༄༅། །བཀའ་ཐང་སྡེ་ལྔ།
ལེའུ་སོ་གསུམ་པ། སངས་རྒྱས་བསྟན་པ་དར་ནུབ་བསྟན་པ།
Previous Chapter
Next Chapter

(ལེའུ་སོ་གསུམ་པ། སངས་རྒྱས་བསྟན་པ་དར་ནུབ་བསྟན་པ།)

རང་རྒྱལ་ཐེག་པ་ལ་ཡང་དོན་དྲུག་སྟེ༔ དང་པོར་འཇུག་སྒོ་ཚུལ་ཁྲིམས་ལྟ་བ་དང་༔ སྒོམ་པའི་ཐབས་དང་སྤྱོད་པ་འབྲས་བུའོ༔ འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་ཏེ༔ མ་རིག་པ་ཡི་བག་ཆགས་ལས་བྱུང་ཞིང་༔ དོན་རྣམས་ཇི་ལྟར་ཡིན་པ་མི་ཤེས་པའི༔ ལས་འབྲས་དེ་བཞིན་ཉིད་ལ་རྨོངས་པ་ཡིས༔ འདུ་བྱེད་ཕུང་པོ་འཕེན་ནུས་ཀྱི༔ བསོད་ནམས་མ་ཡིན་མི་གཡོ་བ༔ རྣམ་ཤེས་བག་ཆགས་དང་བཅས་པའི༔ སེམས་ཀྱི་ཕུང་པོ་དངོས་སུ་བསྐྱེད་པ་སྟེ༔ དབྱེ་ན་རྒྱུ་དང་འབྲས་

4-80b

བུའི་རྣམ་ཤེས་སོ༔ མིང་དང་གཟུགས་ནི་རྣམ་པར་སྨིན་པའི་ལུས༔ གྲུབ་ལ་མ་རྫོགས་པས་ནི་ཕུང་པོ་ལྔ༔ སྐྱེད་མཆེད་དྲུག་ནི་དབང་བོ་ཀུན་རྫོགས་ཤིང་༔ ཡུལ་ལ་ལོངས་སྤྱོད་མི་ནུས་མིག་སོགས་ཡིན༔ རེག་པས་གསུམ་འདུས་ཡོངས་སུ་སྤྱོད་བྱེད་པའི༔ དབྱེ་ན་མིག་སོགས་དྲུག་ཡིན་ཚོར་བ་ནི༔ མྱོང་བས་ཁྱད་པར་སྲིད་བསྒྱུར་རྒྱུ་དྲུག་ལ༔ འདི་ན་གནད་དྲུག་ཡོད་པས་གོ་བ་ལོང་༔ དམ་ཚིག་སྡོམ་པ་བཅོས་པའི་ཐབས་བསྟན་པ༔ སྡོམ་པ་སླར་ཡང་བླང་བར་བྱ༔ ཟག་པ་འབྲིང་ལ་བཤགས་པ་བྱ༔ གཅིག་གི་མདུན་དུ་ལྷག་མ་རྣམས༔ ཉོན་མོངས་མི་སྤོང་བདག་སེམས་ཞིག༔ འདི་རྣམས་ཡན་ལག་ཉམས་པ་སྟེ༔ དཀོན་ཅོག་གསུམ་ལ་གསུམ་མི་མཆོད༔ འདོད་པ་སེམས་ཀྱི་རྗེས་སུ་འཇུག༔ རྒན་པ་རྣམས་ལ་གུས་མི་བྱེད༔ དྲིས་པ་ལ་ནི་ལན་མི་འདེབས༔ མགྲོན་བོས་བདག་གིར་མི་བྱེད་ཅིང་༔ གསེར་ལ་གསོག་འཇོག་མི་བྱེད་དང་༔ ཆོས་འདོད་པ་ལ་སྦྱིན་མི་བྱེད༔ ཚུལ་ཁྲིམས་

4-81a

༄༅༔       ༔མཁན་རྣམས་ཡལ་བར་དོར༔ ཕ་རོལ་དད་ཕྱིར་སློབ་མི་བྱེད༔ སེམས་ཅན་དོན་ལ་སྙིང་སྟོབས་ཆུང་༔ སྙིང་བརྩེར་བྱས་ན་མི་དགེ་མེད༔ འཚོ་བ་ལོག་པ་དང་དུ་ལེན༔ འབྱང་དང་རབ་ཏུ་རྒོད་ལ་སོགས༔ འཁོར་བ་གཅིག་ཏུ་བགྲོད་པར་སེམས༔ གྲགས་པ་མ་ཡིན་མི་སྤོང་བ༔ ཉོན་མོངས་བཅས་ཀྱང་ཆོས་མི་བྱེད༔ གཤེ་ལ་ལན་དུ་གཤེ་ལ་སོགས༔ ཁྲོས་པ་རྣམས་ནི་ཡལ་བར་དོར༔ ཕ་རོལ་བཤད་ཀྱི་ཆགས་པ་སྤོང་༔ ཁྲོས་པའི་སེམས་ཀྱི་རྗེས་སུ་འཇུག༔ བསྙེན་བཀུར་སྡུད་ཕྱིར་འཁོར་རྣམས་སྡུད༔ ལེ་ལོ་ལ་སོགས་སེལ་མི་བྱེད༔ ཆགས་པ་བྲེ་མོའི་གཏམ་མི་སྟེན༔ ཏིང་ངེ་འཛིན་གྱི་དོན་མི་འཚོལ༔ བསམ་གཏན་སྒྲིབ་པ་སྤོང་མི་བྱེད༔ བསམ་གཏན་རོ་ལ་ཡོན་ཏན་སྟེ༔ ཉན་ཐོས་ཐེག་པ་སྤོང་བར་བྱེད༔ རང་ཚུལ་ཡིད་བཞིན་དེ་ལ་སྤྱོད༔ བརྩོན་མི་ཕྱི་རོལ་བསྟན་བཅོས་བརྩོན༔ བརྩོན་རར་བྱས་ཀྱང་དེ་ལ་དགའ༔ ཐེག་པ་ཆེན་པོ་སྤོང་བར་བྱེད༔ བདག་ལ་བསྟོད་ཅིང་

4-81b

གཞན་ལ་སྨོད༔ བཀའ་དང་བསྟན་བཅོས་ཁྱད་པར་བསྟན༔ བཀའ་ལ་དོན་ནི་དགུ་ཡིས་བསྟན༔ ངོ་བོ་ངེས་ཚིག་དབྱེ་བ་དང་༔ སྔ་དང་ཕྱི་དང་བྱེད་ལས་དང་༔ ས་མཚམས་ཡོན་ཏན་འབྱུང་བའི་རྒྱུ༔ ངོ་བོ་རྣམ་དག་དགོས་པ་ཚངས༔ སླད་པར་མི་འགྱུར་ཐུབ་པའི་བཀའ༔ ངེས་ཚིག་ལང་ཀར་གཤེགས་པ་ལས༔ འབྱུང་ཐོས་རྟོགས་པར་དཀའ་བའི་ཕྱིར༔ དེ་ཕྱིར་བཀའ་ཡི་ངེས་ཚིག་ཡིན༔ དབྱེ་ན་གསུམ་སྟེ་ཞལ་གསུངས་དང་༔ བྱིན་གྱིས་བརླབས་དང་རྗེས་སུ་གནང་༔ ཞལ་ནས་གསུངས་པ་སྡེ་སྣོད་གསུམ༔ རྒྱུད་སྡེ་བཞི་ལ་སོགས་པའོ༔ བྱིན་གྱིས་བརླབས་པ་སྐུ་གསུང་ཐུགས༔ ཤེས་རྒྱུད་ཅན་དང་ཤེས་མེད་པ༔ མདོ་སྡེ་པདྨ་དཀར་པོ་ལས༔ བདེ་གཤེགས་སྐལ་ལྡན་རིན་པོ་ཆེ༔ སྟོན་པ་དེ་ཡི་བྱིན་རླབས་ཀྱིས༔ རི་དང་ཤིང་དང་རྡེའུ་དང་༔ པདྨ་དང་ནི་དཔག་བསམ་ཤིང་༔ རྔ་བོ་ཆེ་ལས་སྒྲ་བྱུང་བ༔ དེ་དག་ཐམས་ཅད་བཀའ་ཡིན་ཏེ༔ རྒྱལ་བས་བྱིན་གྱིས་བརླབས་པ་ཡི༔ རྗེས་སུ་

4-82a

༄༅༔       ༔གནང་བའི་བཀའ་ལ་གཉིས༔ ཞལ་བཞུགས་དུས་དང་གཤེགས་པའི་རྗེས༔ ཉེ་བར་འཁོར་དང་ཀུན་དགའ་བོ༔ དེ་ལྟར་དགོངས་པ་ངེས་འགྲེལ་ལས༔ མགོན་པོ་གཅིག་ལ་གཅིག་ལུང་སྟོན༔ དེ་ཡང་བཀའ་ཞེས་བྱ་བར་རིགས༔ བྱེད་ལས་དགོངས་པ་ངེས་འགྲེལ་ལས༔ སེམས་ཅན་ཁམས་རྣམས་འཁོར་བ་ལས༔ ངེས་པར་འབྱིན་ཕྱིར་བཀའ་སྩལ་ཏོ༔ ས་མཚམས་སངས་རྒྱས་བཞུགས་རིང་ལ༔ བྱུང་བ་ཐམས་ཅད་བཀའ་ཡིན་ལ༔ གཤེགས་ནས་བྱུང་རྣམས་བསྟན་བཅོས་ཏེ༔ མདོ་སྡེ་ཉི་མའི་སྙིང་པོ་ལས༔ སྦང་དང་ཡེ་ཤེས་ཕུན་སུམ་ཚོགས༔ དེ་ཡི་མཐུ་དང་དེར་སྣང་དང་༔ ང་ནི་མྱ་ངན་འདས་འོག་ཏུ༔ ང་མིན་ང་འདྲ་དག་གིས་ནི༔ སངས་རྒྱས་བསྟན་པ་འགྲེལ་བྱེད་པ༔ བསྟན་བཅོས་དག་ཏུ་ང་ཡིས་བཤད༔ བཀའ་ལ་སྔ་བ་ཤིས་པར་བརྗོད༔ འཕྱི་བ་མྱ་ངན་འདས་མདོའོ༔ ཡོན་ཏན་ཉོན་མོངས་འཇོམས་ཤིང་དུ༔ ཤེས་པ་འདྲེན་ཅིང་དོན་

4-82b

ལ་སྦྱོར༔ འབྱུང་རྒྱུ་ཕུན་སུམ་ཚོགས་པ་ལྔ༔ བཀའ་ཡི་དོན་རྣམས་བསྟན་པའོ༔ བསྟན་བཅོས་ལ་ཡང་དོན་དགུ་སྟེ༔ དུས་དང་ལོ་རྒྱུས་ངོ་བོ་དང་༔ ངེས་ཚིག་དབྱེ་བ་རྩོམ་པའི་རྒྱུ༔ ལྡང་ཚད་དགོངས་པ་བཤད་ཐབས་སོ༔ བསྟན་བཅོས་བྱུང་བའི་ལོ་རྒྱུས་ནི༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་དེས༔ དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས༔ དེ་ནས་རྩྭ་མཆོག་གྲོང་ཁྱེར་གྱི༔ སཱ་ལའི་ཤིང་གི་དྲུང་དུ་ནི༔ ཚེས་བརྒྱད་ནམ་གུང་སྟོན་པ་འདས༔ པུར་སྒྲོམ་ཞག་བདུན་བགེགས་ཞུགས་ནས༔ མེ་བཅུ་འབར་དུ་མ་བཏུབ་པར༔ ཀཱི་ལ་ཡ་ཡི་རྒྱུན་པ་བཙུགས༔ འོད་སྲུངས་བྱོན་ནས་ཞབས་ནི་བསྟེན༔ དབྱར་ཟླ་ར་བའི་བཅོ་ལྔ་ལ༔ ཐུགས་ནས་ཡེ་ཤེས་མེ་འབར་ནས༔ སྐུ་ནི་མྱ་ངན་འདས་ཚུལ་བསྟན༔ སེམས་ཅན་མོས་རྟེན་སྐུ་གདུང་བཞག༔ སྐུ་གདུང་ཆ་བརྒྱད་བགོས་ནས་ནི༔ ང་ཡི་ཚབ་ནི་ལོ་བརྒྱད་པ༔ ལོན་པའི་ཚད་འདིས་གྱིས་ཤིག་གསུངས༔ སྐུ་ཚེ་བཞེང་

4-83a

༄༅༔       ༔པར་ཁ་མ་འཆམ༔ ལོ་བརྒྱད་སུས་ཀྱང་མ་ཤེས་ནས༔ སེར་སྐྱར་རྒན་མོ་ལ་དྲིས་པས༔ སེར་སྐྱའི་སྒོ་སྐྱེད་དང་མཉམ་ཟེར༔ དེ་ཙམ་པ་ཞིག་བྱས་པའོ༔ ཀླུ་དང་གཏེར་དང་རྒྱ་ནག་དང་༔ སྲོང་བཙན་སྒམ་པོའི་ར་ས་དང་༔ དེ་ཡི་བསྟན་པ་གནས་བྱའི་ཕྱིར༔ དགྲ་བཅོམ་ཆོས་ཀྱི་སྤྱན་ལྡན་ཚོགས༔ བཀའ་ཡི་བསྡུ་བ་གསུམ་དུ་མཛད༔ བསྡུ་བ་དང་པོ་ཕྱི་དེའི་དབྱར༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ ཉེ་བ་འཁོར་གྱིས་འདུལ་བ་བསྡུས༔ ཀུན་དགའ་བོ་ཡིས་མདོ་སྡེ་བསྡུས༔ འོད་སྲུངས་བགྲེས་པོས་མངོན་པ་བསྡུས༔ འདུས་པ་དགྲ་བཅོམ་ལྔ་བརྒྱ་ཡོད༔ སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ༔ བསྡུ་བ་བར་པ་ཡངས་པ་ཅན༔ སུ་མ་པུ་རིའི་གཙུག་ལག་ཁང་༔ དུས་ནི་བརྒྱ་དང་བཅུ་ཙམ་ན༔ བསྡུ་བ་པོ་ནི་ཟླ་གུར་སོགས༔ གསོལ་འདེབས་པ་ནི་གྲགས་པ་སྟེ༔ འདུས་པ་དགྲ་བཅོམ་བདུན་བརྒྱའོ༔ སྦྱིན་བདག་རྒྱལ་པོ་ཨ་ཤོ་

