༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་དྲུག་པ། སྐུ་གསུམ་གྱིས་གསུངས་པ་ཆོས་ཡིན་པའི་སྐབས།
Previous Chapter
Next Chapter

(ལེའུ་བཅུ་དྲུག་པ། སྐུ་གསུམ་གྱིས་གསུངས་པ་ཆོས་ཡིན་པའི་སྐབས།)

ཆོས་དང་ཆོས་མིན་ཇི་ལྟར་ཕྱེ་བ་དང་༔ ཞེས་པས༔ བཀའ་ཡི་ཕུན་སུམ་ཚོགས་

5-47b

པ་ལྔ་ནས་གླེང་༔ སྟོན་པ་གནས་དང་དུས་དང་འཁོར་དང་ཆོས༔ བསྟན་བཅོས་ཡིན་ན་རྩིས་མགོ་ལྔ་ནས་གླེང་༔ མཆོད་བརྗོད་ཁུངས་བཙུན་གར་གཏོགས་དོན་དུ་བསྟན༔ དགོས་ཆེད་སུ་ཡི་དོན་དུ་བརྩམས་པའོ༔ ལུང་ཆོས་ཡིན་ན་ལུང་གི་མཐའ་བཞི་གླེང་༔ མདོ་རྒྱུད་ལོ་པཎ་ལུང་དྲངས་མཐའ་བཞིའོ༔ མན་ངག་ཡིན་ན་དཔེ་དོན་རྟགས་གསུམ་གླེང་༔ ཆོས་ལ་མང་ཡང་སྐུ་གསུམ་མ་འདུས་མེད༔ ཆོས་སྐུས་གསུངས་པའི་བསྐྱེད་རྫོགས་གསུམ་ནས་གླེང་༔ ལོངས་སྐུས་གསུངས་པའི་ཀྲྀ་ཡོག་གསུམ་ནས་གླེང་༔ སྤྲུལ་སྐུས་གསུངས་པའི་སྡེ་སྣོད་གསུམ་ནས་གླེང་༔ སྐུ་གསུམ་དབྱེར་མེད་གསུངས་པའི་སྤྱི་མཐའ་གསུམ༔ དང་པོ་དབང་པོ་རབ་ཀྱི་བསྐྱེད་རྫོགས་གསུམ༔ གཉིས་པ་དབང་པོ་འབྲིང་གི་བྱ་སྤྱོད་གསུམ༔ གསུམ་པ་དབང་པོ་ཐ་མའི་ཉན་རང་གསུམ༔ བཞི་པ་དབང་པོ་ཡང་རབ་ཆོས་སུ་བསྟན༔ བཅོམ་ལྡན་འདས་ཉིད་དགུང་ལོ་དུ་ལ་རབ་ཏུ་བྱུང་༔ དགུང་ལོ་དུ་ལ་ངེས་པར་

5-48a

༄༅༔       ༔མངོན་འཚང་རྒྱ༔ དགུང་ལོ་དུ་ཡི་བར་དུ་ཆོས་འཁོར་བསྐོར༔ དགུང་ལོ་དུ་ལ་མྱ་ངན་འདས་པའོ༔ དྲན་པ་ཉེ་བར་གཞག་པའི་མདོ་ལས་སུ༔ ང་ནི་ལོ་གྲངས་ཉི་ཤུ་དགུ་ལོན་ནས༔ དགེ་བ་གང་ཡིན་འཚོལ་ཕྱིར་རབ་ཏུ་བྱུང་༔ སུམ་ཅུ་སོ་ལྔ་ལ་ནི་མངོན་འཚང་རྒྱ༔ བརྒྱད་ཅུ་རྩ་གཉིས་བར་དུ་ཆོས་འཁོར་བསྐོར༔ རྩྭ་མཆོག་གྲོང་དུ་ང་ཉིད་མྱ་ངན་འདའ༔ ཞེས་གསུངས་སོ༔ ཉན་ཐོས་ཐེག་པ་ཝ་ར་ཎཱ་སིར་གསུངས༔ ཉན་པའི་འཁོར་ནི་ལྔ་སྡེ་བཟང་པོའོ༔ ཅང་ཤེས་ཀོའུ་དི་ནྱ་དང་༔ རྟ་ཐུལ་རླངས་པ་བ་ལང་བདག༔ མིང་ཅན་ལྔ་རྣམས་ཉན་ཐོས་འཁོར༔ བསྟན་པའི་ཆོས་ནི་དམ་ཆོས་འདུལ་བ་ཡིན༔ སོ་ཐར་རིགས་ནི་བདུན་ནམ་བརྒྱད་དུ་བསྟན༔ དགེ་བསྙེན་ཕོ་མོ་དགེ་ཚུལ་ཕོ་མོ་གཉིས༔ དགེ་སློང་ཕོ་མོ་གཉིས་དང་བར་སློབ་མ༔ བསྙེན་གནས་ཡན་ལག་བརྒྱད་པ་རྩ་བ་བཞི༔ སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད༔ ངག་རྫུན་མི་དགེ་སྨྲ་བ་དང་

5-48b

བཅས་པ༔ ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་དང་༔ རྒྱན་དང་བྱུག་པ་གླུ་གར་འཕྲེང་ཁྲི་སྤོང་༔ བསྙེན་གནས་ཁྱིམ་པ་ཕོ་མོའི་ཆོས་སུ་བསྟན༔ ཉན་ཐོས་སུམ་ཅུ་རྩ་བདུན་ཐེག་པ་བཞི༔ རང་རྒྱུད་པ་དང་སྒྲ་གཅན་འཛིན་པ་དང་༔ ཞི་བ་ཁྲོ་དང་འོད་སྲུངས་དང་༔ སྤྲུལ་པའི་ཉན་ཐོས་རབ་འབྱོར་ཤཱ་རིའི་བུ༔ དེ་བཞིན་གྲུབ་མཐའ་འཛིན་པའི་ཉན་ཐོས་དང་༔ དེ་བཞིན་མདོ་སྡེ་པ་དང་བྱེ་བྲག་པ༔ ཉན་ཐོས་སྡེ་པ་བཅོ་བརྒྱད་པ་རུ་གྲགས༔ དམ་ཆོས་འདུལ་བ་ཡོད་ན་བསྟན་པ་ཡོད༔ དམ་ཆོས་འདུལ་བ་མེད་ན་བསྟན་པ་མེད༔ རང་སངས་རྒྱས་ནི་མ་ག་དྷ་རུ་གསུངས༔ ཉན་པའི་འཁོར་ནི་ཉན་ཐོས་མཆོག་ཆེན་བརྒྱད༔ ཤེས་རབ་ཅན་གྱི་མཆོག་ནི་ཤཱ་རིའི་བུ༔ རྫུ་འཕྲུལ་ཅན་གྱི་.མཆོག་མཽ་གལ་གྱི་བུ༔ ཟབ་མོ་ལ་མོས་མཆོག་ནི་རབ་འབྱོར་དང་༔ ལྷ་ཡི་མིག་ལྡན་མཆོག་ནི་མ་འགགས་པ༔ མལ་སྟན་ཀོ་བའི་མཆོག་ནི་གྱད་ནོར་བུ༔ ཁྱིམ་བདག་དད་པ་སྐྱེས་མཆོག་ཆར་ཁ་

