༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅོ་ལྔ་པ། མི་ཆོས་བསྟན་པའི་སྐབས།
Previous Chapter
Next Chapter

(ལེའུ་བཅོ་ལྔ་པ། མི་ཆོས་བསྟན་པའི་སྐབས།)

མི་ཆོས་རྩ་བ་རྣམ་པ་དགུ༔ སེང་གེའི་ཁོག་པ་དཔེར་བཞག་སྟེ༔ རྐང་གཡས་སྲིད་པའི་ཆགས་ལུགས་གླེང་༔ གཡོན་པ་སྐྱེ་འགྲོའི་བྱུང་ཚུལ་གླེང་༔ མཚང་ར་འཛམ་གླིང་ས་བཅད་གླེང་༔ ལག་གཡས་རྗེ་ཡི་གདུང་རབས་གླེང་༔ གཡོན་པ་འབངས་ཀྱི་མི་རབས་གླེང་༔ གུང་མོ་བསྟན་པའི་ཆགས་ལུགས་གླེང་༔ མཇིང་པ་རྗེ་འམ་མི་སྡེ་གླེང་༔ མགོ་བོ་ཕ་མའི་ཆོ་རིགས་གླེང་༔ མཇུག་མ་མཚོན་བྱེད་དགའ་བའི་གླུ༔ དེ་ནས་མི་ཆོས་ཇི་ལྟར་སྤེལ་བ་ནི༔ སྐྱེ་བོའི་དགོས་འདོད་འབྱུང་བ་མི་ཆོས་གཞི༔ འཇུག་པའི་སྒོ་ནི་འདོད་པའི་ཡོན་ཏན་ལྔ༔ སྲིད་པའི་རང་བཞིན་ཇི་སྲིད་འགྲུབ་པར་འགྱུར༔ བྱ་བ་ཐམས་ཅད་སྔོན་ལ་ལེགས་པར་

5-44b

བརྟག༔ མ་བརྟགས་བར་དུ་གང་ཡང་མི་བྱའོ༔ ཕོ་བཟོ་རྫུ་བག་ཡ་རབས་ཕོ་རྩལ་ཡིན༔ བཀོལ་པ་མཁས་ན་འཛམ་གླིང་རང་གི་མཛོད༔ གྲགས་པ་ཐམས་ཅད་སྐྱོན་གྱི་གོང་བུ་ཡིན༔ ཚོད་མ་ཟིན་ན་རང་དམའ་རང་གིས་ཕབ༔ འགྲོགས་པའི་མི་ལ་གཞུང་བཟང་བྱ་བ་ནི༔ ཕྱི་ཡི་རྒྱ་མཚོ་ཆེན་པོའི་དཔེ་དང་མཚུངས༔ ཆར་པས་མི་འཕེལ་ཐན་པས་མི་བྲིའོ༔ ངན་པའི་མི་ནི་ཆུ་བྲན་རྣམས་དང་འདྲ༔ ཅ་ཅོ་འདོན་ཅིང་སྐྱེ་འབྲི་བྱེད་པ་ཡིན༔ ཟས་ནོར་བློ་མ་ཁེངས་པས་ཁྲིམས་དང་འཛོལ༔ སྔགས་བོན་འགྲས་ན་འཕྲལ་ཕུགས་བཀྲ་མི་ཤིས༔ ལྷ་ཀླུ་གཉན་པོར་འགྲས་ན་འཕུང་ནས་འགྲོ༔ གཉན་སར་མནའ་ཟོས་ནད་མཛེས་མི་བརྒྱུད་འཆད༔ བསྲུང་བའི་ཚུལ་ཁྲིམས་ངོ་ཚ་ཁེངས་གྲགས་བསྲུང་༔ དཔའ་ལ་་་་ཟུངས་ཐུབ་དཔྱད་པ་ཆེ་བ་ལ༔ ཐམས་ཅད་འཇིགས་ཏེ་རང་ལ་རྫུན་མི་གཏོང་༔ ཕན་གནོད་མི་ནུས་མི་དང་འགྲོགས་མི་བྱ༔ མཐུན་པོ་ཁེངས་ལོག་རང་མགོ་