4-83b

ཀ༔ བསྡུ་བ་གསུམ་པ་ཁ་ཆེའི་ཡུལ༔ ཛ་ལེན་དྷཱ་རའི་ཀུན་དགའ་རར༔ བྱང་སེམས་བྷ་སུ་མི་ཏྲ་དང་༔ དགྲ་བཅོམ་པུརྞ་ཀ་ཡིས་བསྡུས༔ གསོལ་འདེབས་པ་དང་སྦྱིན་བདག་ནི༔ གཉིས་ཀ་རྒྱལ་པོ་ཀ་ནི་ཀ༔ འདུས་པ་དགྲ་བཅོམ་ལྔ་བརྒྱ་དང་༔ སོ་སོ་སྐྱེ་བོ་ཁྲི་དྲུག་སྟོང་༔ བསྟན་བཅོས་བྱུང་བའི་དུས་ཚོད་ནི༔ བཀའ་བསྡུ་དང་པོ་བར་པའི་དུས༔ དགྲ་བཅོམ་པ་ནི་ལྔ་བརྒྱ་ཡིས༔ བཀའ་ནི་དང་པོ་གཏན་དབབ་ཕྱིར༔ བྱེ་བྲག་བཤད་མཛོད་ཆེན་མོ་ཞེས༔ བམ་པོ་སུམ་བརྒྱ་པ་ཞིག་མཛད༔ སངས་རྒྱས་གཤེགས་ནས་ལོ་བཞི་བརྒྱར༔ ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི༔ བྲམ་ཟེའི་སྨན་པ་ན་ཏེ་ཀའི༔ ཆུང་མ་རིགས་སྣ་མ་ཞེས་པར༔ སློབ་དཔོན་འཕགས་པ་ཀླུ་སྒྲུབ་འཁྲུངས༔ དགུང་ལོ་བརྒྱད་ནི་ལོན་ཙ་ནི༔ དབང་པོའི་སྡེ་ལ་རབ་ཏུ་བྱུང་༔ ཆོས་མིང་སིདྡྷི་ཕ་ལ་ཞེས༔ བཀའ་ནི་བར་པ་གཏན་དབབ་ཕྱིར༔ དབུ་མ་རིགས་པའི་ཚོགས་དྲུག་མཛད༔ རྩ་ཤེས་རིག་པ་

4-84a

༄༅༔       ༔དྲུག་ཅུ་པ༔ སྟོང་ཉིད་བདུན་ཅུ་ཞིབ་མོ་འཐག༔ རིན་ཅེན་འཕྲེང་བ་རྩོད་ཟློག་མཛད༔ དེ་སྲས་ཨཱརྱ་དེ་བ་དང་༔ ཟླ་གྲགས་ཤཱཀྱ་བཤེས་གཉེན་དང་༔ ཀླུ་ཡི་བྱང་ཆུབ་ལ་སོགས་པས༔ ས་ཐོབ་བདེན་མཐོང་ལུང་བསྟན་ནས༔ བྱང་སེམས་བསྟན་བཅོས་མང་དུ་མཛད༔ སངས་རྒྱས་གཤེགས་ནས་དགུ་བརྒྱ་ན༔ མགོན་པོ་བྱམས་པ་འཇིག་རྟེན་བྱོན༔ བཀའ་ནི་ཐ་མ་གཏན་དབབ་ཕྱིར༔ བྱམས་པའི་ཆོས་ལྔ་མཛད་པ་ནི༔ མདོ་སྡེ་རྒྱན་དང་མངོན་རྟོགས་རྒྱན༔ ཆོས་དང་ཆོས་ཉིད་རྣམ་འབྱེད་དང་༔ དབུས་དང་མཐའ་གཉིས་རྣམ་འབྱེད་དང་༔ ཐེག་པ་ཆེན་པོ་རྒྱུད་བླའོ༔ དེ་རྣམས་བཅུ་འཛིན་ཐོགས་མེད་དེ༔ ས་སྡེ་ལྔ་དང་སྡོམ་གཉིས་མཛད༔ ས་ཡི་དངོས་གཞི་བསྡུ་བ་དང་༔ རྣམ་པར་གཏན་ལ་དབབ་པར་བསྡུ༔ གཞི་བསྡུ་བ་དང་རྣམ་ངེས་བསྡུ༔ རྣམ་པར་བཤད་པ་བསྡུ་བའོ༔ ཐུན་མོང་

4-84b

སྡོམ་ནི་ཀུན་ལས་བཏུས༔ ཐེག་ཆེན་སྡོམ་ནི་ཐེག་བསྡུས་སོ༔ དེ་རྣམས་མངོན་པ་གོང་མར་གྲགས༔ གཅུང་པོ་སློབ་དཔོན་དབྱིག་གཉེན་གྱིས༔ པྲ་ཀཱ་ར་ཎ་སྡེ་བརྒྱད་དང་༔ མངོན་པ་འོག་མ་རྣམས་མཛད་དོ༔ ཁ་ཆེ་དགེ་འདུན་བཟང་པོ་ཡིས༔ བཙུན་མ་གསལ་བའི་ཚུལ་ཁྲིམས་ལ༔ ལུས་བསྐྱེད་ཐོགས་མེད་དབྱིག་གཉེན་གྲགས༔ དབང་ལ་དོན་ནི་བཅུ་གཅིག་སྟེ༔ དགོས་པ་ངོ་བོ་ངེས་ཚིག་དང་༔ དབྱེ་བ་གོ་རིམ་གྲངས་ངེས་དང་༔ བསྐུར་ཚུལ་སྒྲིབ་པ་དག་ཚུལ་དང་༔ སྐལ་བ་ཕན་ཡོན་འབྲས་བུའོ༔ དགོས་པ་དཀྱིལ་འཁོར་བཞི་ལྡན་དགོས༔ ཕྱི་རུ་རྡུལ་ཚོན་དཀྱིལ་འཁོར་དང་༔ ནང་དུ་ཕུང་ཁམས་དཀྱིལ་འཁོར་དང་༔ གསང་བ་བྱང་སེམས་དཀྱིལ་འཁོར་དང་༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་བཞི༔ བདག་འཇུག་བླངས་ནས་སློབ་མ་འཇུག༔ ཆོས་སྐུ་གཟུགས་སྐུའི་དོན་མཛད་པ༔ དཀྱིལ་འཁོར་ཀུན་གྱི་ངོ་བོ་ཡིན༔

4-85a

༄༅༔       ༔གཟུགས་ལྷ་སྒྲ་སྔགས་ཆོས་ཀྱི་དབྱིངས༔ དཀྱིལ་འཁོར་ཀུན་གྱི་ངེས་ཚིག་ཡིན༔ དབྱེ་ན་ཕྱི་ནང་གསང་བས་དབྱེ༔ བུམ་པའི་ངོ་བོ་སྣ་ཚོགས་བཅུད༔ ཆུ་ཤི་བདུན་ལ་བུམ་ཆུ་མིན༔ ཁྱིམ་ཆུ་མཚོ་དང་རྫིང་བུ་འཁྱིལ༔ ཁྲོན་པ་ཀོ་མོག་བང་མོའི་ཆུ༔ ཆུ་མིག་ལ་སོགས་ཆུ་ཤི་བདུན༔ རབ་ནི་གཙང་པོ་ཡོན་ཏན་བརྒྱད༔ འབྲིང་ནི་འབབ་ཆུ་ཐ་འོ་མ༔ ལྷོ་ནུབ་ཟ་བྱེད་སྲིན་པོའི་ཡུལ༔ བདེ་བར་གཤེགས་པས་རུ་རཱུ་དྲ་བཏུལ༔ ཀླུ་རྒྱལ་གཙུག་ན་རིན་ཅེན་གྱིས༔ བདུད་རྩི་འོ་མའི་རྒྱ་མཚོ་ཕུལ༔ འོ་མའི་དགོས་པ་ལྔ་རུ་བཤད༔ དབང་བསྐུར་རྩ་བའི་རྒྱུད་ལས་སུ༔ འོ་མས་ཐབས་ཆེན་སྙིང་རྗེ་བསྐྱེད༔ སེམས་ཅན་ཀུན་གྱི་གསོས་སུ་འགྱུར༔ མདངས་ལྡན་མཚོ་སྨན་རྒྱལ་མོ་ཡིས༔ ཆུ་བོ་ཡོན་ཏན་བརྒྱད་ལྡན་ཕུལ༔ ཆུ་ཡི་དགོས་པ་ལྔ་རུ་བཤད༔ ཆུ་ཡིས་ཤེས་རབ་སྐྱེད་པར་བྱེད༔ སྲིད་པར་རྒྱུག་ཅིང་འགྲོ་བ་འཚོ༔ ས་ཡི་ལྷ་མོ་བརྟན་

4-85b

མ་ཡིས༔ གསེར་དངུལ་ཟངས་ལྕགས་བྱུ་རུ་ཕུལ༔ རཏྣ་ལྔ་ཡི་དགོས་པ་ལྔ༔ གསེར་གྱིས་རིན་ཅེན་བཀོད་པའི་ཞིང་༔ མུ་ཏིག་བྱིང་རྨུགས་སྒྲིབ་པ་འདག༔ འཐབ་བྲལ་ལྷ་རུ་སྐྱེ་བར་འགྱུར༔ དངུལ་གྱིས་སྟུག་པོ་བཀོད་པའི་ཞིང་༔ བག་ཆགས་ཕྱིན་ལོག་སྒྲིབ་པ་འདག༔ དགའ་ལྡན་གནས་སུ་སྐྱེ་བར་འགྱུར༔ ཟངས་ཀྱིས་བདེ་བ་ཅན་གྱི་ཞིང་༔ འཛིན་ཆགས་བཅིངས་པའི་སྒྲིབ་པ་འདག༔ འཕྲུལ་དགའི་གནས་སུ་སྐྱེ་བར་འགྱུར༔ ལྕགས་ཀྱིས་མངོན་པར་དགའ་བའི་ཞིང་༔ རྣམ་སྨིན་གདོན་བགེགས་སྒྲིབ་པ་འདག༔ གཞན་འཕྲུལ་དབང་བྱེད་ལུས་སུ་སྐྱེ༔ བྱུ་རུས་ལས་རབ་བཀོད་པའི་ཞིང་༔ རང་ཕྱོགས་ཅན་གྱི་སྒྲིབ་པ་འདག༔ ཚངས་རིས་ལྷ་གནས་སྐྱེ་བར་འགྱུར༔ ལྷ་ཆེན་བུ་མོས་སྨན་ལྔ་ཕུལ༔ སྨན་སྣ་ལྔ་ཡི་དགོས་བྱེད་ལྔ༔ སླེ་ཏྲེས་ཚོགས་ལམ་བཅུ་གཅིག་ཞིང་༔ ནུས་མཐུ་སྒྲིབ་པ་སེལ་བྱེད་འདག༔ ཚངས་པ་མངོན་སུམ་གནས་

4-86a

༄༅༔       ༔སུ་སྐྱེ༔ རྒྱ་མཚོ་ལྦུ་བས་སྦྱོར་ལམ་ཞིང་༔ དགེ་སྡིག་འཆལ་པའི་སྒྲིབ་པ་འདག༔ ཚངས་པ་ཆེན་པོའི་ཚེ་བསྐལ་དྲུག༔ ཀཎྜ་ཀ་རིས་སྒོམ་ལམ་ཞིང་༔ སྡུག་སེམས་སྒྲིབ་པ་ཡན་ལག་འདག༔ འོད་ཆུང་ཚེ་ཚད་བསྐལ་པ་གཉིས༔ དབང་པོ་ལག་པས་མཐོང་ལམ་ཞིང་༔ སྒྲོ་བཏགས་ཡན་ལག་བདུན་སྒྲིབ་འདག༔ ཚད་མེད་འོད་དུ་སྐྱེ་བར་འགྱུར༔ ཤུ་དག་དཀར་པོས་མཐར་ཕྱིན་ཞིང་༔ འདོད་པ་ཁུངས་བཅུག་སྒྲིབ་པ་འདག༔ འོད་གསལ་བར་གྱི་བསྐལ་བརྒྱད་ཐུབ༔ དྲི་ཟའི་བུ་མོས་དྲི་ལྔ་ཕུལ༔ ཙན་དན་གཅིག་ཅར་གསུམ་གྱི་ཞིང་༔ བཅུད་མེད་བསྟེན་པའི་ཤེས་སྒྲིབ་འདག༔ དགེ་ཆུང་ཚེ་བསྐལ་བཅུ་དྲུག་ཐུབ༔ ག་བུར་སྐུ་ལྔ་རིག་འཛིན་ཞིང་༔ སྣོད་མིན་བསྟན་པའི་ཤེས་སྒྲིབ་འདག༔ ཚད་མེད་དགེ་བའི་གནས་སུ་སྐྱེ༔ གུར་ཀུམ་བདེ་སྟོང་ཆེན་པོའི་ཞིང་༔ རྒྱུད་མི་དག་པའི་ཤེས་སྒྲིབ་འདག༔ དགེ་རྒྱས་ཚེ་