5-49a

༄༅༔       ༔དང་༔ མང་དུ་ཐོས་པའི་མཆོག་ནི་ཀུན་དགའ་བོ༔ བསླབ་པ་ལ་གུས་མཆོག་ནི་སྒྲ་གཅན་འཛིན༔ རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཆོས༔ བྱང་སེམས་ཐེག་པ་ནཱ་ལན་དཱ་རུ་གསུངས༔ ཉན་པའི་འཁོར་ནི་སྤྱན་རས་གཟིགས་དང་བྱམས༔ བྱང་ཆུབ་སེམས་དཔའ་རྣམ་གྲོལ་སྡེ་རྣམས་ཡིན༔ བསྟན་པའི་ཆོས་ནི་རྒྱས་འབྲིང་རྣམ་གསུམ་ཡིན༔ ཤེར་སྙིང་ཡི་གེ་གཅིག་མ་ཡན་ཆད་ཡིན༔ རང་དོན་ལ་ནི་མ་ལྟོས་ཚད་མེད་བཞི༔ བྱམས་པ་ལྔ་དང་སྙིང་རྗེ་ལྔ་དང་ནི༔ དགའ་བ་ལྔ་དང་བཏང་སྙོམས་ལྔ་པོ་ལ༔ ཕྱི་ནང་གསང་བ་རྡོ་རྗེ་ལྟ་བུའོ༔ བསྡུས་པས་བརྒྱ་དང་ཉི་ཤུ་སེམས་བསྐྱེད་ཡིན༔ ཕ་རོལ་ཕྱིན་པ་བཅུ་རུ་མ་འདུས་མེད༔ སྐུ་གསུམ་དབྱེར་མེད་གསུངས་པ་ཀུན་ཏུ་འཆང་༔ གང་ཟག་དབང་པོ་ཡང་རབ་ཕུལ་ཕྱིན་ཆོས༔ ནོར་བུ་རིན་ཆེན་འདྲ་དེ་བཤད་པར་འཕངས༔ སྐལ་བར་མི་ལྡན་རྣམས་ལ་འབྱམས་ཀྱིས་དོགས༔ འབྱམས་ན་

5-49b

མཁའ་འགྲོ་རྣམས་ཀྱིས་ཆད་པ་འོང་༔ སུ་དགའ་ལ་བཤད་བླ་མའི་ཐུགས་ཀྱང་འཁྲུགས༔ རང་གི་སྒོ་གསུམ་ཉམས་པར་འགྱུར་བ་ཡིན༔ དབང་གི་མཚན་ཉིད་ཕྱི་ནང་གསང་བ་གསུམ༔ ལུས་ནི་སྨིན་པར་བྱེད་པ་ཕྱི་ཡི་དབང་༔ བསྐྱེད་པ་མ་ཧཱ་ཡོ་ག་བུམ་པའི་དབང་༔ རྫས་ནི་ལྔ་ལྔ་ཉེར་ལྔ་སྐུ་རྡོ་རྗེར༔ མ་རིག་རིག་པའི་ཡེ་ཤེས་བསྐྱེད་པའི་ལམ༔ ཕུན་སུམ་ཚོགས་པ་ལྔ་ཡིས་བསྒྲུབ་གཞི་གཟུང་༔ རྡོ་རྗེ་སློབ་དཔོན་ཆས་བརྒྱད་དབང་ཆས་བཅུ༔ དལ་འབྱོར་བཅོ་བརྒྱད་རྙེད་དཀའ་འཇིག་སླ་བསྟན༔ སྡིག་བཅུ་བྱས་པའི་ཉེས་དམིགས་ངན་སོང་གསུམ༔ དགེ་བཅུ་བྱས་པའི་ཕན་ཡོན་མཐོ་རིས་གསུམ༔ སྒྲིབ་པ་བཅུ་སྦྱངས་ཚོགས་གཉིས་གསོག་ལ་འབད༔ གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས༔ ཐུན་མོང་སྐྱབས་འགྲོ་རྩ་བ་བཞི་སྦྱིན་ལམ༔ ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བླ་སློབ་དཀྱིལ་འཁོར་འཇུག་ཅིང་མིག་རས་དགབ༔ མིག་ཕྱེ་དཀྱིལ་འཁོར་བསྟན་ལ་

5-50a

༄༅༔       ༔བསྒོམ༔ གལ་ནི་གསང་མཚན་འདོགས་པ་ཆེ༔ ཐུན་མོང་རིག་པའི་དབང་ལྔ་གསར༔ ཕྱི་བུམ་ཕན་པའི་དབང་བཅུ་བསྐུར༔ སྐུ་བསྟན་ཕྱག་རྒྱ་གཉིས་སུ་མེད་པར་བསྐུར༔ ལྷ་དབབ་ཡེ་ཤེས་ལྷ་དབང་སྐུ་གསུང་ཐུགས༔ ཕན་གནོད་ལས་ཀྱི་ཕྱག་རྒྱས་བཀའ་སོང་ནས༔ ཇི་ལྟར་ཞུས་པའི་དབང་བསྐུར་དམ་ཚིག་དབབ༔ མེ་ཏོག་གང་ཕོག་ལྷ་ཡིན་དེར་མངའ་གསོལ༔ དཔལ་གྱི་ཆས་བརྒྱད་དུར་ཁྲོད་ཆས་བརྒྱད་དང་༔ རུས་པའི་རྒྱན་དྲུག་ཆས་ཀྱིས་མངའ་གསོལ་ལོ༔ བཀྲ་ཤིས་རྫས་བརྒྱད་མཇུག་བསྡུས་མངའ་གསོལ་ལོ༔ ཡར་དྲངས་དབུ་ལ་གདུགས་ཀྱིས་མངའ་གསོལ་ལོ༔ ལྗགས་ལ་པདྨའི་མངའ་གསོལ་ལོ༔ ཚེམས་ལ་དུང་གི་མངའ་གསོལ་ལོ༔ མགུལ་ལ་བུམ་པའི་མངའ་གསོལ་ལོ༔ ཐུགས་ལ་དཔལ་བེའུས་མངའ་གསོལ་ལོ༔ ཉྭ་བཞིར་གསེར་ཉའི་མངའ་གསོལ་ལོ༔ ཕྱག་ཞབས་འཁོར་ལོའི་མངའ་གསོལ་ལོ༔

