༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉི་ཤུ་པ། མཆོད་པའི་ཕན་ཡོན་བསྟན་པའི་སྐབས།
Previous Chapter
Next Chapter

(ལེའུ་ཉི་ཤུ་པ། མཆོད་པའི་ཕན་ཡོན་བསྟན་པའི་སྐབས།)

མཆོད་པའི་ཕན་ཡོན་བསྟན་པ་ནི༔ སངས་རྒྱས་མཆོད་པ་སེམས་ཅན་བཟུང་༔ མོས་པའི་ཚིག་གིས་སྨྲེ་སྔགས་བརྗོད༔ ལུས་པོ་རྔུལ་བའི་སྐོར་བ་བགྱི༔ གུས་པས་ཕྱག་བཅལ་མཎྜལ་དབུལ༔ ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཡིན༔ ཚེས་བཅུ་ལ་ནི་མཆོད་པར་བྱ༔ མཁའ་འགྲོ་ཆོས་བཟང་སྤྲིན་བཞིན་འདུ༔ བདུན་བདུན་བསྡེབས་ནས་གར་ཡང་བྱེད༔ ལྷ་ཡི་བུ་མོ་མཛེས་མ་རྣམས༔ མི་ཆེ་མི་ཆུང་ལང་ཚོ་ལྡན༔

5-67b

རིན་ཅེན་རྒྱན་ཆས་བརྒྱན་པ་རྣམས༔ སྙན་པའི་སྒྲ་སྒྲོག་བར་སྣང་ཁེངས༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ ལུས་ཀྱི་མཆོད་པ་ཕྱག་རྒྱ་གར༔ ངག་གི་མཆོད་པ་དབྱངས་སྙན་སྔགས་དང་ལྡན༔ བསྟོད་ཚིག་ཡན་ལག་བདུན་པ་ལ་སོགས་དབྱངས༔ རྔ་དུང་དྲིལ་བུ་ཅང་ཏིའི་སྒྲ༔ འགྲོ་བའི་དོན་དུ་ཆོས་འཁོར་བསྐོར༔ ཡིད་ཀྱི་མཆོད་པ་ཡིད་བཞིན་ནོར་བུ་བསམ༔ ཟུར་དྲུག་སྔོན་པོ་ཅུང་ཟད་སྐྱ༔ ཕྱོགས་བཅུ་དུས་གསུཾ་སངས་རྒྱས་རྣམས༔ གླིང་བཞི་ཁྱབ་པར་མདུན་དུ་བསམ༔ མཆོད་ཚོགས་འཕྲེང་བ་བརྩེགས་པའི་ཚུལ༔ ཨུཏྤལ་ལ་སོགས་མེ་ཏོག་དང་༔ ཨ་ཀ་རུ་སོགས་བདུག་སྤོས་དང་༔ རིན་ཅེན་ལ་སོགས་སྣང་བ་དང་༔ ག་བུར་ལ་སོགས་དྲི་བཟང་དང་༔ ལྷ་བཤོས་ལ་སོགས་བཟའ་བ་དང་༔ གདུགས་དང་རྒྱལ་མཚན་ན་བཟའ་དང་༔ བ་དན་པི་ཝང་རྫ་རྔ་སོགས༔ རོལ་མོ་སྣ་ཚོགས་པ་ཉིད་འབུལ༔ རྒྱལ་སྲིད་སྣ་བདུན་མཆོད་པ་ཉི་ཤུ་

5-68a

༄༅༔       ༔བརྒྱད༔ སོ་སོར་མ་ལུས་དབུལ་བར་བྱ༔ རྫས་རྣམས་ཕུན་སུམ་ཚོགས་པ་དང་༔ གཙང་མར་བཤམས་དང་དད་པས་ཟིན༔ རིམ་པ་མ་ནོར་གནས་ཤེས་དང་༔ ཆུད་མ་གཟན་པས་མཆོད་ལ་བརྩོན༔ རྒྱལ་སྲིད་ཆོས་དང་མཐུན་པ་ཡིན༔ གསོན་པོ་ཚེ་རིང་ལོངས་སྤྱོད་ཆེ༔ གཤིན་པོ་རྣམས་ཀྱི་སྒྲིབ་པ་འདག༔ ལྷ་དང་མི་ཡི་སྐྱེ་གནས་ལེན༔ དག་པར་བྱེད་པ་ཆོ་གའི་མཆོག༔ བདག་གཞན་བག་ཆགས་དག་པར་འགྱུར༔ མཆོད་པ་ཡོད་ན་དགེ་བ་ཡོད༔ མཆོད་པ་མེད་ན་དགེ་བ་མེད༔ རྩ་གསུམ་མཉེས་པ་མཆོད་པས་མཉེས༔ ཕ་མའི་དྲིན་ལན་མཆོད་པས་འཁོར༔ ཅི་འདྲའི་ལུས་བླངས་ལོངས་སྤྱོད་ཆེ༔ མཆོད་པའི་ཕན་ཡོན་གྱི་སྐབས་ཏེ་ཉི་ཤུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