4-86b

བསྐལ་དྲུག་ཅུ་ཐུབ༔ ཛཱ་ཏིས་སྒྲིབ་གཉིས་མེད་པའི་ཞིང་༔ ཚིག་དོན་མ་འདྲེས་ཤེས་སྒྲིབ་འདག༔ སྤྲིན་མེད་འོད་དུ་ལྷ་ལུས་ལེན༔ གླ་རྩིས་རྩོད་པ་མེད་པའི་ཞིང་༔ ཆོས་སེམས་མ་འདྲེས་ཤེས་སྒྲིབ་འདག༔ བསོད་ནམས་སྐྱེ་ཞིང་ལྷ་ལུས་ལེན༔ འཇིག་རྟེན་དབང་ཕྱུག་འབྲུ་ལྔ་ཕུལ༔ ནས་ཀྱིས་ཡོན་ཏན་བདུན་ལྡན་ཞིང་༔ རང་མེད་གཞན་དོན་ཤེས་སྒྲིབ་འདག༔ འབྲས་བུ་ཚེ་བའི་ཚེ་བསྐལ་ལྷ༔ གྲོ་ཡིས་འབྱོར་པ་དྲུག་ལྡན་ཞིང་༔ ཅི་ཤར་གདུང་མེད་ཤེས་སྒྲིབ་འདག༔ མི་ཆེ་བ་ཡི་་་་་་་་་ལྷ་ཡི་གནས༔ འབྲས་ཀྱིས་འཕགས་པའི་ནོར་བདུན་ཞིང་༔ ཡ་བྲལ་ཁ་ཆོས་ཤེས་སྒྲིབ་འདག༔ མི་གདུང་བསྐལ་པ་ཉིས་སྟོང་ཐུབ༔ ཏིལ་གྱིས་ཡོ་བྱད་རྣམ་གཉིས་ལྡན༔ འཆི་འཕོ་ཤེས་པའི་ཤེས་སྒྲིབ་འདག༔ གྱ་ནོམ་སྣང་བའི་བསྐལ་བཞི་ཐུབ༔ སྲན་མས་མ་ཉམས་བཤད་པའི་ཞིང་༔ སྙོམས་འཇུག་སྒྲིབ་པའི་ཤེས་སྒྲིབ་འདག༔ ཤིན་ཏུ་མཐོང་བའི་

4-87a

༄༅༔       ༔བསྐལ་བརྒྱ་ཐུབ༔ གནོད་སྦྱིན་དུ་མོས་སྙིང་པོ་ལྔ༔ ལན་ཚྭས་སྐྱེ་ཤི་མེད་པའི་ཞིང་༔ སྤྲུལ་པའི་སྒྲིབ་པ་ཆོས་སྒྲིབ་འདག༔ འོག་མིན་བསྐལ་པ་ཁྲི་དྲུག་སྟོང་༔ མར་གྱིས་རྒྱུ་རྐྱེན་བྲལ་བའི་ཞིང་༔ བདེན་པ་གཉིས་ཀྱི་སྒྲིབ་པ་འདག༔ ནམ་མཁའ་མཐའ་ཡས་ཉི་ཁྲི་ཐུབ༔ སྦྲང་རྩིས་ཡིད་བཞིན་ནོར་བུའི་ཞིང་༔ རྗེ་ཁོལ་འདོད་པའི་ཤེས་སྒྲིབ་འདག༔ རྣམ་ཤེས་མཐའ་ཡས་བཞི་ཁྲིའི་ལུས༔ ཀ་ར་བུ་རམ་མཐའ་རྒྱས་ཤིང་༔ ཅིར་ཡང་མ་ངེས་སྒྲིབ་པ་འདག༔ ཅི་ཡང་མེད་དེ་དྲུག་ཁྲིའི་ལྷ༔ གཡུ་ཡིས་རྒྱལ་སྲིད་བདུན་ཞིང་སྤྱོད༔ ཤེས་བྱའི་སྒྲིབ་པ་འདོད་ཞེན་འདག༔ ཡོད་མིན་མེད་མིན་དྲུག་ཁྲིའི་ལུས༔ བུམ་རྫས་ཉི་ཤུ་རྩ་ལྔ་ཡིས༔ སྲིད་པ་ཉི་ཤུ་རྩ་ལྔ་སྤོར༔ ཉན་རང་ཚུལ་ཁྲིམས་བདུན་བརྒྱ་སྤོར༔ དེ་བས་བུམ་རྫས་ཁྱད་དུ་འཕགས༔ ལུས་ཀྱི་སྒྲིབ་པ་མ་དག་པར༔ ཕྱི་ལྟར་བུམ་དབང་ཐོབ་མི་འགྱུར༔ བུམ་

4-87b

དབང་ཆས་བཅུ་མ་འཛོམ་པར༔ ཡེ་ཤེས་སེམས་དཔའ་ཕེབས་མི་འགྱུར༔ རྒྱུ་ནི་རྣམ་པར་མི་རྟོག་པས༔ སྔགས་སྒོ་ཅུང་ཟད་ཙམ་མི་མཐོང་༔ གྲུབ་པར་བྱེད་པས་ཚོགས་ཀྱི་ཆས༔ བཀོལ་ཉན་དུས་བཏུབ་འཁོར་གྱི་ཆས༔ བར་ཆད་བསྲུང་བ་མཚམས་ཀྱི་ཆས༔ ལེགས་ཉེས་བརྟག་པ་སྟ་གོན་ཆས༔ དམིགས་རྟེན་བཅའ་བ་དཀྱིལ་འཁོར་ཆས༔ ཞུ་གསོལ་ལྡན་པ་ལས་ཀྱི་ཆས༔ ཡོན་ཏན་འཛོམ་པ་ཡུམ་གྱི་ཆས༔ ཕྱག་རྒྱ་སྒྱུར་བ་གར་གྱི་ཆས༔ སྟངས་སྟབས་འགྱིང་བག་གིང་གི་ཆས༔ བྱེ་བྲག་ཕྱེད་པ་རོལ་མོའི་ཆས༔ ཐོས་ཆུང་རྨོངས་པས་གནད་མི་ཤེས༔ གསང་སྔགས་མཁན་པོ་ལག་ལེན་རྟགས༔ བུམ་པ་བྷྲུཾ་ལས་གཞལ་ཡས་ཁང་༔ ལྷ་བསྐྱེད་བུམ་པ་བྱིན་གྱིས་བརླབས༔ ཆུ་ནི་ཡབ་ཡུམ་སྙོམས་འཇུག་ཆུ༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་ཆོས་དབྱིངས་མ་འགགས་པ༔ ངེས་ཚིག་ལུགས་བཞིན་འཁྲུད་པའི་

4-88a

༄༅༔       ༔ཆུ༔ དབྱེ་བ་དབང་བསྐུར་རྩ་རྒྱུད་ལས༔ སྟེན་བྱེད་བུམ་པ་མཚོན་བྱེད་བུམ་པ་དང་༔ རང་བཞིན་བུམ་པ་རྣམ་རྒྱལ་བུམ་པ་དང་༔ ལས་ཀྱི་བུམ་པ་དང་ནི་ལྔ་རུ་བཤད༔ བུམ་པའི་མཚན་ཉིད་འདོད་བཞེད་མི་འདྲ་མང་༔ ཀུན་རྫོབ་དོན་དམ་རྒྱུ་རྐྱེན་འཛོམས་པའོ༔ དབང་གི་ངོ་བོ་ཐབས་ཤེས་ཁོ་ན་ཡིན༔ ངེས་ཚིག་དེ་ལས་གཞལ་ཡས་ཁང་༔ ནང་དུ་ལྷ་ཚོགས་བསྐྱེད་པའོ༔ མ་སྨིན་སྨིན་པར་བྱེད་པ་དང་༔ སྨིན་པ་གྲོལ་བར་བྱེད་པ་དང་༔ གསང་སྔགས་སྒོ་ནི་དབང་ལ་ཐུག༔ གསང་སྔགས་ངོ་བོ་བློ་ཞིབ་པ༔ ཐབས་ཤེས་སྒོ་ཡངས་ཚེགས་ཆུང་བ༔ དོན་ཆེ་ཐག་ཉེ་བརྟག་པར་དཀའ༔ ཁེ་ཉེན་ཆེ་དང་བསྲུང་བར་དཀའ༔ དངོས་པོ་བརྒྱད་དུ་ངེས་དབྱེ་ཕྱིར༔ དབང་གི་སྣོད་དང་ལྡན་པར་བྱེད༔ རྣམ་རྟོག་གཟུང་འཛིན་དག་པ་དང་༔ རང་རིག་ཡེ་ཤེས་བླུག་པའི་ཕྱིར༔ དབང་རྣམས་སྒྱུ་མ་ཙམ་དུ་ཡོད༔ ལུས་ངག་ཡིད་ལས་

4-88b

བྱུང་བ་ཡི༔ དྲི་མ་དག་ཕྱིར་དབང་དུ་བརྗོད༔ སྦྱོར་སྒྲོལ་གྲུབ་ཆེན་བརྒྱད་དབང་ཐོབ༔ དབྱེ་བ་རྒྱས་བསྡུས་གཉིས་སུ་དབྱེ༔ རྒྱས་པར་དབང་གི་ཆུ་བོ་བཞི༔ བླ་མ་ཉིད་ཀྱིས་མ་ཐོབ་ན༔ ལོང་བས་ལོང་བའི་ལམ་སྣ་འདྲེན༔ དཔོན་སློབ་གཉིས་ཀ་ངན་སོང་འགྲོ༔ དཔེར་ན་སེང་གེ་སྤྲེའུ་བཞིན༔ མི་མཇེད་འཇིག་རྟེན་འདི་ན་ནི༔ དགེ་དང་སྡིག་པ་གཉིས་ཀ་བྱེད༔ སངས་རྒྱས་སེམས་ཅན་གཉིས་ཀ་བཞུགས༔ བླ་མ་སངས་རྒྱས་ཀུན་དང་གཉམ༔ ཡོངས་འཛིན་དགེ་བའི་བཤེས་གཉེན་དབང་༔ ཆོས་ཀྱི་བཀའ་གཏད་གླེགས་བམ་དབང་༔ རིག་པའི་རྩལ་དབང་ཡི་དམ་དབང་༔ ཡོངས་རྫོགས་ཕྱག་རྒྱ་ཆེན་པོའི་དབང་༔ འདི་ན་རྒྱ་བོད་གནས་ཡོད་དོ༔ ལྟ་བ་སྤྱི་འབྱམས་དབང་ཐོབ་ན༔ སྤྲོས་བཅས་མང་པོ་འདིར་མ་དགོས༔ སྒོམ་པ་སྤྱི་འབྱམས་དབང་ཐོབ་ན༔ གནས་ལུགས་དོན་ལ་ཅི་ཡང་མེད༔ སྤྱོད་པ་སྤྱི་འབྱམས་དབང་ཐོབ་ན༔

4-89a

༄༅༔       ༔སངས་རྒྱས་བྱ་བ་དེ་རང་ཡིན༔ འབྲས་བུ་སྤྱི་འབྱམས་དབང་ཐོབ་ན༔ འགྲན་ཟླ་མེད་ཅིང་ཁྱད་དུ་འཕགས༔ ཐོས་བསམ་སྒོམ་གསུམ་ཐེ་ཚོམ་བཅད༔ དབང་ཁྲིད་རབ་གནས་དཀྱིལ་འཁོར་བྲི༔ རྟོགས་པའི་ལྟ་བ་འཆད་རྩོད་ལྡན༔ རྡོ་རྗེ་སློབ་དཔོན་གདེངས་ཚད་ཡིན༔ རྡོ་རྗེ་སློབ་དཔོན་ཆས་ལ་ནི༔ ས་རྒྱན་དང་ནི་གནམ་རྒྱན་དང་༔ རྡོ་རྗེ་དང་ནི་དྲིལ་བུ་དང་༔ དག་བྱེད་དང་ནི་གསལ་བྱེད་དོ༔ བསྡུས་པས་དབང་ནི་བཞི་རུ་འདུས༔ བཞི་ལྡན་རྩ་བ་བུམ་པའི་དབང་༔ བུམ་པའི་དབང་བསྐུར་དང་པོ་སྟེ༔ གཉིས་པ་གསང་བའི་དབང་བསྐུར་རོ༔ གསུམ་པ་ཤེས་རབ་ཡེ་ཤེས་ཏེ༔ བཞི་པ་དེ་ཉིད་ཚིག་དབང་ངོ་༔ གསང་བའི་བརྡ་དབང་བནྡྷའོ༔ དབང་ཕྱུག་ཉེར་བརྒྱད་བྷན་དྷ་ཕུལ༔ དེ་དག་ཤ་ཟ་མཁའ་འགྲོ་མ༔ བུམ་རྫས་བདུད་རྩི་ཨ་མྲྀ་ཏ༔ མི་གཙང་སུམ་ཅུ་རྩ་དྲུག་རོལ༔ གྲངས་ངེས་པ་ནི་རྣམ་པ་བཞི༔ སྤང་བྱ་འདོད་ཆགས་བཞི་སྤངས་ནས༔ བསྒྲུབ་བྱ་ཕྱག་