5-50b

སྐུ་ལ་རྒྱལ་མཚན་མངའ་གསོལ་ལོ༔ ས་བརྒྱད་ནོན་ཏེ་སྐལ་བར་ས་བརྒྱད་ལྡན༔ དགེ་བསྙེན་ཉིད་འགྱུར་བཅུ་གཉིས་འབྲས་བུ་ཐོབ༔ གཉིས་པ་དག་སྨིན་བྱེད་པ་ནང་གི་དབང་༔ ལུང་ཨ་ནུ་ཡོ་ག་གསང་བའི་དབང་༔ བྱང་སེམས་གསུང་དབང་རྒྱལ་བའི་གསུང་རྡོ་རྗེ༔ རྣམ་རྟོག་ནད་སེལ་བདུད་རྩི་སྨན་གྱི་མཆོག༔ འདིར་ནི་ཤེས་རབ་ཏིང་ངེ་འཛིན་གྱི་དབང་༔ ཡོ་བྱད་རྣམ་པ་གཉིས་ཀྱིས་བསྒྲུབ་གཞི་གཟུང་༔ བཀའ་བརྒྱུད་ལུང་དང་མཐུན་པའི་དབང་བསྐུར་ཏེ༔ གསང་བའི་དབང་གི་ཆས་ལྔ་ལ་བརྟེན་ནས༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་བཤད༔ བདུད་རྩི་དང་ནི་གཉིས་སུ་མེད་པར་བསྐུར༔ ཕན་ཡོན་ཚེ་འདིར་འབྱོར་པ་ལྡན་པར་འགྱུར༔ ཕྱི་མར་ཡེ་ཤེས་མཆོག་གི་ས་བོན་ལས༔ སེམས་དབང་པ་ནི་ཏིང་ངེ་འཛིན་ཞེས་བྱ༔ ཆོས་ལ་དབང་བ་ཤེས་རབ་ཡེ་ཤེས་ཏེ༔ སེམས་ཆོས་འདྲེས་པ་ཤེས་རབ་མཆོག་ཅེས་བྱ༔ གསང་བའི་དབང་ཞེས་བྱ་བ་ནི༔ སངས་རྒྱས་

5-51a

༄༅༔       ༔ལོགས་ནས་མི་འཚོལ་བས༔ གསང་བའི་དབང་ཞེས་བྱ་བའོ༔ གསང་བའི་དབང་གི་ངོ་བོ་བྱང་ཆུབ་སེམས༔ ངེས་ཚིག་ཕྱི་ནང་གསང་བའི་ཆོས་རྣམས་ལ༔ དབང་བྱར་ཡོད་པས་དབང་ཞེས་བྱ་བ་སྟེ༔ དམ་ཚིག་གཙང་དམེ་སྤྱོད་པ་ས་དགུ་ནོན༔ དགེ་ཚུལ་ཉིད་དུ་བཅུ་གསུམ་པ་ཡི་ས༔ ཡི་གེ་འཁོར་ལོ་ཚོགས་ཆེན་ཡོན་ཏན་ཐོབ༔ གསུམ་པ་སེམས་སྨིན་ཤེས་རབ་ཡེ་ཤེས་དབང་༔ རྫོགས་པ་ཨ་ཏི་ཡོ་ག་ཕྱི་ནང་གསང་༔ འབེབས་ལྡོག་ཐུགས་དབང་རྒྱལ་བའི་ཐུགས་རྡོ་རྗེ༔ གཟུང་འཛིན་བག་ཆགས་དྭོགས་པ་མེད༔ བདེ་སྟོང་ཡེ་ཤེས་ཆོས་ཉིད་མཁའ༔ ངང་དང་རང་བཞིན་བདག་ཉིད་ཆེན་པོ་གསུམ༔ ཤེས་རབ་དབང་བསྐུར་ཐབས་ནི་ཆས་གསུམ་ཆས་གསུམ་བསྟེན༔ འདོད་ཆགས་དག་པ་དགེ་སློང་མཆོག༔ དམ་ཚིག་དངོས་སྤྱོད་ས་ནི་བཅུ་པ་ནོན༔ བཅུ་བཞི་བདེ་བ་ཆེན་པོ་ཐོབ༔ བཞི་པ་རང་རིག་རྩལ་གྱི་དབང་༔ ཡིད་ཆེས་རྣམ་པ་བཅུ་འབྱུང་སྟེ༔

5-51b

སྡོམ་པ་བསླབ་པ་དམ་ཚིག་གསུམ༔ སྐྱོན་ལ་དངོས་གཞི་མེད་པར་ཡིད་ཆེས་སོ༔ གཉིས་མེད་རྟོགས་པའི་སྐད་ཅིག་ལ༔ ཡུལ་སེམས་གཉིས་སུ་མེད་པར་ཡིད་ཆེས་སོ༔ འཁོར་བ་མ་སྤངས་རང་སར་གྲོལ༔ སངས་རྒྱས་ལོགས་ན་མེད་པར་ཡིད་ཆེས་སོ༔ མྱང་འདས་མ་བསྒྲུབས་ལྷུན་གྱིས་གྲུབ༔ ཡེ་ཤེས་རྒྱུན་དུ་འཆར་བར་ཡིད་ཆེས་སོ༔ འཁོར་འདས་རང་གྲོལ་གཉུག་མའི་ངང་༔ རང་བཞིན་འགགས་པ་མེད་པར་ཡིད་ཆེས་སོ༔ ཟུང་འཇུག་བདེ་བ་ཆེན་པོའི་སྐུ༔ འཕོ་འགྱུར་ཉམ་མི་ང་བར་ཡིད་ཆེས་སོ༔ གཞི་བདེ་ལམ་བདེ་འབྲས་བུ་བདེ༔ འཆི་འཕོའི་འཇིགས་པ་བྲལ་བར་ཡིད་ཆེས་སོ༔ བདེ་བ་ལས་ནི་བདེ་བ་འབྱུང་༔ ལྟུང་གོལ་གཡེང་བ་མེད་པར་ཡིད་ཆེས་སོ༔ བདེ་བའི་འབྱུང་གནས་རྡོ་རྗེ་འཆང་༔ རིགས་དྲུག་སྡུག་བསྔལ་རང་ལས་བྱུང་བར་ཡིད་ཆེས་སོ༔ སྣང་བ་ཐམས་ཅད་ཆོས་སྐུའི་འོད༔ བག་ཆགས་གོལ་ས་མེད་པར་ཡིད་

