(ལེའུ་བདུན་པ། འབངས་ཀྱི་སྤྱི་ཚིས་བཅས་པའི་སྐབས།)
འབངས་རྣམས་སྤྱི་
ཚིས་ཇི་ལྟར་བྱས་པ་ནི༔ རྒྱུན་ཆད་མེད་པའི་རྗེས་བརྗོད་བརྒྱད་ལྡན་ཏེ༔ སྤྱོད་ལམ་གཞན་ལ་ཡོངས་སུ་བརྟག་དང་གཅིག༔ ཡ་ཅར་བཀྲི་བ་ལུས་ཀྱི་བསྙེན་བཀུར་བཞི༔ ཁ་ཟས་དང་ནི་བཟའ་བཏུང་གཉིད་ལོག་དྲུག༔ འཁྲིག་སྤྱོད་དེ་དང་ལྡན་པ་རྩ་བ་བརྒྱད༔ འཇིག་རྟེན་པ་ཡི་སྤྱོད་པ་རྣམ་པ་བཅུ༔ སྨྲ་བའི་གཏམ་བྱེད་སོ་སོར་མགུ་བར་བྱེད༔ བག་མ་གཏོང་བ་བག་མ་ལེན་པ་ལྔ༔ འབོད་པ་ཡར་འདྲེན་ལྷག་པར་ཟ་བ་བརྒྱད༔ འདུས་ཟ་རྩོད་བྱུང་གཅིག་གྲོགས་གཅིག་གིས་བྱེད༔ རྒྱུག་ཚོགས་གཏམ་ནི་རྣམ་པ་གསུམ་ནས་གླེང་༔ ཡ་རབས་ཆོས་དང་ལྡན་པའི་གཏམ་ནས་གླེང་༔ མ་རབས་ཉེས་ཚོགས་ཉི་ཤུ་རྩ་གཉིས་གླེང་༔ ལུང་མ་བསྟན་པ་བཏང་སྙོམས་ཀུན་ནས་གླེང་༔ དང་པོ་སེམས་ཀྱི་སྒྲིབ་པ་སེལ་བྱེད་ཡིན༔ གཉིས་པ་ཉེས་ཚོགས་འཇལ་ལུགས་རྒྱུ་བྱེད་པ༔ བྲེ་སྲང་སྒྱུ་བྱེད་གཡོ་ཧམ་མགོ་སྐོར་བསྙོན༔ ལོག་པའི་ལམ་སྦྱོར་འཐབ་པ་མཚང་འདྲུ་དང་༔ རྩེད་དང་འགྱེད་
༄༅༔ ༔དང་གཤེ་བ་ཁྲོ་བ་དང་༔ དམ་བཅའ་བསྡིགས་དང་རྡེག་དང་གསོད་པ་དང་༔ འཆིང་དང་གོ་རར་འཇུག་པ་གཅོད་པ་དང་༔ ཡུག་པ་གཡོ་བྱེད་འདྲིད་པ་དྲག་ཤུལ་དང་༔ རྫུན་དུ་སྨྲ་བ་ཉེས་ཚོགས་ཉི་ཤུ་གཉིས༔ དེ་དག་ཡུལ་ཁྲིམས་སུན་དབྱུང་གཏན་ལ་དབབ༔ རྒྱགས་པ་རྣམ་བདུན་མཐུ་གཏད་སེར་གསུམ་འདུལ༔ འདུན་གྲོས་སྟོན་ཀའི་སྤར་སྤུར་འདྲ་བའི་གཙོ༔ ཟ་འདོད་རྒྱལ་པོའི་བཙུན་མོ་འདྲ་བའི་གཙོ༔ ཞལ་ལྕེ་དཔྱིད་ཀའི་འཁྱགས་རུམ་འདྲ་བའི་གཙོ༔ འདི་གསུམ་ཆེ་ཡང་མི་ལ་དགོས་པ་མེད༔ མི་ཕུགས་བླངས་ནས་འདོད་མོས་ཚོད་དང་སྦྱར༔ སྤྱི་དཔོན་ཕན་སེམས་འདུལ་སྐྱོང་མཁས་ཀྱིས་བྱེད༔ ཤ་ཚ་ཕན་སེམས་སྐྱོ་དུབ་མེད་གསུམ་འཛེམ༔ བོད་འབངས་མིག་རྣོ་རྣམས་ཀྱིས་མཐོང་ལེགས་ཏེ༔ འབངས་རྣམས་ཕྱུག་པ་གསུམ་ལས་མེད་པ་ཡིན༔ རབ་ནི་ཆོས་ཀྱིས་ཕྱུག་པས་ཆེན་པོ་ཡིན༔ འབྲིང་ནི་མི་ཡིས་ཕྱུག་པས་འབྲིང་པོ་ཡིན༔
ཐ་མ་ནོར་གྱིས་ཕྱུག་པ་མཐའ་མ་ཡིན༔ དེ་གསུམ་སྨོན་ལམ་འབྲེལ་པ་ཡོད་མེད་གདའ༔ འབངས་རྣམས་སྤྱི་ཚིས་བཅས་པའི་སྐབས་ཏེ་བདུན་པའོ༔ ཐྲཐཉྲརྦྱ།རྦྱ།༔ ༔