4-89b

རྒྱ་བཞི་བསྟེན་དང་༔ འབྲས་བུ་སྐུ་བཞི་ཐོབ་པས་བཞི༔ དབང་བཞི་ཇི་ལྟར་བསྐུར་ཚུལ་ནི༔ དཀྱིལ་འཁོར་ཤར་དུ་བུམ་དབང་བདུན༔ ཏིང་འཛིན་སྔགས་མཆོག་ཅི་རིས་ཡིན༔ དཀྱིལ་འཁོར་ལྷོ་རུ་གསང་དབང་བཞི༔ དངོས་དང་དངོས་མིན་གང་མོས་ཡིན༔ དཀྱིལ་འཁོར་ནུབ་ཏུ་ཤེར་དབང་གསུམ༔ ཏིང་འཛིན་བརྡ་དང་རྫས་དབང་འཛོམ༔ དཀྱིལ་འཁོར་བྱང་དུ་ཚིག་དབང་གཉིས༔ བརྡ་དབང་ཁྱད་པར་ཆོ་གའོ༔ སྒྲིབ་པ་འདག་ཚུལ་བསྟན་པ་ནི༔ བུམ་པ་ཆུ་ཡི་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་བཅུ་ནི་འདག༔ ཐུན་མོང་རིག་པའི་དབང་ལྔ་ནས༔ ཕྱི་བུམ་ཕན་པའི་དབང་བཅུ་བསྐུར༔ བཀྲ་ཤིས་རྫས་བརྒྱད་མངའ་གསོལ་ལོ༔ གསང་བ་རྫས་ཀྱི་དབང་བསྐུར་བས༔ ངག་གི་སྒྲིབ་པ་བཅུ་དྲུག་འདག༔ དགེ་ཚུལ་ཉིད་དུ་བཅུ་གསུམ་པ༔ འཁོར་ལོ་ཚོགས་ཆེན་ཡོན་ཏན་འཐོབ༔ ཤེས་རབ་ཕྱག་རྒྱའི་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་བཅུ་པོ་འདག༔

4-90a

༄༅༔       ༔འདོད་ཆགས་དག་པ་དགེ་སློང་མཆོག༔ དངོས་སྤྱོད་ས་ནི་བཅུ་པ་ནོན༔ བཅུ་བཞི་བདེ་བ་ཆེན་པོ་ཐོབ༔ བཞི་པ་ཚིག་གི་དབང་བསྐུར་བས༔ ཆོས་སྒྲིབ་ཡུལ་སྒྲིབ་བག་ལ་ཉལ༔ ཤེས་སྒྲིབ་ཆགས་ཉམས་འདག་པའོ༔ བཅུ་གཅིག་ཀུན་འོད་ས་ནོན་འགྱུར༔ དགའ་བ་བཞི་ཡི་དབང་ཐོབ་པས༔ དལ་འབྱོར་ལམ་ལྔ་ས་བཅུ་དྲུག༔ སྐལ་བ་གང་ལ་བཞག་པ་ནི༔ བུམ་དབང་ལྷ་སྒོམ་སྐལ་བ་བཞག༔ གསང་དབང་གཏུམ་མོ་སྒོམ་ལ་དབང་༔ ཤེས་རབ་བདེ་ཆེན་སྤྲོས་བྲལ་སྒོམ༔ བཞི་པ་ཟུང་འཇུག་བློ་འདས་སྒོམ༔ རྫོགས་ཆེན་སྒོམ་མེད་ལྟ་བའོ༔ ཕན་ཡོན་དབང་ཐོབ་རྟགས་བཅོ་བརྒྱད༔ ཕུང་ཁམས་སྐྱེ་མཆེད་ལྷ་རུ་སྨིན༔ འབྱུང་འཇུག་གནས་གསུམ་སྔགས་སུ་སྨིན༔ ཐིག་ལེ་བདེ་ཆེན་ཡེ་ཤེས་སུ༔ སེམས་ཉིད་སངས་རྒྱས་ཆོས་སྐུར་སྨིན༔ ཡེ་ནས་ཡིན་པས་མངོན་དུ་བྱས༔ འབྲས་བུ་སྐུ་བཞི་ཐོབ་པས་ཏེ༔

4-90b

བུམ་དབང་ནུས་པས་སྤྲུལ་སྐུ་འཐོབ༔ གསང་དབང་ནུས་པས་ལོངས་སྐུ་འཐོབ༔ ཤེས་རབ་ནུས་པས་ཆོས་སྐུ་འཐོབ༔ བཞི་པས་ངོ་བོ་ཉིད་སྐུ་འཐོབ༔ རྒྱུད་འགྱུར་ཉོན་མོངས་ཇེ་ཆུང་འགྲོ༔ སྙིང་རྗེ་ཕན་སེམས་དག་སྣང་ཆེ༔ བཙན་པས་འཇིགས་བརྒྱད་ཉེ་མི་ནུས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ༔ གྲགས་པས་རྒྱལ་ཁམས་ཡོངས་སུ་ཁྱབ༔ མི་ཡི་བུ་རྣམས་མངོན་པར་བསྟོད༔ ནུས་པས་རྡོ་རྗེའི་བྲག་ཀྱང་འཇིག༔ འཇིག་རྟེན་བགེགས་ལ་སྨོས་ཅི་དགོས༔ གནོད་པ་གང་གིས་མི་ཚུགས་པ༔ འབྱུང་པོའི་ཚོགས་རྣམས་རྒྱང་དུ་འབྲོས༔ མ་དང་མཁའ་འབྲོ་སྤྲིན་ལྟར་འདུ༔ འགྲོ་དོན་མ་བྱས་རང་ཤུགས་འབྱུང་༔ མཐུན་རྐྱེན་སྣང་སྲིད་ལྷ་འདྲེས་སྦྱོར༔ འཚོ་བའི་སྡུག་བསྔལ་བྱར་མི་དགོས༔ དེ་ལ་སོགས་པ་མང་ཡོད་ཀྱི༔ དཀྱིལ་འཁོར་མེད་ན་སྐྱོན་བཞི་ཡོད༔ ཕྱི་ཡི་དཀྱིལ་འཁོར་མེད་པའི་སྐྱོན༔ གསང་སྔགས་ཐེག་པའི་དོན་ལ་སྒྲིབ༔ ནང་གི་

4-91a

༄༅༔       ༔དཀྱིལ་འཁོར་མེད་པའི་སྐྱོན༔ རྐྱེན་གྱིས་ལོག་པར་སྣང་བ་ཡིན༔ གསང་བའི་དཀྱིལ་འཁོར་མེད་པའི་སྐྱོན༔ རང་ངོ་མ་ཤེས་སྒྲིབ་དང་བགེགས༔ སྟོང་གཟུགས་དཀྱིལ་འཁོར་མེད་པའི་སྐྱོན༔ ལམ་ལ་ཕྱོགས་འཛིན་འཕྲེང་དུ་ཚུད༔ མཐོང་བའི་ཕན་ཡོན་བཞི་བཅུ་སྟེ༔ གང་ཞིག་རྡུལ་ཚོན་མཐོང་བས་ཀྱང་༔ སྐྱེ་ཞིང་སྐྱེ་བར་མཐོ་རིས་འཐོབ༔ མ་རིག་སྒྲིབ་བའི་ཚོགས་རྣམས་འདག༔ རྒྱུ་དང་འབྲས་བུའི་ཚོགས་ནི་རྫོཊ༔ བུམ་དབང་བསོད་ནམས་ཚོགས་ནི་རྫོགས༔ ཇི་སྲིད་དུད་འགྲོའི་ལུས་སྐྱེས་ཀྱང་༔ དབང་ཆེ་རྩྭ་ཆུ་འཛོམ་པར་སྐྱེ༔ མིར་སྐྱེས་ཁ་དྲག་དབང་ཆེའོ༔ བདེ་བར་གཉིད་སད་བདེ་བར་ཉལ༔ ནད་མེད་གཟུགས་བཟང་ལོངས་སྤྱོད་ཆེ༔ གཟི་བརྗིད་ཆེ་ཞིང་ཆེ་ཡང་རིང་༔ རིགས་མཐོ་ཤེས་རབ་གསུམ་དང་ལྡན༔ བྱི་རུ་མི་ནོར་ཟས་གསུམ་འཕེལ༔ ནང་དུ་བུ་ཚ་རིགས་བརྒྱུད་འཕེལ༔ གསང་བ་ཁམས་གསུམ་དབང་དུ་འདུ༔ བླ་ཚེ་ཟད་ཀྱང་བསྲིང་བར་

4-91b

ནུས༔ གདོན་བགེགས་ཨི་དྭགས་གནོད་པ་བསྲུང་༔ དཀྱིལ་འཁོར་དཔག་བསམ་སྡོང་པོ་ཡིན༔ མགོ་བསྟན་གཉིད་ལོག་ཅི་བསམ་འགྲུབ༔ དབང་བྱེད་གསང་སྔགས་དམ་པ་སྟེ༔ ས་སྟེང་སྡིག་སྒྲིབ་མ་ལུས་འཕྱག༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན༔ ཐོ་རངས་སྐར་མ་བཞིན་དུ་སྲབ༔ མཐུན་པའི་ཡོན་ཏན་ཐམས་ཅད་ཀུན༔ སྲོད་ཀྱི་སྐར་མ་བཞིན་དུ་འདུ༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཀུན༔ ཟླ་བ་མར་གྱི་ངོ་བཞིན་འགྲིབ༔ ལེགས་པའི་ཡོན་ཏན་ཐམས་ཅད་ཀུན༔ ཟླ་བ་ཡར་གྱི་ངོ་བཞིན་འཕེལ༔ ཚེ་དང་བསོད་ནམས་རབ་ཏུ་འཕེལ༔ འཁོར་དང་ཡོ་བྱད་རབ་ཏུ་འཐོང༔ བཀྲག་དང་གཟི་མདངས་ཀུན་ཀྱང་ཆེ༔ དཔལ་དང་སྙན་གྲགས་ས་སྟེང་ཁེབས༔ ཚེ་དང་དབང་ཐང་སྟོབས་རབ་འབྱུང་༔ རྐྱེན་དང་བྱུར་དང་བགེགས་མི་ཚུགས༔ དཀྱིལ་འཁོར་ཡིད་བཞིན་ནོར་བུ་ཡིན༔ ལུས་སྐོར་ངག་བཟླས་དགོས་འདོད་འབྱུང་༔ དཔེར་ན་མཚོན་ཆའི་རིགས་བྱེད་ལ༔ རྫས་བྱུགས་ངར་ནི་བཏགས་

4-92a

༄༅༔       ༔པ་འདྲ༔ ཤེས་ཤིང་ཉམས་ལེན་བསྟན་པ་ལ༔ ཐོབ་པ་ཞེས་སུ་བཤད་པ་ཡིན༔ ཞི་བའི་ལྷ་ལ་ཚུལ་དགུ་ནི༔ མཉེན་མཉེན་འདྲ་དང་ལྕུག་ལྕུག་འདྲ༔ འཁྲིལ་འཁྲིལ་འདྲ་རྣམས་ལྡེམ་ཆགས་པ༔ གསལ་ལ་འཚེར་བ་ལྷུན་སྟུག་པ༔ གཟི་བརྗིད་འཕྲོ་བ་འོད་ཟེར་འབར༔ འདོད་ཆགས་ཅན་གྱི་འཇུག་སྒོའོ༔ ཁྲོ་ཚུལ་དྲུག་ཅུ་རྩ་བརྒྱད་དེ༔ ཁྲོ་ཁྲོ་འདྲ་ལ་རྔམ་རྔམ་འདྲ༔ གཤེ་གཤེ་འདྲ་ལ་གཏུམ་གཏུམ་འདྲ༔ མེ་རི་དང་ནི་མེ་དཔུང་འབར༔ བསྐལ་པའི་དུས་མེ་ལྟ་བུའོ༔ འོད་དང་ཟེར་ནི་ཉི་མ་འབུམ༔ དུས་གཅིག་ལ་ནི་ཤར་བ་ཙམ༔ ཁྲོ་བོ་ཞེ་སྡང་རྡོ་རྗེ་དགོད༔ གཉེར་མ་གློག་སྟོང་དུས་གཅིག་འཁྱུག༔ རྔམ་པའི་ང་རོ་འབྲུག་སྟོང་ལྡིར༔ ཏུག་ཆོམ་དང་ནི་འུར་ཆོམ་སྒྲ༔ རི་རབ་འབུམ་ནི་སྙིལ་བ་ཙམ༔ ཁ་སྣ་སྦུགས་པའི་བརྡས་པོས་ན༔ དུས་མཐའི་རླུང་ཆེན་འཐོར་བ་ཙམ༔ དེ་ལྟ་བུ་ནི་ཁྲོ་བོའི་ཚུལ༔ ཞེ་སྡང་ཅན་གྱི་འཇུག་སྒོའོ༔ རང་གི་རྒྱན་བདུན་འདི་ཡིན་ཏེ༔