5-52a

༄༅༔       ༔ཆེས་སོ༔ དབང་བསྐུར་བྱས་ནས་ཅི་བྱེད་ན༔ རྫོགས་པའི་སདྱས་སྒྲུབ་པར་བྱེད༔ འཇིག་རྟེན་བདེ་བ་མི་བསྒྲུབ་བོ༔ འདས་པའི་བདེ་བ་བསྒྲུབ་དགོས་ལ་༔ ཉན་རང་དག་གིས་མི་ཆོག་ན༔ བྱང་ཆུབ་སེམས་དཔས་ཅི་མི་ཆོག༔ ཤེས་སྒྲིབ་ཉོན་སྒྲིབ་བག་ལ་ཉལ༔ ཤེས་སྒྲིབ་ཡོད་པས་དབང་དགོས་སོ༔ བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་འགྱུར༔ བསྐལ་པ་མ་ཆགས་པདྨ་ཅན་དང་ལྡན༔ དེ་དག་ཀུན་གྱི་ཆོས་ཀྱི་གཞི་མ་ནི༔ དམ་ཚིག་ཡིན་པར་ཀུན་ཏུ་བཟང་པོས་གསུངས༔ དམ་ཚིག་ཉམས་པའི་མི་དག་ལ༔ རྨི་ལམ་ངན་པ་ཐམས་ཅད་རྨི༔ མཚན་མ་ངན་པ་ཐམས་ཅད་འབྱུང༔ ལྟས་ངན་ཐམས་ཅད་འབྱུང་བ་ཡིན༔ ལོ་སྐེག་ཟླ་སྐེག་ཞག་གི་སྐེག༔ དུས་མ་ཡིན་པས་འཆི་བར་འགྱུར༔ གཤིན་རྗེའི་ཞགས་པ་ཐམས་ཅད་གདེངས༔ གདོན་བགེགས་ཆེ་རྒུ་ཐམས་ཅད་གནོད༔ བཀྲ་མི་ཤིས་པ་ཐམས་ཅད་འབྱུང་༔

5-52b

རྣམ་པར་གཡེང་བ་ཐམས་ཅད་འདུ༔ རིམས་ཀྱི་ནད་རིགས་ཐམས་ཅད་འགོ༔ ཀླུ་དང་ས་བདག་གཉན་རྣམས་གནོད༔ རྒྱལ་པོ་མེ་ཆུ་ཆོམ་རྐུན་དུག༔ འཇིགས་པ་བཅུ་དྲུག་ཚེ་འདིར་འབྱུང་༔ གཞན་ལས་དམ་ཉམས་སློབ་མར་མིན༔ དམ་ཚིག་ཉམས་པའི་མི་དག་དང་༔ ཡུལ་ལུང་གཅིག་ཏུ་མི་བསྡད་ཅིང་༔ ཆུ་ཡང་གཅིག་ལ་མི་འཐུང་ངོ་༔ རྫོགས་པ་ཆེན་པོའི་ཆོས་ལུགས་བཞི༔ རྒྱལ་པོའི་ཆོས་ལུགས་དང་ནི་གཅིག༔ འཕགས་པའི་ཆོས་ལུགས་དང་ནི་གཉིས༔ རྒྱལ་མོའི་ཆོས་ལུགས་དང་ནི་གསུམ༔ བྲམ་ཟེའི་ཆོས་ལུགས་དང་ནི་བཞི༔ དང་པོ་རྒྱལ་པོའི་ཆོས་ལུགས་ནི༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡིས༔ དགའ་བ་བཞི་ཡི་དབང་བཞི་བསྐུར༔ གོལ་ས་གླང་པོ་སུན་འབྱིན་རྒྱུད༔ རྒྱལ་པོ་ཛ་ཡིས་ཆོས་བཞིར་བཤད༔ རྒྱལ་པོ་ལྟ་བ་ལ་ཟླའི་རྒྱུད༔ ཛ་ཡིས་ཨིནྡྲ་བྷཱུ་ཏིར་བཤད༔ དཀྱིལ་འཁོར་ལམ་ལྔ་ས་བཅུ་དྲུག༔ དེ་ནས་

5-53a

༄༅༔       ༔རིམ་པར་བརྒྱུད་པའོ༔ གཉིས་པ་འཕགས་པའི་ཆོས་ལུགས་ནི༔ ཕྱག་རྡོར་རླུང་བཅུའི་མན་ངག་ལ་བརྟེན་ནས༔ ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་རྣམས༔ སློབ་དཔོན་ཀླུ་སྒྲུབ་ལ་ནི་བཤད༔ དེ་ནས་རིག་འཛིན་མཁའ་འགྲོས་སྦས༔ གསུམ་པ་རྒྱལ་མོའི་ཆོས་ལུགས་ནི༔ རྩ་བའི་མན་ངག་ལ་བརྟེན་ནས༔ རྒྱལ་མོ་འདའ་ས་རོ་འདའ་ལ་ནི་བཤད༔ བཞི་པ་བྲམ་ཟེའི་ཆོས་ལུགས་ནི༔ བྲམ་ཟེའི་ཐེག་པ་ཤན་འབྱེད་རྒྱུད༔ སྲོག་གི་དབང་པོའི་མན་ངག་ལ་བརྟེན་ནས༔ བྲམ་ཟེ་ཨ་ཝ་དྷཱུ་ཏཱི་པ་ལ་བཤད༔ དེ་ནས་རིམ་པར་བརྒྱུད་པའོ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡིས༔ ཨོ་རྒྱན་ཡུལ་དུ་བྱོན་ནས་སུ༔ རྡོ་རྗེ་ཕག་མོ་ལ་ནི་གནང་༔ དེས་ནི་ས་ར་ཧ་ལ་གནང་༔ དེས་ཡུལ་ཁ་ཆེ་ནཱ་རོ་པ༔ དེ་ལས་བཞི་རུ་གྱེས་པའོ༔ སངས་རྒྱས་ཡེ་ཤེས་བཞི་ག་བབས༔ རྩ་རྒྱུད་ཀུན་བྱེད་རྒྱལ་པོ་ལ༔ བཤད་པའི་རྒྱུད་ནི་མདོ་འགྲེལ་བཅུ༔

