༄༅། །བཀའ་ཐང་སྡེ་ལྔ།
མཇུག་བསྡུ་བ།
Previous Chapter
Next Chapter

(མཇུག་བསྡུ་བ།)

བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ སྣང་བ་མཐའ་ཡས་ལུང་བསྟན་སྐུ་སྤྲུལ་ནས༔ རྒྱ་བོད་ལོ་པཎ་ཆེན་པོ་བོད་དུ་ཚོགས༔ ལྷ་འདྲེ་ཤབ་ཀྱི་འབར་བ་ནག་པོ་དང་༔ གཉན་ཆེན་ཐང་ལྷ་ཇོ་བོ་བཎ་ཆེན་གསུམ༔ གཞི་བདག་སྐུ་ལུང་བཙན་དང་བཞིས༔ གུས་པས་ཕྱག་བཙལ་གསོལ་བ་བཏབ༔ མ་འོངས་སངས་རྒྱས་བསྟན་པ་མཐའ་སྐྱོང་ཕྱིར༔ བསམ་མི་ཁྱབ་པའི་ཆོས་བསྒྱུར་གཏེར་དུ་སྦས༔ ཁྱད་པར་རྒྱལ་ཁྲིམས་བརྟན་བྱེད་འདི་སྐད་གསུངས༔ རྒྱལ་པོ་ཁྲོ་གཏུམ་ཆེ་ན་རྒྱལ་སྲིད་

5-113b

སྐྱེལ༔ བློན་པོ་མ་འཆུན་སྲིད་ཀྱི་མཁར་པོ་འཇིག༔ འཆུན་ཆེན་མང་ན་ཐུགས་ཚོད་གཞན་ལ་འཆོར༔ ཆོས་དང་ལྡན་ན་འགྲོ་བ་ཀུན་གྱིས་འཁུར༔ ཆོས་མེད་རྒྱལ་པོ་རང་གི་མངའ་རིས་ཙམ༔ གཞན་གྱིས་བསྒྱུར་བ་བྱས་ན་ཁྲིམས་ཉམས་འགྲོ༔ ཕྱོགས་ཆ་ཆེས་ན་འབངས་ཀྱི་ཁེངས་ལོག་འོང་༔ ཡིན་རུང་མིན་རུང་དམག་བྱེད་རང་འཕུང་འགྲོ༔ སྔར་བྱས་འགྱོད་པ་མེད་ན་གྲོས་ཕུགས་རྡུགས༔ མི་ཡུལ་ས་སྟེང་གཏམ་ངན་ཁྱབ་པར་འགྱུར༔ ཁོང་དལ་སྨྲ་བདེན་འཆད་བཙན་ཕན་གནོད་ནུས༔ སེམས་རྒྱུད་ཤིན་ཏུ་རབ་ཏུ་དུལ་ཞིང་སྒམ༔ དྲང་པོའི་སེམས་འཇོགས་མ་བཅོལ་ལས་མི་འཇུག༔ སྔ་གྲོས་མི་ཞན་ཕྱིས་ནི་འགྱོད་མི་བསྣན༔ མཐོ་དམན་ལེགས་སྦྱོར་ཉེས་མི་བསྒྲུབས་བས་འཚོ༔ བློན་པོ་གྲོས་ཆེ་བསྟན་པ་དར་

5-114a

༄༅༔       ༔ཡུན་རིང་༔ ཁ་འཇམ་ཁོང་པ་གདུག་པ་བློན་པོ་འཇིགས༔ མི་ཡི་རྒྱལ་པོའི་དཔེ་ནི་རྒྱ་མཚོ་འདྲ༔ རྒྱ་མཚོ་གཡོ་བ་མེད་བཞིན་ཐུགས་མི་གཡོ༔ གཏིང་དཔག་དཀའ་ཞིང་ཐུགས་ཟབ་ཤེས་ཞིབ་བསྐྱེད༔ བློན་པོ་རྣམས་ཀྱིས་སྐྱོན་དོར་ཡོན་ཏན་ལོང་༔ མཐོ་འགྲོགས་མ་ཆེ་ངན་པ་ཁྱད་མ་གསོད༔ འཕུང་གཡོས་ཐམས་ཅད་ངན་པས་བྱེད་པ་ཡིན༔ འཚོ་ཤེས་བློན་ཆེན་རྣམས་ཀྱིས་མེལ་ཚེ་ཆོལ༔ མི་ངན་ཟས་སྐོམ་གོས་ནོར་ཕན་མ་གདགས༔ ལན་ཅིག་མ་མགུ་ངན་སྨྲས་གཏོང་དུ་འོང་༔ མི་ཆོས་རྒྱ་མཚོ་འདྲ་བ་ལེགས་པའི་གཞི༔ དྷ་ན་ཀོ་ཤ་གཡུ་ཡི་མཚོ་མོའི་དབུས༔ མེ་ཏོག་པདྨ་གེ་སར་སྡོང་པོ་ལ༔ སྐུ་མཆོག་སྐུ་ཡི་མཚན་མཆོག་པདྨ་འབྱུང་༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཁྱོད་ཉིད་ནས༔ རྒྱལ་རབས་བགྲངས་པའི་བཅོ་ལྔ་ཐལ་ཙ་ན༔