4-92b

དབུ་རྒྱན་སྙན་ཆ་མགུལ་རྒྱན་དང་༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ ཕྱག་དང་ཞབས་ཀྱི་གདུ་བུའོ༔ ཆས་ནི་རྣམ་པ་ལྔ་ཡིན་ཏེ༔ སྟོད་གཡོགས་དང་ནི་སྨད་དཀྲིས་དང་༔ ཟེ་ཁབ་དང་ནི་ཆོས་གོས་དང་༔ གཙང་གོས་ན་བཟའ་ལྔ་རུ་བཤད༔ ཁྲོ་བོ་རྣམས་ལ་དཔལ་ཆས་བརྒྱད༔ ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོག་པའི་ཆས༔ གནོད་རྡུལ་རློག་བྱེད་རྒྱ་གྲམ་ལྗགས་ཀྱི་ཆས༔ ཏིང་འཛིན་རབ་བརྗིད་དཔའ་བོ་སྟག་གི་ཆས༔ དབང་གི་བསེ་ཁྲབ་གཟི་འབར་བགྲད་པའི་ཆས༔ དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་འཁྱིལ་པའི་ཆས༔ གཟི་མདངས་ཆེ་བ་ཆུ་སྲིན་སྤྲུལ་པའི་ཆས༔ རྡོ་རྗེ་རྩེ་ལྔ་རིག་པ་རླག་པའི་ཆས༔ བསྐལ་པའི་མེས་བསྲེག་རྡོ་རྗེ་མེ་རིའི་ཆས༔ འཁོར་ལོ་ཁྲོ་བོའི་དུར་ཁྲོད་ཆས་བརྒྱད་དེ༔ གླང་ཆེན་ཀོ་བ་ཞིང་ལྤགས་སྟག་གི་ཤམ༔ རཀྟའི་ཐིག་ལེ་ཞག་རིས་ཐལ་ཆེན་ཚོམ༔ ཐོད་པའི་འཕྲེང་བ་སྦྲུལ་གྱི་ཆུན་པོས་བརྒྱན༔ རྒྱས་ཐེབས་ལས་ཆོག་བྱེད་པ་ཡང་༔ སུ་བྱུང་

4-93a

༄༅༔       ༔ཡན་པས་བྱེད་མིན་ཏེ༔ མི་དགེ་བཅུ་སྤང་དགེ་བཅུ་བླང་༔ ཕ་རོལ་ཕྱིན་བཅུའི་ལམ་ལ་འགྲོ༔ ཆོས་སྤྱོད་བཅུ་ལ་སྐྱོ་ངལ་མེད༔ དག་པ་གསུམ་དང་མངོན་བྱང་ལྔ༔ ཆོ་འཕྲུལ་བཞི་དང་ཏིང་འཛིན་གསུམ༔ འདི་ནི་ལས་ཆོག་རྒྱས་ཐེབས་ཡིན༔ སེར་སྣས་བཅིངས་པའི་ཡི་དྭགས་མི༔ དཀྱིལ་འཁོར་མི་ཚུད་སྒོ་བས་བསྲུང་༔ རྒྱུད་ཀུན་བལ་སྲིན་དར་རས་མིག༔ དཀར་རམ་ཁྲ་བོ་གདོང་གཡོགས་འདུག༔ ལས་ཀྱི་སློབ་དཔོན་རྟགས་འཆང་ལྔ༔ དུངས་པའི་སྐད་དང་གུས་པའི་ཕྱག༔ དབུ་ལ་དབུ་རྒྱན་མཎྜལ་འཛིན༔ འབྲུ་སྨན་ཤིང་ཏོག་རིན་ཅེན་རིགས༔ འདོད་ཡོན་ལྔས་མཆོད་ལ་ཡོན་དབུལ༔ རྒྱས་ཐེབས་དཀྱིལ་འཁོར་སྒོ་བཞིར་ཁྲིད༔ ཤར་གྱི་སྒོ་ལ་འཇུག་པར་བྱ༔ མིག་དབྱེ་ཡོན་དབུལ་གསང་མཚན་གདགས༔ ལྷ་ངོ་སྤྲོད་པ་རྒྱས་ཐེབས་ཡིན༔ བསྐུར་ཐབས་བཅོ་བརྒྱད་བསྐུར་ཚུལ་བཞི༔ བྱ་ལས་ཀྲི་ཡའི་ལུང་ལ་བརྟེན༔ ལུས་ངག་བྱ་བ་

4-93b

གཙོ་བོར་སྟོན༔ གྲལ་ལ་འགྲིམ་ནས་བསྐུར་བ་དང་༔ ཡེ་ཤེས་ལྷ་རྒྱུད་ཨུ་པར་བརྟེན༔ བསྐྱེད་པའི་རིམ་པ་གཙོ་བོར་སྟོན༔ རྡོ་རྗེ་སློབ་དཔོན་ཁྲི་དཀྱིལ་བསྐོར༔ མངོན་བྱུང་ཡོ་གའི་ལུང་ལ་བརྟེན༔ གསང་སྔགས་སྤྱོད་པ་གཙོ་བོར་སྟོན༔ དལ་ཕྱོགས་དབང་རྟེན་བཅས་ནས་བསྐུར༔ བྱ་བྱེད་ཨ་ཏིའི་ལུང་ལ་བརྟེན༔ འབད་རྩོལ་བྲལ་བ་གཙོ་བོར་སྟོན༔ དཀྱིལ་འཁོར་དབུས་སུ་མན་ཛི་བཙུགས༔ བླ་མ་རྒྱན་ལྡན་དེར་འདུག་བསྐུར༔ དབང་གི་བསྐུར་ཐབས་བཅོ་བརྒྱད་ནི༔ ཅིག་ཅར་ཡས་ཀྱིས་བསྐུར་བ་དགུ༔ རིམ་གྱིས་མས་ཀྱི་བསྐུར་བ་དགུ༔ འདི་ན་་་་་ལག་ལེན་གནད་ཡོད་དོ༔ རྒྱུད་སྡེ་ཕྱི་ནང་ཁྱད་པར་ནི༔ དཀྱིལ་འཁོར་དབང་དང་དམ་ཚིག་དང་༔ ལྟ་བ་སྒོམ་པ་སྤྱོད་པ་དང་༔ འཕྲིན་ལས་དུས་དང་འབྲས་བུ་དགུ༔ དཀྱིལ་འཁོར་ཁྱད་པར་བསྟན་པ་ནི༔ བྱ་བའི་རྒྱུད་ལ་ཕོ་བྲང་པདྨ་བྲི༔ སྤྱོད་པའི་རྒྱུད་ལ་འབར་བ་རྩིབས་སུ་ནི༔ རྣལ་འབྱོར་རྒྱུད་ལ་ཕོ་བྲང་ལིང་ཙེར་

4-94a

༄༅༔       ༔བྱ༔ ཆོས་འབྱུང་ཟླ་གམ་རྣལ་འབྱོར་ཆེན་པོའི་རྒྱུད༔ གྲུ་ཆད་མན་ཆད་དབྱེར་མེད་མཛེས་པ་ལ༔ འཇིག་རྟེན་ཁོར་ཡུག་བརྒྱན་པ་ཕྱི་ཡི་རྒྱུད༔ དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་ནང་བརྒྱུད་དོ༔ དབང་གི་ཁྱད་པར་བསྟན་པ་ནི༔ བུམ་དབང་ཙམ་ལས་མི་བསྐུར་ཕྱི་རྒྱུད་ཡིན༔ དབང་བཞི་རྫོགས་པར་བསྐུར་ན་ནང་རྒྱུད་ཡིན༔ ཐབས་ཤེས་ཡ་བྲལ་ཕྱི་པ་ཡིན༔ མ་བྲལ་བ་ནི་ནང་པ་ཡིན༔ བྱང་ཆུབ་རྣམ་དྲུག་ཀྲི་ཡའི་ལྷ་དགུ་བསྒོམ༔ མཆོད་པ་ལྔ་དང་རྒྱལ་སྲིད་བདུན༔ ཕྱིར་བསྟན་རུང་བ་ཕྱི་པ་ཡིན༔ སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་གཉིས༔ ཕྱིར་བསྟན་མི་རུང་ནང་པ་ཡིན༔ རྒྱུད་གསུམ་གྱི་ནི་རིམ་པ་ཡིས༔ དབང་དྲུག་དབྱེ་བ་བསྟན་པའོ༔ ཆུ་དབང་བསྐུར་དང་དབུ་རྒྱན་དག༔ བྱ་བའི་རྒྱུད་ལ་རབ་ཏུ་གྲགས༔ རྡོ་རྗེ་དྲིལ་བུ་དེ་བཞིན་མིང་༔ སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ༔ ཕྱིར་མི་ལྡོག་པ་མིང་གི་དབང་༔ རྣལ་འབྱོར་རྒྱུད་དུ་གསལ་བར་བྱས༔ དེ་ནི་དྲུག་གི་བྱེ་བྲག་དབང་༔

4-94b

འདི་ནི་སློབ་དཔོན་དབང་ཞེས་བྱ༔ རྣལ་འབྱོར་བླ་མ་ཡི་ནི་མཚན༔ གསང་བ་ཡི་ནི་དབང་རྒྱས་བཤད༔ ཤེས་རབ་ཡེ་ཤེས་འདི་ལ་ཡང་༔ དབྱེ་བ་ནང་ན་ཤེས་པར་གྱིས༔ དམ་ཚིག་ཁྱད་པར་བསྟན་པ་ནི༔ འཕྲིན་ལས་ལུང་བརྒྱད་གར་གིང་མེད༔ ཤ་ཆང་མི་མཆོད་ཕྱི་པའོ༔ མི་ཐོབ་པས་ན་ཆོས་སྒྲིབ་སོགས༔ བསྟན་པ་དར་ནུབ་བསྟན་པ་ནི༔ བསྟན་པ་ལ་ནི་གསུམ་ཡིན་ཏེ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བསྟན༔ ཆོས་སྐུའི་བསྟན་པ་སྟོངས་བྱ་མེད༔ བསྐྱེད་རྫོགས་གསུམ་གྱི་ཐེག་པས་ཏེ༔ ཇི་སྲིད་ནམ་མཁའ་གནས་ཀྱི་བར༔ ཆོས་ཀྱི་སྐུ་ཡི་བསྟན་པ་གནས༔ ལོངས་སྤྱོད་རྫོགས་སྐུའི་བསྟན་པ་ནི༔ ཀྲི་ཡོག་རྣམ་གསུམ་ཐེག་པས་ཏེ༔ ཇི་སྲིད་སེམས་ཅན་གནས་ཀྱི་བར༔ ལོངས་སྤྱོད་རྫོགས་སྐུའི་བསྟན་པ་གནས༔ སྤྲུལ་པའི་སྐུ་ཡི་བསྟན་པ་ནི༔ སྡེ་སྣོད་གསུམ་གྱི་ཐེག་པས་ཏེ༔ མདོ་སྡེ་བསྐལ་པ་བཟང་པོ་ལས༔ ལྔ་བརྒྱ་ཕྲག་བཅུའི་བར་དུ་གནས༔ བསྟན་པ་དངོས་དང་

4-95a

༄༅༔       ༔གཟུགས་བརྙན་གཉིས༔ དངོས་ལ་རྣམ་པ་གསུམ་དུ་བཤད༔ འབྲས་བུ་སྒྲུབ་པ་ལུང་གི་དུས༔ འབྲས་བུའི་དུས་ལ་རྣམ་པ་གསུམ༔ དགྲ་བཅོམ་འབྱུང་བ་ལྔ་བརྒྱ་དང་༔ ཕྱིར་འོང་ཕྱིར་མི་འོང་འབྱུང་བ༔ ལྔ་བརྒྱ་ཕྲག་གཉིས་ནུབ་་་་་པ་དང་༔ རྒྱུན་ཞུགས་པ་ལ་ལྔ་བརྒྱ་ནུབ༔ སྒྲུབ་པའི་དུས་ལ་གསུམ་ཡིན་ཏེ༔ ཤེས་རབ་བསླབ་ལྡན་ལྔ་བརྒྱ་དང་༔ ཏིང་འཛིན་བསླབ་ལྡན་ལྔ་བརྒྱ་དང་༔ ཚུལ་ཁྲིམས་བསླབ་ལྡན་ལྔ་བརྒྱའོ༔ ལུང་གི་དུས་ལ་རྣམ་པ་གསུམ༔ མངོན་པའི་ཆོས་ལྡན་ལྔ་བརྒྱ་དང་༔ མདོ་སྡེ་ཆོས་ལྡན་ལྔ་བརྒྱ་དང་༔ འདུལ་བའི་ཆོས་ལྡན་ལྔ་བརྒྱའོ༔ གཟུགས་བརྙན་རྟགས་ཙམ་འཛིན་པ་ནི༔ ལྔ་བརྒྱ་ཕྲག་གཅིག་བྱུང་བ་སྟེ༔ ཤཱཀྱ་ལག་ན་བེ་ཅོན་གྱི༔ བུ་མོ་ཤཱཀྱ་ས་འཚོ་མ༔ སྐྱེ་རྒུའི་བདག་མོར་རབ་བྱུང་ལན༔ བོད་དུ་བསྟན་པ་བྱུང་ཚུལ་ནི༔ ཤེས་རབ་བསླབ་པ་རྫོགས་དུས་འབྱུང་༔ ལྷ་མོ་དྲི་མེད་ལུང་བསྟན་ལས༔

4-95b

ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་ཉིས་སྟོང་ལྔ་བརྒྱ་ན༔ གདོང་དམར་ཅན་གྱི་ཡུལ་དུ་ནི༔ དམ་པའི་ཆོས་ནི་འབྱུང་བར་འགྱུར༔ སངས་རྒྱས་འོད་སྲུངས་སྤྲུལ་པ་ནི༔ ཡར་ཀླུངས་ཡུམ་བུ་བླ་མཁར་དུ༔ ཐོ་རི་སྙན་ཤལ་རིང་ལ་བྱུང་༔ ཡིག་དྲུག་སྤང་སྐོང་ཕྱག་བརྒྱ་དང་༔ གསེར་གྱི་མཆོད་རྟེན་ཙིནྟཱ་མ༔ སྐུ་ཕོར་ནམ་མཁར་བྱོན་པ་ལ༔ གང་ཡིན་མ་ཤེས་མཆོད་པ་ཕུལ༔ རྒྱལ་པོ་ཉིད་ཀྱི་མནལ་ལམ་དུ༔ གདུང་རབས་ལྔ་ན་ཤེས་ལུང་བསྟན༔ དེ་ནས་གདུང་རབས་ལྔ་ནས་ནི༔ ཐུགས་རྗེ་ཆེན་པོ་དངོས་སྤྲུལ་པ༔ རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན༔ ལྷ་ས་འཕྲུལ་སྣང་ར་མོ་ཆེ༔ བྲན་ལྷ་ལྷ་ཁང་གསུམ་པོ་དང་༔ རུ་བཞིའི་གཙུག་ལག་ཁང་བཞི་དང་༔ མཐའ་འདུལ་གཙུག་ལག་བརྒྱད་སོགས་དང་༔ ཡང་འདུལ་གཙུག་ལག་ལ་སོགས་བཞེངས༔ དགེ་བཅུ་ལ་སོགས་ཁྲིམས་རྣམས་བཅས༔ རྒྱ་གར་མཁས་པ་