5-53b

སྔ་འགྱུར་ལྔ་དང་སེམས་མདོ་བཅུ་གསུམ་པ༔ བཤད་པའི་རྒྱུད་ལ་མདོ་འགྲེལ་ལྔ༔ རྒྱུད་པ་ཕྱི་མ་ལ་ནི་གཉིས༔ མ་ཚང་ཁ་སྐོང་རྒྱུད་ཕྱི་པ༔ ཞུས་པ་ལན་འདེབས་རྒྱུད་ཕྱི་པ༔ མ་ཚང་ཁ་སྐོང་ཕྱི་པ་ནི༔ སྦས་ཟབ་རྡོ་རྗེ་མདུང་རྩེའི་རྒྱུད༔ ཞུས་པ་ལན་འདེབས་ཕྱེ་བ་ནི༔ ཉ་མོ་བག་ལ་ཉལ་གྱི་རྒྱུད༔ སྤྱི་ཏི་ཆེ་ཆུང་གཉིས་སུ་ཡོད༔ བསྐལ་པ་དུམ་བུའི་རྒྱུད་ལ་ནི༔ རྒྱུད་ཀྱི་ཡིག་མེད་སུམ་ཅུ་གསུམ༔ ལུང་གི་ཡིག་མེད་སུམ་ཅུ་ལྔ༔ མན་ངག་ཡིག་མེད་བཅོ་བརྒྱད་དོ༔ ལྟ་བ་ཕྱོགས་རིས་མེད་པ་དང་༔ སྤྲོ་བསྡུ་མེད་པའི་དོན་དགོས་པས༔ ལྟ་བ་ཁྱུང་ཆེན་ལྡིང་བ་ནི༔ གདམས་ངག་བདུན་ཅུ་རྩ་བརྒྱད་སྟོན༔ བླང་དོར་མེད་པ་ལ་དོར་དགོས༔ རྨད་བྱུང་ཆེ་ཆུང་གསུམ་དུ་བསྣན༔ དོན་ཉམས་བླང་བ་བསྒོམ་དགོས་པས༔ བྱང་ཆུབ་སེམས་བསྒོམ་བསྟན་པ་ཡིན༔ ཤེས་བྱའི་འབྱུང་ས་གདམས་དགོས་པས༔ རྩལ་ཆེན་སྤྲུགས་པ་བསྟན་པ་ཡིན༔ ཟབ་མོའི་གདམས་

5-54a

༄༅༔       ༔ངག་བཅོ་ལྔ་སྟོན༔ དེ་རྣམས་དུས་མཚམས་སྦྱར་དགོས་པས༔ རིག་པའི་ཁུ་བྱུག་བསྟན་པ་ཡིན༔ སྒོམ་པའི་གདམས་ངག་བཅུ་གཉིས་སྟོན༔ མི་ནུབ་རྒྱལ་མཚན་རྩེར་འདོན་པས༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ མན་ངག་གཟེ་རུ་བརྒྱ་དང་བརྒྱད་ཅུ་གཉིས༔ རྩེ་མོ་བྱུང་རྒྱལ་མན་ངག་མི་འདྲ་བ༔ དགུ་བཅུ་རྩ་དྲུག་དག་ནི་སྟོན་པ་ཡིན༔ འཁོར་འདས་ཆོས་ཀུན་བྱང་ཆུབ་སེམས་སུ་འདུས༔ བྱང་སེམས་ཀུན་འདུས་བསྟན་པ་ཡིན༔ དོན་ཐོག་མན་ངག་དབབ་དགོས་པས༔ བྱང་སེམས་ས་གཅིག་པ་ནི་བསྟན༔ ནམ་མཁའ་ལྟ་བུར་སྟོན་དགོས་པས༔ ཡེ་ཤེས་ནམ་མཁའི་རྒྱལ་པོ་བསྟན༔ གདམས་ངག་བདུན་ཅུ་རྩ་གཅིག་འཆད༔ ཡེ་ཤེས་རྒྱུན་ཆད་འཕོ་འགྱུར་མེད༔ བྱང་སེམས་སྲོག་གི་འཁོར་ལོ་ནི༔ བྱང་སེམས་བདེ་འབྱམས་བསྟན་པ་ཡིན༔ གདམས་ངག་ཉི་ཤུ་རྩ་བདུན་སྟོན༔ རིག་ཕྱོགས་མ་འགགས་དོན་སྟོན་པས༔

5-54b

བྱང་སེམས་མྱུ་གུ་བསྟན་པ་ཡིན༔ བྱང་སེམས་དོན་འདུས་སྟོན་དགོས་པས༔ གདམས་ངག་བཅོ་ལྔས་གཏན་ལ་དབབ༔ རྫོགས་པ་སྤྱི་གཅོད་བསྟན་པ་ཡིན༔ བྱང་སེམས་རིན་ཅེན་ལྟ་བུ་ལ༔ ཐེག་པ་རིམ་དགུའི་ཕྲས་བརྒྱན་པས༔ བདེ་བ་ཕྲ་བཀོད་བསྟན་པ་ཡིན༔ བྱང་ཆུབ་སེམས་ཆོས་ཀུན་འདུས་པས༔ སྤྱི་ཆིངས་སྔགས་ཀྱི་རྒྱལ་པོ་བསྟན༔ ཟབ་མོའི་གདམས་ངག་ཉི་ཤུ་རྩ་གཉིས་སྟོན༔ སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ༔ ཡིད་བཞིན་ནོར་བུ་བཞིན་གསལ་བས༔ ཡིད་བཞིན་སྒྲོན་མ་འབར་བ་བསྟན༔ སྒོམ་པའི་མན་ངག་བཅུ་དྲུག་བསྟན༔ བྱང་སེམས་ཆོས་ཀྱི་རྟེན་གཞིར་གྱུར༔ བདག་ཉིད་ཇི་ལྟར་གྱུར་པའི་ཕྱིར༔ རྗེ་བཙུན་སྔགས་ཀྱི་རྒྱལ་པོ་བསྟན༔ ཟབ་མོའི་གདམས་ངག་བཅུ་ཡིས་བསྟན༔ རྫོགས་ཆེན་སེམས་མདོ་བཅོ་བརྒྱད་ལ༔ སྒོམ་ཁྲིད་བདུན་བརྒྱ་བདུན་ཅུ་བདུན༔ གསང་རྒྱའི་གཤགས་འབྱེད་ཡིན་པའོ༔ རྫོགས་པ་ཆེན་པོ་འགྱུར་