5-45a

༄༅༔       ༔རང་གིས་བརྡུང་༔ ཕན་གནོད་ནུས་པའི་མི་ནི་སྲང་རྡོ་འདྲ༔ ཅུང་ཟད་ཙམ་གྱིས་མཐོ་དམའ་ནུས་པ་ཡིན༔ ཁེ་བསྒྲུབ་ཉལ་འཕྱི་ལངས་སྔ་ཟས་ནོར་གསོག༔ ལག་རིས་དགྲ་འདུལ་གཉེན་སྐྱོང་འཁོར་གཡོག་བསྟེན༔ མ་རབས་གཤིབ་ཡུན་རིང་ན་སྤྱོད་ངན་འགོ༔ རིགས་མི་མཐུན་ཀྱང་དམ་ཚིག་གཅིག་གིས་བསྡུས༔ གྲོགས་ངན་ཐབས་ཀྱིས་སྤངས་ན་གང་བསམས་འགྲུབ༔ གནོད་འཚེ་ལས་སྐྱོབ་མཁར་ཁང་ཡང་ཐོག་བརྩིགས༔ ལུས་འཚོ་བྱེད་པར་ཟས་གོས་བོད་འབྲོག་བརྟེན༔ བདེ་བར་བྱེད་པ་གོ་ཆ་ནད་དང་མཚོན༔ མ་རུངས་འདུལ་བ་གྲོས་དང་འདུན་མ་འཆོས༔ འབངས་ལ་ཡོངས་སུ་བཟུང་བ་བཅུ་བདུན་བཀོལ༔ བདག་གཅེས་ཕ་མ་བུ་ཚ་ཆུང་མ་ལོང་༔ བྲན་ཕོ་བྲན་མོ་ལས་བྱེད་ཞོ་ཤ་འཚོ༔ མཛའ་བཤེས་ཉེ་དུ་བློན་པོ་སྣག་གཉེན་འཚམས༔ ཞིང་འཛིན་ཁྱིམ་འཛིན་ཟོང་དགྲམ་དངོས་པོ་གསོག༔ བསོད་ནམས་

5-45b

བྱ་བའི་དངོས་པོ་ལས་འཕགས་སྦྱོར༔ ལོངས་སྤྱོད་ཡོ་བྱད་བཅུ་བཞིས་སྤྱི་ཚིས་བྱ༔ ཟས་སྦྱིན་སྐོམ་བླུད་གོས་བསྐོན་བཞོན་པ་བསྟེན༔ རྒྱན་དང་གླུ་བྲོ་བཞད་གད་རོལ་མོ་སྒྲོག༔ སྤོས་འབུལ་མེ་ཏོག་འཕྲེང་བ་བྱུག་པ་བྱུག༔ སྣོད་སྤྱད་སྣང་བ་ཕོ་མོ་དགའ་མགུར་སྤྱོད༔ སྒོམ་པའི་གཙུག་ལག་ཐམས་ཅད་མཁས་པར་སློབ༔ ཅི་ལ་ཡང་ནི་རན་ཚོད་ཟིན་པར་བྱ༔ མ་བརྟགས་མི་ལ་རྟོགས་འདོད་མི་སྨྲའོ༔ མཐོན་པོར་མིག་བལྟ་གོང་མའི་རྗེས་སུ་སྙེག༔ ཕ་མའི་དྲིན་ལན་ལན་གྱིས་བླན་པ་དང་༔ ཕོ་ནུ་ཕ་ཚན་ནང་དུ་ཤོངས་ཡངས་ཆེ༔ རྒན་རབས་རྣམས་ལ་རིམ་གྱིས་བཀུར་སྟི་བྱ༔ ཁྱིམ་ཚེས་ཕན་ཚུན་མི་འཐབ་བྱམས་པ་བྱ༔ ཤ་དག་དགའ་བ་ཤེས་པས་ཕན་གདགས་སློབ༔ སྲིད་གཉེན་འདུན་ལ་ཟ་ཆུ་གང་བྱུང་སྦྱིན༔ ལྟོགས་པའི་མི་ནི་དྲིན་གྱིས་སྐྱབས་འོག་གཞུག༔ རྒྱལ་ཁམས་ཡོངས་ཀུན་གོང་བཞིན་བདེ་བར་བྱ༔ ལས་འབྲས་རྣམ་པར་སྨིན་ལ་འཛེམ་པ་

5-46a

༄༅༔       ༔དང་༔ ཡངས་པའི་དྲིན་གྱིས་གཞི་བཟུང་མི་ཆོས་ཡིན༔ མི་ཆོས་བྱང་ཆུབ་སེམས་དཔས་ཉི་ཤུར་བཤད༔ མི་ཆོས་རྟོག་པའི་ལྟ་བ་རྣམ་པ་བཅུ༔ ལུས་སྲོག་ཁེ་ཉེན་མི་ལྟ་བློ་ཕུགས་ཆོས༔ མདོ་སྔགས་འབྲི་ཀློག་བླ་མཆོད་བླ་མ་བསྟན༔ བློ་རྒྱ་མ་ཆུང་གདམས་པ་ཀུན་ནས་ལོངས༔ མཁས་པར་བསླབས་ན་གཞན་ལས་ཁྱད་པར་འཕགས༔ ཞབས་ཏོག་ཆེ་ན་གདམས་པ་ཟབ་རྒུ་ལོན༔ ཡོན་ཏན་ཡིད་བཞིན་ནོར་བུ་འཛད་བྱ་མེད༔ སྒྱུ་མའི་ནོར་ལ་འཛད་འོང་བློ་མ་གཏད༔ བསླབ་པའི་ཡོན་ཏན་གྲངས་མང་བསམ་ཡས་ཀྱང་༔ འབྲི་ཀློག་གཉིས་ནི་ཡོན་ཏན་གཞི་མ་ཡིན༔ ཕ་ངན་བུ་ངན་སློབ་ངན་སྤྲང་པོའི་རྒྱུ༔ མཁས་པ་ཐམས་ཅད་སློབ་པའི་དུས་ན་སྡུག༔ སྐྱིད་པོ་བྱས་པའི་ལོ་པཎ་རྒྱ་བོད་མེད༔ འཇིག་རྟེན་པ་ནི་སློབ་མི་དགོས་ཏེ་ཤེས༔ ཡོན་ཏན་མཁས་པའི་གོང་ན་ཡོད་པ་མིན༔ ཕྱིན་ལོག་མི་དགེ་བཅུ་སྤྱོད་བུ་མིན་