4-96a

༄༅༔       ༔ལི་བྱིན་ལ༔ བོད་ཀྱི་ཐུ་མི་འབྲི་ཐོ་རིགས༔ ཨ་ནུས་ཡིག་བསླབས་མཁས་པར་གྱུར༔ རྒྱ་ཡིག་ལྔ་བཅུ་ཐམ་པ་ནི༔ བོད་ཡིག་སུམ་ཅུས་ཆོག་པ་ཤེས༔ ཁ་ཆེའི་ཇོ་བོ་ཨ་ནན་ཏ༔ སྤྱན་དྲངས་མདོ་སྡེ་པད་དཀར་དང་༔ ཙིནྡཱ་པ་ཎི་དཀོན་ཅོག་སྤྲིན༔ གྲ་ལྔ་འདུས་པ་རིན་ཅེན་ཏོག༔ རྡོ་རྗེ་རྣམ་འཇོམས་སྒྲོལ་མ་རྣམས༔ ལོ་ཙཱ་ཐུ་མི་སམྦྷོས་བསྒྱུར༔ བོད་དུ་དམ་ཆོས་བསྒྱུར་བ་སྔ༔ དཀོན་ཅོག་གསུམ་གྱི་རྟེན་བཙུགས་ནས༔ བོད་རྣམས་དམ་པའི་ཆོས་ལ་བཀོད༔ དམ་ཆོས་སྲོལ་གཏོད་བཀའ་དྲིན་ཆེ༔ ཤཱཀྱ་མི་ནི་མི་བསྐྱོད་རྡོར༔ བོད་ན་བཞུགས་པས་བཀའ་དྲིན་ཆེ༔ དེ་ནས་གདུང་རབས་ལྔ་ནས་ནི༔ འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་བྱོན༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བྲག་དམར་དཔལ་གྱི་བསམ་ཡས་བཞེངས༔ སང་སྐྲྀ་ཏ་ཡི་པཎྜི་ཏ༔ བཟང་ལ་མང་བ་སྤྱན་དྲངས་པ༔ དེ་དག་ཀུན་གྱི་མཚན་སྨོས་ན༔ པཎྜི་ཏ་བྷོ་

4-96b

དྷི་ས་ཏྭ༔ པཎྜི་ཏ་པདྨ་སཾ་བྷ་ཝ༔ པཎྜི་ཏ་བི་མཱ་ལ་མི་ཏྲ༔ པཎྜི་ཏ་དྷརྨཱ་ཁོ་ག༔ པཎྜི་ཏ་དེ་བ་མ་ཏི༔ པཎྜི་ཏ་ཕྱོགས་ཀྱི་གླང་པོ༔ པཎྜི་ཏ་ཏ་ཐཱ་ག་ཏ༔ པཎྜི་ཏ་ཏ་ཐཱ་ག་ཏ་སཾ་སྐྲྀ་ཏ༔ པཎྜི་ཏ་བུདྡྷ་གུཔྟ༔ པཎྜི་ཏ་ཀུན་ལ་འགྲེའོ༔ པཎྜི་ཏ་ཧཱུཾ་ཀཱ་ར༔ པཎྜི་ཏ་ཤཱནྟིཾ་ཀཱ་ར༔ པཎྜི་ཏ་བལ་པོ་དུ་ཧ་ར༔ པཎྜི་ཏ་དྷ་རྨོཏྟ་ར༔ པཎྜི་ཏ་རྒྱ་ནག་ཧྭ་ཤང་མ་ཧཱ་ཡཱ་ན༔ པཎྜི་ཏ་སིང་གྷ་ལ་ཀླུའི་དབང་པོ༔ པཎྜི་ཏ་བྲ་བརྟ༔ པཎྜི་ཏ་ཤི་ལ་པྲ་བོ་དྷི༔ པཎྜི་ཏ་ཛི་ན་མི་ཏྲ༔ པཎྜི་ཏ་ཤྲཱི་བ་ལེ༔ པཎྜི་ཏ་ཛྙཱ་ན་སུ་ཏྲ༔ པཎྜི་ཏ་ཨ་ནན་ཏ༔ པཎྜཾ་ཏ་པྲཛྙཱ་བྷཱ་ར་ཏ༔ པཎྜི་ཏ་ཀ་ལ་ག་ལ་བྷ༔ པཎྜི་ཏ་གུ་ཧྱ་བུདྡྷ༔ པཎྜི་ཏ་ཨཱཪྻ་དེ་བ༔ པཎྜི་ཏ་ཀ་མཱ་ལ་ཤཱི་ལ༔ པཎྜི་ཏ་དྷརྨཱ་གཱི་ཏི༔ པཎྜི་ཏ་ཤཱནྟ་དེ་བ༔ པཎྜི་ཏ་ཤྲཱི་བཱ་ལ་དྷ་ར༔ པཎྜི་ཏ་ཙནྡ་མ་ཎི༔ པཎྜི་ཏ་ཨ་བནྟ༔ པཎྜི་ཏ་ཤཱི་ལ་མཉྫུ༔ པཎྜི་ཏ་བུདྡྷ་ཀཱིརྟི༔ པཎྜི་ཏ་དྷརྨ་ཤཱི་ལ༔ པཎྜི་ཏ་རཀྵི་ཏ༔ པཎྜི་ཏ་བི་ནནྟ༔ པཎྜི་ཏ་ལི་གཞོན་ནུ༔ པཎྜི་ཏ་པྲཛྙཱ་ཀཱིརྟི༔ པཎྜི་ཏ་ཁ་ཆ་རབ་སྣང་༔ པཎྜི་ཏ་བ་སུ་དྷ་ར༔ པཎྜི་ཏ་ཤྲཱི་སིང་ཧ༔

4-97a

༄༅༔       ༔པཎྜི་ཏ་པྲ་བྷ་ཧ་སྟི༔ པཎྜི་ཏ་རོང་བུ་གུཧྱ༔ པཎྜི་ཏ་ཁ་ཆེ་ཤུ་ལ་ཤྲཱི༔ པཎྜི་ཏ་བལ་པོ་ཧཱུཾ་བྱང་ཆུབ༔ པཎྜི་ཏ་ས་མཱནྟ་ཤྲཱི༔ པཎྜི་ཏ་ཤཱཀྱ་ཤྲཱི༔ པཎྜི་ཏ་དཱ་ན་ཤཱི་ལ༔ པཎྜི་ཏ་བལ་པོ་ཤཱི་ལ་མཉྫུ༔ པཎྜི་ཏ་བལ་པོ་ལི་ཀ་ཐུན་ཙེ༔ པཎྜི་ཏ་བལ་པོ་ཏཱི་ལ་ཀ༔ པཎྜི་ཏ་རྒྱ་ནག་དུ་ཧ་ར་ནག་པོ༔ པཎྜི་ཏ་རྒྱ་ནག་མ་ཧཱ་སཱུ་ཏྲ༔ པཎྜི་ཏ་རྒྱ་ནག་མ་ཧཱ་རཱ་ཛ༔ པཎྜི་ཏ་རྒྱ་ནག་མ་ཧཱ་དེ་བ༔ པཎྜི་ཏ་རྒྱ་གར་ཙནྡྲ་ཀཱིརྟི༔ པཎྜི་ཏ་ཙཀྲ་ཀཱིརྟི༔ པཎྜི་ཏ་གསལ་བ་རཱ་ཛ༔ པཎྜི་ཏ་་་་་མི་ཏྲ་ཛོ་ཀི༔ པཎྜི་ཏ་སུ་རེནྡྲ་བོ་དྷི༔ པཎྜི་ཏ་མཉྫུ་ཤྲི༔ པཎྜི་ཏ་བྷ་ར་ཧི་ཏ་ཧ་བུ༔ པཎྜི་ཏ་ཤཱཀྱ་པྲ་བྷཱ༔ པཎྜི་ཏ་བཛྲ་ཀཱིརྟི༔ པཎྜི་ཏ་གུ་ཎ་ཙནྡྲ༔ པཎྜི་ཏ་ཆོས་མཆོག༔ པཎྜི་ཏ་ལྷ་བློ་གྲོས༔ པཎྜི་ཏ་ལ་ལི་ཏ་བཛྲ༔ པཎྜི་ཏ་ཤཱནྟ་ཛྙ་ན༔ པཎྜི་ཏ་བྷ་ལེན་སུ་བྷེར༔ པཎྜི་ཏ་པྲ་ཏ་གརྦྷ༔ པཎྜི་ཏ་ཤྲཱི་ཛྙ་ན་གརྦྷ༔ པཎྜི་ཏ་གྷ་གྷ་ཙི་ཏ༔ པཎྜི་ཏ་ཨཱ་ཀཱ་ཤ་ཙི་ཏ༔ འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས༔ 

4-97b

མདོ་སྡེ་ཟབ་མོའི་ཚིག་དང་དོན་མཇལ་ནས༔ མི་རྣམས་ལ་ཕན་གདགས་པའི་སླད་དུ༔ མདོ་སྡེའི་དོན་རྣམས་བསྡུས་ཏེ༔ ཞུས་པའི་ལེའུ་བརྒྱད་ཅུ་རྩ་བརྒྱད་པ༔ མདོ་ཚན་བརྒྱད་ཅུའི་ལུང་༔ རྣལ་འབྱོར་ཆེན་པོ་སྒོམ་པའི་ལུང་༔ ལེའུ་བརྒྱད་ཅུ་རྩ་བརྒྱད་བམ་པོ་སོ་བཞི་པ་རིན་ཅེན་འཕྲེང་བ་ཞེས་བྱ་བ་གསུངས༔ ལོ་ཙཱའི་མཆོག་གྱུར་བཻ་རོ་ཙ་ན༔ མཐུ་ཆེ་བ་ནམ་མཁའི་སྙིང་པོ༔ བཙུན་པའི་རབ་རྒྱལ་བ་མཆོག་དབྱངས༔ སྦ་མི་ཡེ་ཤེས་དབང་པོ༔ བོད་དུ་རབ་བྱུང་བ་ལ་སྔ་བ་སྦ་ཁྲི་བཞེར་སང་ཤི་རཏྣ༔ ཆོས་ཐོས་ཆེ་བ་རྒྱལ་བ་བྱང་ཆུབ༔ སད་མི་མི་བདུན་བོད་ལ་དྲིན་ཆེའོ༔ ལོ་ཙཱ་ཆེ་འབྲིང་ཆུང་དང་གསུམ༔ མདོ་རྒྱུད་བསྟན་བཅོས་མང་བསྒྱུར་བ༔ དར་གྱི་གབ་ཙེའི་ཁྲིར་བཞུགས་པ༔ ལོ་ཙཱ་མཁས་པ་བརྒྱ་རྩ་བརྒྱད༔ སཾ་སྐྲྀ་ཏ་ལྷ་ཡི་སྐད༔ བཻ་ཤ་འདྲེའི་སྐད༔ ཨ་བ་བྷ་ཏི་གནོད་སྦྱིན་གྱི་སྐད༔ ནཱ་ག་ར་ཀླུའི་སྐད༔ འབའ་དུལ་མིའི་སྐད༔ ཁ་དྷོ་ལ་སྲིན་པོའི་སྐད༔

4-98a

༄༅༔       ༔ཨ་ཧ་ར་ཨོ་རྒྱན་གྱི་སྐད༔ བྷྱེ་ཀ་ར་མི་མ་ཡིན་གྱི་སྐད༔ པྲ་ཏི་ཤ་ཤ་ཟའི་སྐད༔ ཀ་ལིང་ཀའི་སྐད༔ པ་ལིང་ཏྲི་ཏའི་སྐད༔ ན་ག་སི་དྷའི་སྐད༔ ཁང་བུ་གླིང་གི་སྐད༔ ཟངས་གླིང་གི་སྐད༔ ཀ་མཱ་ལ་རུ་པའི་སྐད༔ ཝ་ར་ཎ་སཱིའི་སྐད༔ མ་ག་དྷའི་སྐད༔ ན་ལེནྡའི་སྐད༔ བེ་ཏའི་སྐད༔ སིང་གྷ་ལའི་སྐད༔ མ་རུ་ཙེའི་སྐད༔ ཟ་ཧོར་གྱི་སྐད༔ ཤམ་བྷ་ལའི་སྐད༔ ཁ་ཆེའི་སྐད༔ བྲུ་ཤའི་སྐད༔ རྒྱ་གར་གྱི་སྐད༔ རྒྱ་ནག་གི་སྐད༔ བལ་པོའི་སྐད༔ ལིའི་སྐད༔ སྲིན་པོའི་སྐད༔ དེ་ལ་སོགས་པ་སྐད་རིགས་ཐམས་ཅད་བོད་དུ་སྒྱུར་ཤེས་པ༔ འཁོན་ཀླུའི་དབང་པོ༔ གཉགས་ཛྙཱ་ན་ཀུ་མཱ་ར༔ ཤུད་བུ་ཁོང་ལེན༔ ཞང་སེ་བཙན༔ ཡར་ལྷ་དུ༔ ལེགས་སྦྱིན་ཉི་མ༔ ཡོན་ཏན་སྙིང་པོ༔ ལྡན་མ་རྩེ་མང་༔ སྦས་ཐིར་ལེན༔ ཀྱི་ལོ་ཙཱ་བ༔ ཀག་ལོ་ཙཱ་བ༔ གྱུར་མོ་ལོ་ཙཱ་བ༔ བཤལ་ལོ་ཙཱ་བ༔ མོན་ལོ་ཙཱ་བ༔ ཁྱུང་པོ་ལོ་ཙཱ་བ༔ ཆོས་རུང་གཞུའོ༔ ཤེས་རབ་