5-55a

༄༅༔       ༔བཞི་ནི༔ ནམ་མཁའ་ཆེ་དང་རིག་ཁུ་བྱུག༔ ཁྱུང་ཆེན་ལྡིང་དང་རྩལ་ཆེན་སྤྲུགས༔ བྱང་ཆུབ་སེམས་སྒོམ་དང་ནི་ལྔ༔ སྔ་འགྱུར་ལྔ་རུ་གྲགས་པ་ཡིན༔ བཻ་རོ་ཙ་ནས་མཛད་པའི་ཆོས༔ ཐེམ་ཡིག་བཅོ་བརྒྱད་མཛད་པ་ཡིན༔ རྩ་བའི་ཕྱི་འགྱུར་རྩེ་མོ་བྱུང་རྒྱལ་དང་༔ ནམ་མཁའི་རྒྱལ་པོ་བདེ་བ་ཕྲ་བཀོད་དང་༔ རྫོགས་པ་སྤྱི་གཅོད་རིན་ཆེན་ཀུན་འདུས་དང་༔ སྲོག་གི་འཁོར་ལོ་བྱང་ཆུབ་སེམས་ཏིག་དང་༔ བདེ་འབྱམས་དང་ནི་སྲིད་པ་སྤྱི་ཆིངས་དང་༔ རྗེ་བཙུན་དམ་པ་ཡིད་བཞིན་ནོར་བུ་དང་༔ ཐིག་ལེ་ཀློང་ཡངས་རྡོ་ལ་གསེར་ཞུན་ཏེ༔ ཕྱི་འགྱུར་བཅུ་གསུམ་དག་ཏུ་གྲགས་པ་ཡིན༔ གཅིག་ཏུ་གྲིལ་བས་སེམས་མདོ་བཅོ་བརྒྱད་གྲགས༔ བར་པར་བཅོ་བརྒྱད་སྙིང་ཏིག་ལུགས་གསུམ་མོ༔ ཡང་འགྱུར་ཉི་ཤུ་བཀའ་གཏེར་གཉིས་སུ་གྲགས༔ སྤྱི་བཏུས་རྫོགས་པ་ཆེན་པོ་སྐོར་ལྔ་བསྡུས༔ ཕྱི་སྐོར་ནང་སྐོར་གསང་སྐོར་བླ་མེད་སྐོར༔ ཡོངས་

5-55b

སུ་རྫོགས་པའི་སྐོར་དང་ལྔ་ལས་མེད༔ དེ་རྣམས་ལ་ནི་བཤད་གཞུང་མང་ལགས་ཀྱང་༔ རྒྱ་གར་བཤད་གཞུང་བདུན་དང་ནི༔ བོད་ཀྱི་བཤད་གཞུང་གཅིག་སྟེ་བརྒྱད༔ དང་པོ་ལྟ་བ་ཀློང་སྡེབས་བཤད་པ་ནི༔ མཚོན་དཔེ་ནམ་མཁའ་ལ་བཞག་ནས༔ རྒྱ་གར་མཁན་པོ་གསལ་རྒྱལ་གྱིས༔ རྫོགས་པ་ཆེན་པོ་རིན་པོ་ཆེ༔ གསེར་འདྲིལ་གསེར་འཕྲེང་བོད་དུ་བསྒྱུར༔ བཀའ་བབས་འཕགས་པ་ཤེས་རབ་བོ༔ གཉིས་པ་དགོངས་པ་ཀློང་སྡེབས་བཤད༔ མཚོན་དཔེ་ཉི་མར་བཞག་ནས་སུ༔ རྒྱ་གར་མཁན་པོ་ཤྲཱི་སིང་ཧའི༔ རིན་ཆེན་ཀློང་འཕྲེང་བོད་དུ་བསྒྱུར༔ བཀའ་བབས་གཉགས་ཀྱི་ཀུ་མཱ་ར༔ གསུམ་པ་གབ་པ་འཁྲུགས་སྡེབས་བཤད༔ མཚོན་དཔེ་རད་ན་སྤུངས་ལ་བཞག༔ རྒྱ་གར་མཁན་པོ་བ་ཤི་ཏའི༔ རྫོགས་ཆེན་རིགས་ཆེན་གསང་རྒྱའི་སྐོར༔ བོད་དུ་བསྒྱུར་བའི་བཀའ་བབས་པ༔ ཞང་སྒོམ་ཛྙཱ་ན་ཤེས་རབ་བོ༔ བཞི་པ་རྒྱལ་

5-56a

༄༅༔       ༔ཐབས་སྤྱི་བླུགས་བཤད༔ མཚོན་དཔེ་རིན་ཆེན་གསལ་བཀྲམ་བཞག༔ མཁན་པོ་བུདྡྷ་ཀུཔྟ་ཡིས༔ རྫོགས་ཆེན་ཡོངས་རྣམས་རིག་པ་ཡི༔ ཉི་མ་ཟ་འོག་བེར་ཁྱིམ་བསྒྱུར༔ བཀའ་བས་ཡེ་ཤེས་དབང་ཕྱུག་གོ༔ རྫོགས་ཆེན་སྒང་སྒྲིལ་དུ་ནི་འདོད༔ ལྔ་པ་མ་འདྲེས་ཡོངས་བཤད་པ༔ མཚོན་དཔེ་ནམ་ལངས་ལྟ་བུ་བཞག༔ ཤྲཱི་སིང་ཧའི་འགྲེལ་ཆུང་ལྕགས་འགྲེལ་གཉིས༔ མཁན་པོ་དྲང་སྲོང་བ་ཤི་ཏ༔ བོད་བསྒྱུར་བཀའ་བབས་སྐོར་ཐུང་ཤེས་རབ་ཡེ༔ དྲུག་པ་བཤད་གཞུང་སོ་དྲུག་བཤད༔ མཚོན་དཔེ་རྒྱ་མཚོའི་ཆུ་བྲན་གྱེས༔ རྫོགས་ཆེན་འདོད་གཞུང་བཞི་རུ་འདུས༔ ལ་ཟློ་ཤན་འབྱེད་གོལ་སྒྲིབ་བདར་ཤ་བཅད༔ བོད་བསྒྱུར་བཀའ་བབས་སངས་རྒྱས་ཡེ་ཤེས་སོ༔ བདུན་པ་རྒྱ་བཞི་ཁ་སྤྲོད་བཤད༔ མཚོན་དཔེ་ཡིད་བཞིན་ནོར་བུ་ཆེ༔ རྫོགས་ཆེན་རྒྱ་བཞི་ཁ་སྤྲོད་ནི༔ རྒྱ་གར་མཁན་པོ་ཤྲཱི་བ་ལེ་དྷ་ར་ཙིནྡཱ་མ་ཎི༔ དེ་ལ་