5-46b

དགྲ༔ བཀའ་གཞུང་མཐུན་པར་མི་བྱེད་བསྟན་པའི་སེལ༔ མི་ཆོས་ཞིང་དང་འདྲ་བ་ལ་བརྟེན་ནས༔ ལྷ་ཆོས་འབྲས་བུ་འདྲ་བ་འབྱུང་བྱའི་ཕྱིར༔ ཆོས་སྒོར་ཞུགས་ནས་སྡོམ་པ་བླངས་པ་ཡིས༔ མཐོ་རིས་ཡོན་ཏན་བདུན་ལྡན་འཐོབ་པར་འགྱུར༔ མི་ཆོས་གྲུབ་པའི་ཚུལ་དགུ་སྟེ༔ གསོག་པ་ལ་ནི་མི་འཕྱ་མེད༔ ཡོད་པ་ལ་ནི་མི་སྨོན་མེད༔ མི་ཁྱད་ནོར་གྱིས་ཕྱེ་བ་ཡིན༔ མི་གྲལ་ཞུགས་ན་ཟས་ནོར་བསྟེན༔ མནའ་མ་ཁུངས་ནས་ལེན་པ་ཡིན༔ སྒྲོ་འདོགས་བཅད་ནས་དང་དུ་བླང་༔ བུ་སྲིང་སྐྱིད་སར་གཏོད་པ་ཡིན༔ ངེས་ཤེས་སྐྱེས་ན་བློ་ཐག་ཆོད༔ བདེན་མེད་སྒྱུ་མའི་ཆོས་རྣམས་ལ༔ བདེན་པར་བཟུང་བས་བསླུས་པ་ཡིན༔ རྫོངས་གསུམ་ཕོགས་གཉིས་མཐོང་ལུགས་བརྟག༔ ཟང་ཟིང་ནོར་གྱི་རྫོངས་ཟད་འོང་༔ ལུས་སེམས་གཉིས་པོ་ཟད་གྱེས་བྱེད༔ ཕ་མིང་དཔུང་པའི་རྫོངས་ཆེ་རྣ་བར་སྙན༔ རང་མ་ཕེར་ན་ཕ་མིང་ངན་མཚང་བླུགས༔ སྒོ་ལྟོ་

5-47a

༄༅༔        ༔སྟན་གྱི་རྫོངས་ཆེ་རྒྱུད་མི་དཀྲུག༔ ལྟ་བ་ངན་པས་མ་གོས་མངོན་དུ་བྱེད༔ དགྱེས་པའི་འཛུམ་ལྡན་དེ་ནི་མི་ཡི་མཆོག༔ སྲོག་ལ་བབ་ཀྱང་མི་འཕངས་དཀའ་སྤྱད་ནས༔ སྣ་ཚོགས་ཐབས་ཀྱིས་རྩོལ་སྒྲུབ་བྱེད་པར་ནུས༔ འདི་ཕྱི་གཉིས་ཀར་ཡོད་པས་ཕོ་རབས་ཡིན༔ མི་ནག་བོད་འབྲོག་ཕོགས་ན་འཁོར་བར་འཁྱམས༔ མེད་འཚོལ་ནོར་བསྒྱུར་ཕོགས་ནི་ཤུགས་ལས་མཐའ༔ ཡོ་སྲོང་ཡིད་འོང་མང་པོས་མཐའ་མ་བསྐོར༔ མི་ཆོས་འབྲས་བུ་སྐྱེ་འཆི་མཐའ་རུ་ཕྱིན༔ ཆེ་ཞིང་མཁས་ཀྱང་ཀུན་དང་སྤྱོད་པ་བསྟུན༔ དཀོན་ཅོག་མཆོད་དང་རྗེ་ལ་བཀུར་བ་དང་༔ དགྲ་རྣམས་འདུལ་དང་སྲིད་རྣམས་སྐྱོང་བ་དང་༔ ཉེ་རོགས་སེམས་བཟུང་སོ་ནམ་དུས་སུ་བྱ༔ བུ་འབོགས་པ་དང་བུ་མོ་རྫོང་བའོ༔ མི་ཆོས་ཀྱི་སྐབས་ཏེ་བཅོ་ལྔ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