4-98b

འབྱུང་གནས༔ ཤིང་གསུམ་ལོ་ཙཱ་བ༔ ས་ནག་ལོ་ཙཱ་བ༔ ཆོས་ཀྱི་ཤེས་རབ༔ སྒོམ་ནག་ལོ་ཙཱ་བ༔ བཞད་པ་རྡོ་རྗེ༔ མངའ་རིས་རིན་ཅེན་བཟང་པོ༔ བྲན་ཀ་མུན་ཏི༔ མྱང་ཤ་མི་གོ་ཆ༔ ཨ་བན་ཏ་ར༔ ཁམས་པ་གོ་ཆ༔ གཉལ་ལོ་ཙཱ་བ༔ འབྲེལ་རྒྱལ་བ་བློ་གྲོས༔ ཨཱ་ཙརྱ་ཡེ་ཤེས་ས་ལེ༔ གླང་དཔལ་གྱི་སེང་གེ༔ དུ་ཡོད་བི་ར་ཙ༔ གྲུ་གུ་ཨེ་བཀྴ༔ ལང་འགྲོ་དཀོན་ཅོག་འབྱུང་གནས༔ གཡུ་སྒྲ་སྙིང་པོ༔ གཉན་ཆེན་དཔལ་དབྱངས༔ དྲན་པ་ནམ་མཁའ༔ ཁུ་བྱུག་འོད༔ མོན་བུ་རྒྱལ་བྱང་༔ བྱི་ཤ་མི་ཏྲ༔ ཁྱུང་པོ་དབྱིག་སོད༔ གནུབས་སངས་རྒྱས་ཡེ་ཤེས༔ ཨོ་རྒྱན་གླང་ཆེན༔ སོ་ཡེ་ཤེས་དབང་པོ༔ དན་ཡེ་ཤེས་མཆོག༔ ཏོང་ཨཱརྱ་པྲཛྙཱ༔ སྦ་གསལ་སྣང་༔ སྦ་དཔལ་དབྱངས༔ སྦ་ཡེ་ཤེས་དབང་པོ༔ སྦ་འཇམ་དབྱངས༔ ལྷ་ལུང་དཔལ་གྱི་རྡོ་རྗེ༔ འོད་རྒྱལ་ཁ་སྤུན༔ རྨ་ཤཱཀྱ༔ ཁམས་པ་ལོ་ཙཱ༔ མགར་ཤཀ་འོད༔ སོག་པོ་དཔལ་གྱི་ཡེ་ཤེས༔  ཨཱ་ཙརྱ་

4-99a

༄༅༔       ༔གསལ་མཆོག་དབྱངས༔ འགོས་སྤུ་འབྱིན༔ ཀི་ལི་འབྱུང་གནས༔ ཞན་ལོ་ཙཱ་བ༔ འོ་བྲན་དབང་ཕྱུག༔ ཤ་མེ་བཀོལ༔ ལྷ་ལུང་ཡུལ་ཀོང་༔ མེ་ཏོག་བྱང་འབར༔ ཞང་ཛྙཱ་ན་ཤེས་རབ༔ ཡར་ཤེས་བརྩེགས༔ སྣ་ནམ་རྡོ་རྗེ་བདུད་འཇོམས༔ སྣ་ནམ་ཞང་ཡེ་ཤེས་རྡོ་རྗེ༔ ཨཱ་ཙརྱ་དྷརྨ་ཤཱི་ལ༔ རཀྵི་ཏ༔ དེ་ཝ་སཾ་བྷ་ཝ༔ ཞང་ཤཱཀྱ་པྲ་བྷཱ་ཝ༔ བྱམས་པ་དཔལ་བཟང་པོ༔ ཞང་པ་ཚབ་ཉི་མ་གྲགས་པ༔ རྨོག་ལྕོག་པ༔ འཛིཾ་ལོ་ཙཱ་བ༔ དེ་བ་བྱང་སྙིང་༔ གྲ་པ་གྲུ་གུ༔ གཙང་ལ་རིང་མོ༔ མལ་ཞོ་ལོ་ཙཱ་བ༔ རྒྱ་བརྩོན་འགྲུས་སེང་གེ༔ ལ་བྱི་ཡེ་ཤེས་བརྩེགས༔ སྐྱོ་ཆོས་སྐུ་རྡོ་རྗེ༔ ཅོག་རོ་ཀླུའི་རྒྱལ་མཚན༔ སྐ་བ་དཔལ་བརྩེགས༔ ཆོས་ཀྱི་ལྷུན་པོ༔ ཁ་ལྟུང་ཀློང་༔ གཙང་ལེགས་གྲུབ༔ ཡོན་ཏན་མཚོ༔ བསམ་གཏན་མཁན་པོ་རིམ་གྱིས་པ༔ རྩེ་མེན༔ ཅིག་ཅར་བ༔ སྟོན་མུན༔ མཁན་པོ་མཇུག་སྤུས༔ མཁན་པོ་ཨ་དྷན་ཧེར༔ མཁན་པོ་མ་ཧཱ་

4-99b

ཡཱ་ན༔ མཁན་པོ་བདུད་འདུལ་སྙིང་པོ༔ ཅིག་ཅར་མཁན་པོ་ཀུན་ཧུན་ཤེན༔ མཁན་པོ་ཛི་ཤིན་ཤེ༔ མཁན་པོ་སྦབ་ཤན་ཤིས༔ མཁན་པོ་དེས་འདྲེའོ༔ མཁན་པོ་དེའུ་བཤན་ཤིས༔ མཁན་པོ་ཟངས་ཐང་ཤན་ཤིས༔ མཁན་པོ་ཧ་ཟེ་ཤན་ཤིས༔ མཁན་པོ་ཨཱརྱ་རཀྵི༔ མཁན་པོ་ཀ་ལ་ཡན༔ མཁན་པོ་བུ་ཆུས༔ མཁན་པོ་ཁ་ཤན་ཤིས༔ མཁན་པོ་ཛ་ཤན་ཤིས༔ མཁན་པོ་འདྲེ་ཤན་ཤིས༔ མཁན་པོ་ཨ་ཤན་ཤིས༔ མཁན་པོ་ལེན་ཤུན་ཤིས༔ མཁན་པོ་ཧ་ཤན་ཤིས༔ མཁན་པོ་ཀན་ཤན་ཤིས༔ མཁན་པོ་ཛི་ཤན་ཤིས༔ མཁན་པོ་ཀི་ཤན་ཤིས༔ མཁན་པོ་ཧྱེའུ་གྱེའུ་ཤན་ཤིས༔ མཁན་པོ་གྱི་ཤན་ཤིས༔ མཁན་པོ་ཅི་ཤིན་ཤིས༔ མཁན་པོ་ཕོག་ཏོག་ཤན་ཤིས༔ མཁན་པོ་ཛ་ཤན་ཤིས༔ མཁན་པོ་ཡན་ཤན་ཤིས༔ མཁན་པོ་ཧན་ཤན་ཤིས༔ མཁན་པོ་ཤིན་ཤན་ཤིས༔ མཁན་པོ་ཧྱེ་ཁས་ཤན་ཤིས༔ མཁན་པོ་ལང་ཤན་ཤིས༔ མཁན་པོ་མ་ཤན་ཤིས༔ མཁན་པོ་ཨ་ལོག་

4-100a

༄༅༔       ༔ཟོང་ཆུ༔ མཁན་པོ་ཡེ་ཤེས་དཔལ༔ མཁན་པོ་གཞི་མཆོག༔ མཁན་པོ་མྱང་བྲན་ཡེ་ཤེས་རྒྱལ་མཚན༔ མཁན་པོ་ཨ་རཏྣ་ཐང་༔ མཁན་པོ་འཛིན་མགོ་རྒྱན༔ མཁན་པོ་སུམ་པ་ཡེ་ཤེས་རྒྱལ་པོ༔ མཁན་པོ་དཔལ་སྦས༔ མཁན་པོ་མི་འཛུམ༔ མཁན་པོ་དཀར་རྒྱལ༔ མཁན་པོ་སེང་གེ་བློ་གྲོས༔ མཁན་པོ་བདེ་མོ་སྐྱིད༔ བྱང་ཆུབ་སེམས་དཔའི་མཁན་པོ་རྣམས༔ ས་གསུམ་བཞི་པ་ཡན་ཆོད་དུ༔ གསང་སྔགས་ཕྱི་པ་ནང་པ་བསྟན༔ ལོ་པཎ་རྩིས་སྨན་ཆོས་རྣམས་བསྒྱུར༔ བོད་ཁམས་བདེ་སྐྱིད་ཆོས་ལ་བཀོད༔ རྗེ་འབངས་ཀུན་གྱིས་དགོངས་ཚུལ་དང་༔ མཁན་སློབ་གདན་དྲངས་བྱོན་ཚུལ་དང་༔ མདོ་སྔགས་བོད་དུ་སྒྱུར་ཚུལ་དང་༔ སྔགས་དང་མཚན་ཉིད་དར་ཚུལ་དང་༔ རྒྱལ་བརྒྱུད་ཁྲིམས་ཀྱི་འཇིགས་ཚུལ་དང་༔ སེམས་ཅན་ལས་ངན་སྤྱོད་ཚུལ་དང་༔ ཆོས་སྤེལ་སྤྲུལ་སྐུའི་བྱོན་ཚུལ་དང་༔ བསྟན་པ་འཕེལ་འགྲིབ་དུས་ཚིགས་དང་༔ མཐའ་དམག་གཡུལ་

4-100b

ངོ་ཟློག་ཐབས་དང་༔ བསྟན་པའི་ཐ་སྐྱོང་གཏེར་སྦས་རྣམས༔ བསྟན་པའི་ལུང་བསྟན་ཤེས་པར་བྱ༔ འཛམ་གླིང་སྤྱི་ཡི་ལུང་བསྟན་དང་༔ པདྨ་བཀའ་ཡི་ཐང་ཡིག་དང་༔ ལྷ་འདྲེ་བཀའ་ཡི་ཐང་ཡིག་དང་༔ རྒྱལ་པོ་བཀའ་ཡི་ཐང་ཡིག་དང་༔ བློན་པོ་བཀའ་ཡི་ཐང་ཡིག་དང་༔ བཙུན་མོ་བཀའ་ཡི་ཐང་ཡིག་རྣམས༔ འདུས་གྲལ་བཞུགས་བའི་རྗེ་འབངས་དགོངས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སངས་རྒྱས་བསྟན་པ་དར་བར་མཛད༔ རྒྱལ་པོ་ལྔ་བཅུ་རྩ་དགུ་པ༔ འབྲུག་གི་ལོ་ལ་ཟུང་མཁར་གཤེགས༔ དེ་སྲས་མུ་ནེ་བཙན་པོ་ཡིས༔ ཆབ་སྲིད་ཉི་ཤུ་རྩ་ལྔ་བཟུང་༔ དཀར་ཆུང་རྡོ་རྗེ་དབྱིངས་ནི་བཞེངས༔ བཞི་བཅུ་ལུག་གི་ལོ་ལ་གྲོངས༔ དེ་སྲས་ཕྱག་རྡོར་སྤྲུལ་པ་བྱོན༔ ཁྲི་གཙུག་ལྡེའུ་བཙན་འོན་བྱང་རྡོར༔ དཔེ་མེད་བཀྲ་ཤིས་གཡུང་དྲུང་ལེགས༔ ཕྱོགས་བཞིར་གཙུག་ལག་བརྒྱ་རྩ་བརྒྱད༔ རྒྱ་གར་མཁན་པོ་ཛི་ན་མི་ཏྲ་དང་༔ སུ་རེན་དྲ་བོ་དྷི་སོགས་སྤྱན་དྲངས་ནས༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་༔ ཅོག་རོ་

4-101a

༄༅༔       ༔ཀླུའི་རྒྱལ་མཚན་སོགས༔ མདོ་རྒྱུད་བསྟན་བཅོས་མང་དུ་བསྒྱུར༔ སངས་རྒྱས་བསྟན་པ་དར་བར་མཛད༔ མངའ་བདག་དགུང་ལོ་བཅུ་བདུན་ནས༔ རྒྱལ་སྲིད་ཉི་ཤུ་རྩ་གཅིག་བཟུང་༔ ཆུ་སྟག་རྒྱ་དང་མཇལ་དུམས་བྱས༔ དེ་ཚེ་སངས་རྒྱས་གཤེགས་ནས་ལོ༔ ཉིས་སྟོང་བརྒྱ་དང་དྲུག་ལོན་ནི༔ སུམ་ཅུ་སོ་དྲུག་བྱ་ལོ་ལ༔ གཅུང་པོ་དར་མས་ལན་ཁར་བཀྲོངས༔ དེ་ནི་སྡིག་སྤྱོད་རྒྱལ་པོ་ཡིན༔ སངས་རྒྱས་བསྟན་པ་ཉམས་པར་བྱས༔ རྒྱལ་པོ་ཕུང་བའི་འཕུང་སྲི་ལྡང་༔ བློན་པོ་ཕུང་བའི་འཕུང་སྲི་ལྡང་༔ རྒྱལ་ཁམས་ཕུང་བའི་འཕུང་སྲི་ལྡང་༔ ཡུལ་མི་ཕུང་བའི་འཕུང་སྲི་ལྡང་༔ སྡེ་པ་་་ཕུང་བའི་འཕུང་སྲི་ལྡང་༔ དམག་སྲི་དགྲ་སྲི་དམེ་སྲི་ལྡང་༔ སྒོ་སྲི་ཆུང་སྲི་དུར་སྲི་ལྡང་༔ གུད་སྲི་བྱད་མའི་གུང་སྲི་ལྡང་༔ འཁྲུག་སྲི་མུག་སྲི་ནད་ཡམས་སྲི༔ མ་འོངས་དུས་སུ་མནན་ཟློག་སྲེག༔ བྱ་ཐབས་སོ་སོ་ནས་ཡོད་ཀྱི༔ དེ་དུས་གཙང་པ་རབ་གསལ་དང་༔