5-56b

ཕྱི་ཡི་རྩིས་རྒྱའི་སྐོར༔ ལྟ་བ་ལ་ཟློ་ཐེག་ཤན་འབྱེད༔ གོལ་སྒྲིབ་བདར་ཤ་གཅོད་ཐབས་སོ༔ གཟེར་བུ་བདུན་བརྒྱ་བདུན་ཅུ་བདུན༔ སྟོན་ཆེན་རྣམས་ཀྱི་ཆོས་ཡིན་ནོ༔ ནང་ལྟར་གསང་རྒྱའི་སྐོར་ལ་ནི༔ སེམས་ནི་མ་ཟིན་ཟིན་པར་བྱེད༔ ཟིན་པའི་སེམས་དེ་བརྟན་པར་བྱེད༔ བརྟན་པ་བོགས་ནི་འདོན་པར་བྱེད༔ བོགས་མ་ཐོན་ན་ལོག་ནོན་འདོན༔ དགྲ་ཆེ་བྱིང་རྒོད་གནས་གསུམ་འཛོ.མ༔ མཇུག་ཏུ་ཆོས་ཉིད་མ་བུ་སྤྲོད༔ དེ་ལ་སྒོམ་ཁྲིད་མི་འདྲ་བ༔ བདུན་བརྒྱ་བདུན་ཅུ་རྩ་བདུན་སྟོན༔ སྒོམ་ཆེན་རྣམས་ཀྱི་ཆོས་ཡིན་ནོ༔ གསང་བ་རྒྱའུ་ཆུང་སྐོར་ལ༔ སྒོམ་གྱི་མཁན་པོ་ངོས་བཟུང་ནས༔ སྒོམ་བདག་པོ་ལ་གཏོད་པའི་ཆོས༔ དེ་ལ་ལ་ཟློ་མི་འདྲ་བ༔ བདུན་བརྒྱ་དང་ནི་བདུན་བཅུ་ཡོད༔ གསང་རྒྱ་ལ་ཟློ་བ་ལ་གཏད༔ མན་ངག་གཏད་རྒྱའི་སྐོར་ལ་ནི༔ བསྒོམས་ཀྱང་སྐྱོན་མེད་རང་བྱུང་ཡེ་ཤེས་རོལ༔ མ་བསྒོམས་སྐྱོན་མེད་མཚན་མ་མེད༔ མདོར་

5-57a

ན་བསྒོམས་དང་མ་བསྒོམས་གཉིས༔ གཉིས་སུ་མེད་པའི་ཆོས་བྱ་ཡིན༔ དེ་ལ་དགོངས་པ་མི་འདྲ་བ༔ བརྒྱ་དང་དྲུག་ཅུ་ཡོད་པ་ནི༔ རྣལ་འབྱོར་ཆོས་སུ་གཏད་པ་ཡིན༔ སྒོ་དང་སྒོ་ལྕགས་ལྡེ་མིག་ཚུལ༔ མཚོན་དཔེ་ཕྱུག་པོའི་བང་མཛོད་ཡིན༔ མཁན་པོ་མེ་ཏོག་བྱང་འབར་གྱིས༔ ཤེས་རབ་རྩལ་གྱི་སྒོ་ནས་མཛད༔ རྫོགས་ཆེན་ལྡེ་མིག་སྐོར་དེས་ནི༔ གསང་སྔགས་བབས་བདུན་འཆད་ཚུལ་བཞི༔ ཡོངས་སུ་རྫོགས་པའི་སྐོར་དང་ལྔའོ༔ ཤཱཀྱ་ཐུབ་པས་སྲིན་པོའི་ཡུལ༔ པུ་རི་གསུམ་དུ་གསུངས་པའི་ཆོས༔ ཟོ་མོ་པུ་རི་ཁྲག་གི་མཚོ༔ རྒྱལ་མོ་པུ་རིའི་མཚོ་དང་ནི་༔ ཤར་ན་ལང་ཀ་པུ་རིའི་མཚོའོ༔ བྲམ་ཟེའི་རྒྱུད་ལྔ་བམ་པོ་དགུ་དགུ་ཡོད༔ རྨད་དུ་བྱུང་བ་དྲུག་ལ་བཅུ་གཅིག་གོ༔ མན་ངག་རྒྱ་མཚོ་ཀློང་ལ་བམ་པོ་གཅིག༔ རྫོགས་ཆེན་བླ་ན་མེད་པར་ཁས་འཆེ་ལ༔ སྟེན་བཙན་བསམ་གཏན་ཙམ་ལ་རྟེན་འཆའ་ལ༔ རྒྱལ་པོའི་

5-57b

སྲས་དམངས་བབས་པའི་ལུང་དང་འགལ༔ དམངས་ཀྱིས་རྒྱལ་པོའི་བྱ་ལས་མི་ཕེར་རོ༔ རང་གི་ལྟ་བ་འཁྲུལ་པས་རྫོགས་ཆེན་སྣང་༔ དཔེར་ན་གང་ཞིག་འགྲོ་བའི་མིག་ལ་ནི༔ ཨ་བ་ར་ཚ་བའི་རིམ་གྱིས་བསྐྱོད༔ གཟུགས་བརྙན་མང་པོ་ཐ་དད་སྣང་བ་འདྲ༔ མི་བདེན་རྨོངས་པ་ལ་ནི་ཀུན་རྫོབ་བསླུ༔ དེ་དག་བློ་འཁྲུལ་ཆོས་ཉིད་རྗེས་སུ་འབྲང་༔ ཁོང་རྩོལ་ཐམས་ཅད་གཉེན་པོ་རྫོགས་ཆེན་ཡིན༔ ལྔ་པར་མིས་མཐོང་མངོན་སུམ་ཚད་མ་རུ༔ བི་མཱ་མི་ཏྲ་བོད་དུ་འདའ་ཚུལ་བསྟན༔ རྒྱ་གར་ཡུལ་ན་མ་འདས་བཞུགས་པ་དང་༔ པདྨ་འབྱུང་གནས་སྲིན་པོ་འདུལ་དུ་བཞུད༔ དེ་སོགས་རྒྱ་གར་མཁས་པ་གྲངས་མེད་ན༔ མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་ཡང་ནི༔ གྲངས་མེད་པ་གཅིག་རིག་པ་འཛིན་དུ་གཤེགས༔ ཇོ་བོ་ཞང་དྲུང་ཐུགས་དམ་ལྷ་སྐལ་ཡོལ༔ ལོ་ཙཱ་རིན་ཅེན་མཆོག་ནི་བར་སྣང་གཤེགས༔ ངན་ལམ་རྒྱལ་མཆོག་རྟ་སྐད་དངོས་གྲུབ་བརྙེས༔ ནམ་མཁའི་

