(འགོ་བརྗོད།)
༄༅༔ ༔༼ ༽ དཀོན་ཅོག་གསུམ་དང་རྩ་བ་གསུམ་རྣམས་དང་༔ བྱང་ཆུབ་སེམས་དཔའ་འཕགས་པའི་ཚོགས་རྣམས་དང་༔ སེམས་ཅན་ཡོངས་སུ་སྨིན་པར་མཛད་རྣམས་དང་༔ རྒྱུད་སྦྱངས་ཤེས་བྱའི་མཐར་ཐུག་མཁྱེན་རྣམས་དང་༔ རྒྱ་བོད་རིག་འཛིན་རྒྱལ་བ་རྒྱ་མཚོ་དང་༔ ཕྱི་ནང་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ༔
༄༅༔ ༔དེ་ལྟར་མདོ་སྔགས་ལམ་བཞུགས་མཆོད་བརྗོད་ནས༔ ཐུགས་དགོངས་མི་མཐུན་ཕྱོགས་རྣམས་སྤང་བ་དང་༔ ཐུགས་དགོངས་མཐུན་པའི་ཕྱོགས་རྣམས་བསྒྲུབ་པའི་ཕྱིར༔ བློན་པོ་བཀའ་ཡི་ཐང་ཡིག་བཤད་པར་བྱ༔ འཇིག་རྟེན་ཆགས་པ་རླུང་གི་རྣམ་གྲངས་དང་༔ མི་ཡི་ཆད་ཁུངས་རྒྱལ་པོའི་བྱོན་ཚུལ་དང་༔ བློན་པོའི་བྱུང་ཁུངས་སྟོང་སྡེའི་དམག་རྟ་དང་༔
ཆོས་ཁྲིམས་རྒྱལ་ཁྲིམས་འབངས་རྣམས་སྤྱི་ཚིས་དང་༔ ཡུལ་ཁམས་རྒྱ་བསྐྱེད་མཐའ་དམག་དགྲ་རྣམས་བཏུལ༔ མངའ་འོག་ལྷ་ཆོས་མི་ཆོས་གཉིས་སུ་སྤེལ༔ ཆོས་དང་ཆོས་མིན་ཇི་ལྟར་ཕྱེ་བ་དང་༔ བསྟན་པའི་གཞི་བཞག་བློན་པོའི་ལག་རིས་དང་༔ མཆོད་པའི་ཕན་ཡོན་མ་མཆོད་ཉེས་དམིགས་དང་༔ བོན་རྩིས་སྨན་ཆོས་གཏན་ལ་ཕབ་ཚུལ་དང་༔ དུས་གསུམ་མཁྱེན་པས་དུས་གསུམ་གསུངས་ཚུལ་དང་༔ བསྟན་ཞབས་གཏེར་སྐྱོང་གཏེར་མིན་གཏེར་འདྲ་དབྱེ༔ མོས་པ་སྤྱོད་པའི་ས་ལ་ཆོས་ཀྱི་རྒྱལ༔ བཙན་པོ་དད་པ་སྐྱེས་པའི་སྐུ་རིང་ལ༔ མཁན་ཆེན་སྡེ་ལྔ་པཎ་ཆེན་གསུམ་དུ་གྲགས༔ ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་དང་༔ ཨཱ་ཙར་བོ་དྷི་དྷརྨོཏྟ་ར་དང་༔ ཁ་ཆེའི་མཁན་པོ་རབ་སྣང་ཆེན་པོ་དང་༔ རྒྱ་གར་མཁན་པོ་ཨ་མེ་ལི་ཀ་དང་༔ ལི་ཡི་མཁན་པོ་ལི་ནི་གཞོན་ནུ་ལྔ༔ བོད་ཀྱི་རྒྱལ་པོ་སྔ་དར་དུས་ཙ་ན༔ རྒྱལ་སྲིད་ཟས་ཀྱིས་སྐྱོང་བས་མངའ་ཐང་ཆེ༔ ཨོ་རྒྱན་མཁན་པོ་པདྨ་
༄༅༔ ༔སཾ་བྷ་དང་༔ པཎ་ཆེན་བི་མ་མི་ཏྲ་གདན་དྲངས་ནས༔ དབུས་སུ་བསམ་ཡས་རུ་བཞིར་མཐའ་འདུལ་སོགས༔ གཙུག་ལག་ཁང་ནི་བརྒྱ་དང་རྩ་བརྒྱད་བཞེངས༔ མཁས་པ་མང་པོའི་ཆོས་གྲྭ་བཙུགས་པའི་དུས༔ འཇིག་རྟེན་ཆགས་པ་རླུང་གི་རྣམ་གྲངས་བསྟན༔ ཕྱི་སྣོད་འཇིག་རྟེན་མས་ཀྱིས་ཆགས་པ་ཡིན༔ རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གཞི༔ རྒྱུན་མི་ཆད་པར་ལྡང་སྟན་འཇིག་རྟེན་གྲུབ༔ རླུང་གི་དཀྱིལ་འཁོར་རྣམ་པར་དགོད་པ་ཞེས༔ སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཁམས་རྣམས་དབྱེ༔ རླུང་གི་དཀྱིལ་འཁོར་ཡོངས་སུ་འཛིན་པ་ཞེས༔ ཡོངས་སུ་བཟུང་བའི་ཕྱིར་ན་རླུང་ལྡང་ངོ་༔ རླུང་གི་དཀྱིལ་འཁོར་ཡོངས་སུ་སྐེམ་པ་ཞེས༔ ཆུ་ཡི་དཀྱིལ་འཁོར་ཡོངས་སུ་སྐེམ་ཕྱིར་ལྡང་༔ ཡོངས་སུ་གནས་པར་བྱེད་པའི་རླུང་བརྒྱད་ཡོད༔ ནང་བཅུད་སེམས་ཅན་ཇི་ལྟར་ཆགས་པ་ནི༔ སེམས་ཅན་རིགས་བྱེད་མི་འདྲ་མང་ན་ཡང་༔ རིགས་ནི་
ལྔ་རུ་མ་འདུས་མེད་དོ་གསུངས༔ དེ་ནི་འདབ་ཆགས་དང་ནི་སྡེར་ཆགས་དང་༔ རྨིག་ཟླུམ་དང་ནི་རྨིག་པ་ཁ་བྲག་དང་༔ འགྲེང་བུ་དང་ནི་རིགས་སུ་ཆགས་པ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