4-101b

གཡོག་པོ་དགེ་ཆུང་དམར་ཤཱཀྱས༔ འདུལ་བ་གདན་དྲངས་ཁམས་ལ་བྱོན༔ ཨེན་ཆུང་དན་ཏིག་བྲག་ཕུག་ཏུ༔ ཧྭ་ཤང་གིང་བག་དགོངས་པ་གསལ༔ གསུམ་གྱིས་བསྙེན་པར་རྫོགས་པར་མཛད༔ རྒྱལ་སྲིད་ལོ་ནི་བཅུ་གསུམ་བཟུང་༔ སུམ་ཅུ་སོ་གཉིས་སྟག་ལོ་ལ༔ ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས༔ དེ་སྲས་འོད་སྲུངས་ཡུམ་བསྟན་གཉིས༔ མངའ་རིས་གཅིག་ལ་སོ་སོར་བསྒོམས༔ དེ་དུས་སངས་རྒྱས་གཤེགས་ནས་ལོ༔ ཉིས་སྟོང་དགུ་བརྒྱ་རེ་དགུ་སོང་༔ མེ་ཕོ་འབྲུག་ལ་ཡར་སྟོད་དུ༔ གཉགས་བན་ཛྙཱ་ན་ཀུ་མཱས་བརྩིས༔ འོད་སྲུངས་སྲས་ནི་དཔལ་འཁོར་ཅན༔ སྨོན་ལུང་ལ་སོགས་སྡེ་བརྒྱད་བཞེངས༔ དེ་དུས་མོ་སྟོན་ཉམས་དབང་དང་༔ ཚོགས་དགེ་ཤེས་རབ་སེང་གེ་དང་༔ ཀླུ་མེས་ཤེས་རབ་ཚུལ་ཁྲིམས་དང་༔ འབྲི་ཟི་ཡེ་ཤེས་ཡོན་ཏན་དང་༔ སྦས་མི་ཡེ་ཤེས་དབང་པོ་དང་༔ རིག་ཤེས་ཚུལ་ཁྲིམས་རྒྱལ་པོ་ཡིས༔ མདོ་སྨད་དན་ཏིག་བྲག་ཕུག་ཏུ༔ དགོངས་པ་གསལ་ལས་

4-102a

༄༅༔       ༔གདམས་པ་བླངས༔ དབུས་གཙང་བསྟན་པ་དར་བར་མཛད༔ ཤིང་གླང་གྲྭ་པ་མངོན་ཤེས་བརྩིས༔ སུམ་སྟོང་སུམ་བརྒྱ་སོ་བརྒྱད་སོང་༔ དེ་སྲས་ཁྲི་ལ་མགོན་གྱི་སྲས༔ བཀྲ་ཤིས་མགོན་སྲས་ལྷ་བླ་མ༔ ཡེ་ཤེས་འོད་ཀྱིས་མཁོ་མཐིང་བཞེངས༔ པྲ་ཏ་ཀཱ་ར་སྤྱན་དྲངས་ནས༔ ལོ་ཙཱ་རིན་ཅེན་བཟང་པོ་ཡིས༔ གསང་བ་འདུས་པ་ལ་སོགས་བསྒྱུར༔ དེ་ཡི་གཅུང་པོ་ཁྲི་དཔལ་གྱིས༔ གཙང་ཁར་གཙུག་ལག་ཁང་བཞེངས་སོ༔ དེ་སྲས་བཙུན་པ་བྱང་འོད་ཀྱིས༔ དཱི་པཾ་ཀ་ར་སྤྱན་དྲངས་ནས༔ ཆོས་རྣམས་ཕྱག་ལེན་ཕེབས་པར་མཛོད༔ དེ་དུས་ཆུ་ཕོ་འབྲུག་ལོ་ལ༔ རོང་ཟོམ་ཆོས་ཀྱི་བཟང་པོས་བརྩིས༔ སུམ་སྟོང་བརྒྱ་དང་རྩ་ལྔ་སོང་༔ ཕག་ལོ་རྔོག་ལོ་འདས་ནས་ནི༔ དེ་དུས་ལྕགས་ཕོ་སྟག་ལོ་ལ༔ རོང་བན་ཤེས་རབ་འོད་ཀྱིས་བརྩིས༔ སུམ་སྟོང་ཉིས་བརྒྱ་བཞི་བཅུ་གསུམ༔ ས་སྐྱར་ས་སྐྱ་པཎྜི་ཏས༔ མེ་མོ་བྱ་ལ་

4-102b

བརྩིས་པ་ཡི༔ སུམ་སྟོང་སུམ་བརྒྱ་བཞི་བཅུ་དགུ༔ ཆུ་གླང་ཡ་ཙེ་རྒྱལ་པོ་ཡིས༔ ལྷ་སར་གསེར་ཐོག་བཀལ་བའི་དུས༔ གྲ་སྟོད་ཡར་ཆེན་སྔགས་པའི་སྡེ༔ དབོན་པོ་ཤེས་རབ་བཟང་པོས་བརྩིས༔ སུམ་སྟོང་བཞི་བརྒྱ་ཞེ་དྲུག་སོང་༔ ཆུ་སྤྲེལ་ཟུང་མཁར་རྡོའི་མཆོད་རྟེན༔ ཆོས་རྗེ་ཀརྨ་རང་བྱུང་གིས༔ གདུགས་དང་ཆོས་འཁོར་ཕབ་ནས་བསྐྱོན༔ ཆོས་རྒྱལ་རིན་ཅེན་གླིང་པས་བརྩིས༔ སུམ་སྟོང་བཞི་བརྒྱ་རེ་ལྔ་སོང་༔ ཆུ་མོ་ལུག་ལོར་ས་སྐྱ་འཁྲུག༔ མེ་མོ་ཕག་ལ་ཡར་ཀླུངས་སྡེ༔ དཔོན་ཆེན་རྒྱལ་བཟང་གསང་དམག་བརྐོང་༔ ས་ལོག་གནམ་ལོག་བསྟན་པ་ལོག༔ མི་བདེ་བ་ཡི་རླུང་འཚུབ་ལངས༔ བླ་མ་བསོད་ནམས་རྒྱལ་མཚན་པ༔ མེ་ཕོ་སྟག་ལ་སྒམ་པོར་བཞུགས༔ ཨོ་རྒྱན་གླིང་པས་ཤེལ་ཕུག་བརྩིས༔ སུམ་སྟོང་དང་ནི་ལྔ་བརྒྱ་ལོན༔ དེ་ནས་ས་ཕོ་སྤྲེའུ་ལོ༔ བསམ་ཡས་བགེགས་བསོས་རབ་གནས་བྱས༔ ཟླ་བ་དགུ་པ་ཉེར་དགུའི་ནུབ༔ ཧོར་ཡུལ་ཕོ་

4-103a

༄༅༔       ༔བྲང་ཏལ་དུ་ཤོལ༔ ཐལ་སྐྱ་པི་ཝང་མེ་ཆུ་ཕོ༔ བོད་དུ་རྒྱ་ཡི་ལག་རྟགས་བྱུང་༔ སུམ་སྟོང་ལྔ་བརྒྱ་ཉི་ཤུ་ལྔ༔ ཆུ་མོ་བྱ་ལ་མུ་གེ་ཆེ༔ ལུང་གསུམ་དཀར་པོ་ལྗོངས་སུ་བརྩིས༔ ས་ཡོས་ལྔ་བརྒྱ་ཕྲག་བདུན་རྗེས༔ སུམ་སྟོང་ཡོད་དེ་ལྔ་བརྒྱ་བྲི༔ སྣེ་གདོང་ཞང་བློན་འཁྲུགས་ནས་ཁེངས་ལོག་བྱུང་༔ ཨོ་རྒྱན་གླིང་བས་སྐུ་རིམ་མཛད༔ རོ་ལངས་བདུན་ནི་ཆམས་ལ་ཕབ༔ ཨེ་དྭགས་གཉིས་ལ་ལམ་རྒྱ་བཙུགས༔ ཤིང་མོ་ཕག་ལ་ཡར་ཀླུངས་བདེ༔ དེ་དུས་ཚེ་ཡི་ཚད་བསྟན་པ༔ ད་ལྟ་དྲུག་ཅུ་རྩ་ལྔའི་དུས༔ མདོ་སྡེའི་དུས་ལ་ཕེབས་པའོ༔ དེ་ནས་བསྟན་པ་དངོས་ལ་སྟོང་༔ དེ་ནས་རྟགས་ཙམ་འཛིན་པ་ལ༔ ལྔ་བརྒྱ་ཕྲག་གཅིག་འབྱུང་བས་ཏེ༔ ཚེ་ལོ་བཞི་བཅུ་པ་རུ་སོང་༔ དེ་ཡང་མདོ་སྡེ་གདགས་པ་ལས༔ བཞི་བཅུའི་དུས་སུ་བསྟན་པ་ནུབ༔ དེ་ཡང་ཁ་ཆེའི་ཡུལ་དག་ཏུ༔ སྤྲུལ་ཤིང་ཡུལ་གྱི་དགེ་འདུན་རྣམས༔ ཐམས་ཅད་བོད་དུ་ཚོགས་

4-103b

པར་འགྱུར༔ དེ་ཡང་དགེ་འདུན་ཁ་ཉེན་པ༔ རིམ་གྱིས་ཤར་ཕྱོགས་ངོས་ལ་འགྲོ༔ དགེ་འདུན་ཞབས་ཏོག་མེད་པ་ཡིས༔ དེ་ནས་ཀོའུ་ཤམ་བིར་འགྲོ༔ ཆུ་ཆེན་ལམ་བཅད་མ་ཐར་བས༔ ཀླུ་རྒྱལ་ཨེ་ལེའི་འདབ་མ་ཡིས༔ སྦྲུལ་ཆེན་སྦྲུལ་ནས་ཟམ་པ་བྱས༔ དགེ་འདུན་འབུམ་ནི་ཆུ་ལས་བསྒྲལ༔ རྒྱལ་པོ་བཟོད་པར་དཀའ་བ་ཡིས༔ དགེ་འདུན་རྣམས་ཀྱི་ཞབས་ཏོག་བྱས༔ དགེ་འདུན་རྣམས་ཀྱི་གཙོ་བོ་ནི༔ སྡེ་སྣོད་འཛིན་པ་སློབ་མ་ཅན༔ སློབ་མ་རྣམས་ལ་མ་མགུ་ནས༔ གསོ་སྦྱོང་འདོན་དུ་མ་གནང་བས༔ དེ་དུས་དགྲ་བཅོམ་ངེས་པ་བྱིན། གསོ་སྦྱོང་འདོན་པར་རིགས་གསུངས་པས༔ དཔུང་དམར་ཅན་གྱིས་དགྲ་བཅོམ་གསོད༔ དེ་ནས་ཕན་ཚུན་འཁྲུགས་པས་ནི༔ དགེ་འདུན་རྣམས་ནི་འགྲོངས་པར་འགྱུར༔ སངས་རྒྱས་བསྟན་པ་དེ་རུ་ནུབ༔ ལྷ་མོ་སྒྱུ་འཕྲུལ་མྱ་ངན་བྱེད༔ སྐུ་རྣམས་ཀླུ་ཡིས་གདན་འདྲེན་ཅིང་༔ ཡི་གེ་རྣམས་ནི་རང་བྱིར་འགྲོ༔ རིན་ཅེན་

4-104a

༄༅༔       ༔གོས་དར་རྣམས་ཀྱང་ནུབ༔ འབྲུ་རྣམས་ནུས་ཆུང་བཅུད་ཀྱང་མེད༔ པྲ་མི་ཕབ་ཅིང་ཆོས་མི་འགོ༔ བ་དམར་གླང་དམར་ཀོ་བ་གྱོན༔ རྒྱལ་པོ་ལྟ་སྒོམ་འདྲི་ས་མེད༔ ཐུགས་མུག་ཚེ་ཡི་དུས་བྱེད་འགྱུར༔ དེ་ནས་ཀྲེ་ཡོག་སྒྱིད་མ་ཟ༔ རེ་བ་ལ་སོགས་གོས་སུ་གྱོན༔ རུས་པ་མུར་ཞིང་རྒྱན་དུ་འདོགས༔ དེ་འདྲའི་དུས་ལ་མ་ཐུག་བར༔ དམ་པའི་ཆོས་ལ་འབུང་འཚལ་ལོ༔ ཉེས་པའི་རྩ་བ་ལྟ་སྤྱོད་མི་མཐུན་པ༔ དེ་དག་ཁྱུར་ལོངས་སངས་རྒྱས་བསྟན་པ་འཇིག༔ ལོ་པཎ་བཀའི་ཐང་ཡིག་ལས་སངས་རྒྱས་བསྟན་པ་དར་ནུབ་བསྟན་པའི་ལེའུ་སྟེ་སོ་གསུམ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