ།)

ཐེག་པའི་རིམ་པ་ཇི་ལྟར་གསུངས་ཚུལ་ནི༔

4-45a

༄༅༔       ༔ཐུན་མོང་དང་ནི་བྱེ་བྲག་འདོད་པ་གཉིས༔ ཐུན་མོང་འདོད་པ་འཁོར་ལོ་རིམ་པ་གསུམ༔ བདེན་བཞིའི་འཁོར་ལོ་བ་ར་ཎཱ་སིར་བསྐོར༔ རྒྱལ་པོའི་ཁབ་ཏུ་བར་པ་མཚན་ཉིད་མེད༔ ཡངས་པ་ཅན་དུ་ཐ་མ་དོན་དམ་ངེས༔ བྱེ་བྲག་འདོད་པ་ཆོས་འཁོར་ལན་དགུ་བསྐོར༔ སེམས་ཀྱི་རང་བཞིན་གཅིག་མོད་ཀྱང་༔ སེམས་ཀྱི་མཚན་ཉིད་མི་འདྲ་བས༔ དབང་པོ་རབ་འབྲིང་གསུམ་དུ་བྱུང་༔ དབང་པོ་རབ་ཀྱི་དོན་དུ་ནི༔ ནང་གི་བསྐྱེད་རྫོཊ་རྣམ་གསུམ་བསྟན༔ དབང་པོ་འབྲིང་གི་དོན་དུ་ནི༔ ཕྱི་ཡི་ཀྲྀ་ཡོག་སྡེ་སྣོད་གསུམ་བསྟན༔ དབང་པོ་ཐ་མའི་དོན་དུ་ནི༔ སྡེ་སྣོད་གསུམ་གྱི་ཐེག་པ་བསྟན༔ དེ་ལྟར་ཐེག་པ་དགུ་པོ་ཡང་༔ ཕུན་སུམ་ཚོགས་ལྔའི་ཚུལ་དུ་བཤད༔ སྟོན་པ་འཁོར་དང་ཆོས་འཛོམ་ན༔ གནས་དང་དུས་ནི་ཤུགས་ལས་བྱུང་༔ སྟོན་པ་གཅིག་ལ་སྣང་ཚུལ་ཐ་དད་འབྱུང་༔ དེ་ཚེ་རིགས་དྲུག་སེམས་ཅན་ལ༔ སྡིག་པ་སྤོང་བའི་གཟུགས་སུ་སྟོན༔ ཉན་ཐོས་རྣམས་ལ་དགྲ་བཅོམ་ཚུལ༔

4-45b

རང་རྒྱལ་རྣམས་ལ་བསེ་རུའི་ཚུལ༔ འོག་མིན་བླ་མེད་གནས་མཆོག་ཏུ༔ སྐུ་ནི་རྣམ་པར་སྣང་མཛད་ཚུལ༔ ཐུགས་རྗེས་འགྲོ་བ་བསམ་མི་ཁྱབ༔ དོན་དང་མཐུན་པ་འགའ་ཞིག་སྟོན༔ མི་མཐུན་འཁོར་བའི་གཡང་ས་གཅོད༔ ཉན་ཐོས་ཐེག་པའི་ཕུན་སུམ་ཚོགས་ལྔ་ནི༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་སངས་རྒྱས་ནས༔ བདུན་ཕྲག་བདུན་དུ་ཆོས་ནི་མ་གསུངས་ཏེ༔ དེ་ནས་དབྱར་ཟླ་ར་བའི་ཚེས་བརྒྱད་ལ༔ ཤཱཀ་ཐུབ་སྤྲུལ་སྐུའི་སྤྲུལ་སྐུ་དགྲ་བཅོམ་ཚུལ༔ བ་ར་ཎཱ་སིར་ལྔ་སྡེ་བཟང་པོ་ལ༔ དང་པོ་བདེན་པ་བཞི་ཡི་ཆོས་འཁོར་བསྐོར༔ སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་གྱི་ཆོས༔ དབྱེ་བ་ལས་སུ་བྱ་དང་དོན་གསལ་ཕྱིར༔ ལན་གསུམ་བཟླས་པས་བཅུ་གཉིས་ཚུལ་དུ་ནི༔ ལོ་དྲུག་ཟླ་བ་བརྒྱད་ཀྱི་བར་དུ་གསུངས༔ འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས༔ འདུལ་བ་ལུང་དང་འདུལ་བ་བླ་མ་དང་༔ ཡོད་པར་སྟོན་དང་ལུང་ཞི་རྒྱས་པར་སྟོན༔ དེ་ནི་འདུལ་བའི་རྩ་བ་སྡེ་བཞི་སྟེ༔ ལུང་ཞུས་དང་ནི་འདུལ་བ་གཞི་དང་ནི༔ རྣམ་འབྱེད་དང་

4-46a

༄༅༔       ༔ནི་འདུལ་ལུང་ཕྲན་ཚེགས་སོ༔ ལུང་ཞུས་ལ་གཉིས་གཞུང་ངམ་གཞུང་བླ་མ༔ གཞི་ལ་གཞི་སྟོད་རབ་ཏུ་འབྱུང་བའི་གཞི༔ གཞི་མེད་གསོ་སྦྱོང་གཞི་སོགས་བཅུ་དྲུག་གོ༔ འདུལ་ལུང་རྣམ་པར་འབྱེད་ལ་གཉིས་ཡིན་ཏེ༔ དགེ་སློང་ཕ་ཡི་ལས་ནི་རྣམ་འབྱེད་དང་༔ དགེ་སློང་མ་ཡི་ལས་ནི་རྣམ་འབྱེད་དོ༔ འདུལ་ལུང་ཕྲན་ཚེགས་ལ་ནི་རྣམ་པ་བཞི༔ དེ་ཡང་ལས་ཆོག་ཀརྨ་ཤ་ཏམ་དང་༔ ལག་ལེན་མདོ་རྩ་བམ་ཆུང་ཀ་རི་ཀཱ༔ མོ་གཤམ་འདུལ་མདོ་འདུལ་བ་རྣམ་འབྱེད་དང་༔ དགེ་ཚུལ་བྱ་བ་ལ་སོགས་གསུངས་པ་རྣམས༔ གླེང་གཞི་སྡེ་ལ་སོགས་པ་བཅུ་གཉིས་སོ༔ ལུང་དང་འབྱུང་དང་ལྡན་པ་དང་༔ ངེས་པར་འབྱུང་དང་གང་ཟག་དང་༔ བཅས་པ་དང་ནི་རབ་འབྱེད་དང་༔ རྣམ་པར་ངེས་ཕྱིར་འདུལ་བའི་ཆོས༔ བཀའ་རྣམས་བསྡུ་བ་ཉེ་བར་འཁོར༔ ལོ་པཎ་བཀའི་ཐང་ཡིག་ལས་ཉན་ཐོས་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