5-58a

༄༅༔       ༔སྙིང་པོ་མཁའ་འགྲོ་མས་བསུས་གཤེགས༔ མཁན་པོ་སྙན་ཆེན་དཔལ་དབྱངས་མཁའ་འགྲོས་བསུས༔ དགའ་ལྡན་ལྷ་ཡི་སྟོན་པར་གཤེགས་པ་ཡིན༔ དེ་ལ་སོགས་པ་བོད་ན་གྲངས་མེད་དོ༔ ཕྱིས་ཀྱང་འབྱོན་པར་བཀའ་ལུང་མན་ངག་གསུངས༔ གདུང་འཚོབ་སྐྱེས་བུ་འགའ་ནི་བྱུང་སྲིད་ན༔ ཤིན་ཏུ་ཐེ་ཚོམ་ཟ་བར་མི་བྱའོ༔ དེས་ན་ཚེ་གཅིག་འཁོར་བ་ཟད་པར་བྱེད༔ སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས་སུ༔ ཡང་དག་ངེས་པའི་ཞལ་སྟོན་བླ་མ་སྤྱི་བོར་ཁུར༔ དེ་ཡིས་བསྟན་པའི་མན་ངག་སྙིང་གི་དཀྱིལ་དུ་ཆོངས༔ རྣལ་འབྱོར་ལྟ་ཁམ་མ་ཆུང་སྤྱོད་པ་ཁམ་མ་ཆེ༔ རྒྱལ་བའི་དགོངས་པ་རྟོགས་ཀྱང་མཛད་སྤྱོད་མི་དང་བསྟུན༔ དགེ་སྦྱོར་ཚོགས་ལམ་མི་འགེགས་ཀུན་དང་མཐུན་པར་སྤྱོད༔ རྟོགས་པ་ཤུགས་ལས་འཆར་གྱི་སྙིང་རྗེ་གཏོང་ཕོད་བསྐྱེད༔ ཐེག་དགུ་རང་སར་བདེན་གྱི་ཐེག་པའི་ཁ་མ་འཛིན༔ དོན་དམ་ལྟ་ཕུགས་གཅིག་

5-58b

གིས་ཆོས་ལ་ཕྱོགས་རིས་བསྐྱུངས༔ རང་རྒྱུད་ཐོས་པས་གྲོལ་གྱིས་ཆོས་ལ་ངོམས་མ་སྐྱེན༔ མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག༔ བདེན་ཅིང་འཐད་ན་ལེགས་དཔྱད་བྱིས་པའི་ཚིག་ཀྱང་ཉོན༔ ཡིད་ཆེས་གདེང་ཆེན་རང་ལ་ཡོད་ཀྱང་ཀུན་ལ་དྲིས༔ རང་ཉམས་ཟབ་མོ་མུ་ཅོར་མི་སྨྲ་ཀུན་ལ་གསང་༔ བདག་གིས་གཞན་སྐྱོན་མི་བརྟག་རང་གི་སྐྱོན་ལ་བརྟག༔ སེམས་ཅན་མོས་པ་ཐ་དད་གང་ལ་སྐུར་མི་གདབ༔ མཁས་པ་ཕུལ་དུ་གྱུར་ཀྱང་ང་རྒྱལ་ཁེངས་གྲགས་བསྐྱུངས༔ ཆོས་ཉིད་གཞན་ནས་མ་འཚོལ་རྣམ་པར་རྟོག་ལ་ལྟོས༔ རྣམ་རྟོག་མཐོང་རྒྱུ་མེད་ན་ཆོས་ཉིད་དེ་ཡིས་མཐོང་༔ བདེ་བ་དང་དུ་མ་ལེན་སྡུག་བསྔལ་སྤང་དུ་མེད༔ སྡུག་བསྔལ་རང་སར་གྲོལ་ན་དེ་ཉིད་བདེ་བ་ཡིན༔ ཚིག་གི་རྩ་བ་མ་གཅོད་དོན་གྱི་རྩ་བ་ཆོད༔ ཚིག་གི་རྩ་བ་བཅད་ན་ནམ་མཁའི་མཐའ་དང་མཉམ༔ དོན་གྱི་རྩ་བ་ཆོད་ན་ཚིག་མཐའ་དེ་ཡིས་ཆོད༔ ཆོས་

5-59a

༄༅༔       ༔ཀྱི་རྩ་བ་མ་གཅོད་སེམས་ཀྱི་རྩ་བ་ཆོད༔ སེམས་ཀྱི་རྩ་བ་ཆོད་ན་ཆོས་ཀྱི་བདག་པོ་ཡིན༔ སངས་རྒྱས་མེད་ཀྱིས་མ་འཚོལ་སེམས་ཀྱི་མཚན་ཉིད་རྟོགས༔ ཞེས་གསུངས་སོ༔ མུ་སྟེགས་བོད་ན་གཞུང་བཙུགས་ས་མེད་དེ༔ བསྟན་པའི་དགྲར་གྱུར་པ་ལ་མུ་སྟེགས་ཟེར༔ སངས་རྒྱས་བསྟན་པ་དར་དང་ནུབ་པ་ནི༔ དགེ་འདུན་སྔགས་པ་ཀུན་ལ་བརྩིས་པ་ཡིན༔ སྔགས་པ་རྡལ་ཆེ་གསང་སྔགས་དར་བ་ཡིན༔ དགེ་འདུན་རྡལ་ཆེ་སྡེ་སྣོད་གསུམ་པོ་དར༔ གཉིས་ཀ་རྡལ་ཆེ་མདོ་སྔགས་གཉིས་ཀ་དར༔ དགེ་འདུན་ཁྲིམས་ཀྱི་སྤྱོད་ལམ་ཤིན་ཏུ་དོག༔ ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་དུ་འདུ༔ ལྟ་བ་དབུ་མ་སྤྱོད་པ་ཡོད་སྨྲའི་སྡེ༔ གསང་སྔགས་པ་ནི་སྒྲུབ་རྒྱུད་སྤྱོད་ལམ་ཡངས༔ ལྟ་བ་རྫོགས་ཆེན་སྤྱོད་པ་མ་ཧཱ་ཡིན༔ ཕུན་སུམ་ཚོགས་པ་ལྔ་ཡིས་སྒྲུབ་གཞི་གཟུང་༔ སྒྲུབ་ཁང་སྒྲུབ་རྫས་ཁ་ཡི་བལྟ་ཕྱོགས་རྣམས༔ འདི་འདྲ་

5-59b

འདི་བཞིན་འདི་ལྟར་དགོས་བྱ་དང་༔ ཉི་མ་ཉིན་གཅིག་ཐུན་ཆག་ན༔ མཁའ་འགྲོ་མ་ཡི་བཀའ་ཆད་འོང་༔ ཁེ་ཉེན་ཤིན་ཏུ་ཆེ་བ་ཡིན༔ ཁ་བཤད་རྐྱང་པས་མི་འོང་ངོ་༔ མི་ཚེ་སྒྲུབ་པ་ལ་བསྐྱལ་ནས༔ བྱ་རྒྱུ་གཞན་མེད་པ་ཞིག་དགོས༔ སྐུ་གསུམ་གྱིས་གསུངས་པ་ཆོས་ཡིན་པའི་སྐབས་ཏེ་བཅུ་དྲུག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