5-114b

མཐའ་དམག་བྱུང་སྟེ་རྒྱལ་ཁྲིམས་ཞིག་པར་འགྱུར༔ མི་དག་སྲིན་པོས་གཟུང་ཡང་འབྲོས་སེམས་མེད༔ ཐར་པ་ཐོབ་པའི་ཆོས་ལ་འཇུག་ཏུ་གཤའ༔ འཇིག་རྟེན་ཕ་རོལ་འགྲོ་ཡང་རྒྱགས་ཕྱེ་མེད༔ བླ་མའི་གདམས་ངག་རྒྱགས་ཕྱེ་ཁུར་དུ་གཤའ༔ ལུས་སེམས་ངན་གྱེས་བྱེད་ཀྱང་བྲེད་སེམས་མེད༔ སེམས་ཉིད་འགག་མེད་རྩ་བྲལ་རྟོགས་སུ་གཤའ༔ ངན་སོང་གཡང་ལ་ལྷུངས་ཀྱང་འཇིགས་སེམས་མེད༔ སྡོམ་བསྲུངས་མཐོ་རིས་ལམ་ལ་འགྲོ་རུ་གཤའ༔ འཁོར་བའི་འདམ་དུ་བྱིངས་ཀྱང་དོན་སེམས་མེད༔ འཁོར་བ་རྒྱབ་བསྐྱུར་བྱང་ཆུབ་བསྒྲུབ་ཏུ་གཤའ༔ མོ་མ་པྲ་སེ་ན་ཡི་ཁ་ལ་ཉན༔ རྟག་ཏུ་བསམ་མནོ་གཏོང་བའི་སེམས་རྒྱ་ཅན༔ མི་རྟག་འགྱུར་ཞིང་ལྡོག་པའི་བློན་པོ་རྣམས༔ དམའ་ས་བཟུང་ནས་བསྟུན་ན་སྐྱིད་པར་འོང་༔ ཆོས་མེད་

5-115a

༄༅༔       ༔གྲགས་པས་བསླུས་པའི་ཆོས་མཁན་རྣམས༔ ཡི་གེ་མེད་པའི་དོན་རྟོགས་སངས་རྒྱས་ཐོབ༔ མཁས་བཙུན་བཟང་འདོད་ཆོས་པ་རང་སེམས་སྡུག༔ ཉོན་མོངས་རགས་པས་བཟང་འཕྲུལ་ཁར་ཞེན་འཕུང་༔ སྡོམ་མེད་ནོར་རྫས་གསོག་པའི་བཙུན་པ་རྣམས༔ ཆོས་སྤྱོད་བཅུ་ལ་འབད་ན་ཚོགས་གཉིས་རྫོགས༔ ཐོས་བསམ་དྲན་པ་མེད་པའི་སྒོམ་ཆེན་རྣམས༔ བླུན་སྒོམ་སྟོང་ཞེན་བཤིག་ན་རྟོགས་པ་འཁྲུངས༔ སྒོམ་ཡུས་བཟང་འདོད་ཆོས་པ་སྙིང་རེ་རྗེ༔ ཆོས་པ་ཟོག་པོ་མང་པོ་བོད་དུ་འབྱུང་༔ བཟང་འདོད་ཚུལ་འཆོས་འདོད་ཡོན་སྲེད་པ་ཅན༔ ཆོག་ཤེས་མེད་པས་མི་ལ་ཁྲམ་བྱེད་རྣམས༔ ལྟོ་གོས་གཉིས་ཀྱི་ཁ་ལ་ཁྱི་བཞིན་རྒྱུག༔ མ་ཤི་བར་དུ་བྲེལ་ལས་དལ་བ་མེད༔ ཤི་ནས་རོ་དལ་ཐམས་ཅད་བཞག་ནས་འགྲོ༔ ཞེན་

5-115b

ཆགས་འཁྲུལ་གཞི་ཨེན་ཙམ་ཞིག་གིས་བསླུས༔ སེམས་ཅན་ལུས་སྐྱེས་འཁོར་བར་འཁྱམས་སྡུག་བསྔལ༔ སངས་རྒྱས་ལམ་སྣ་སྙིང་ལ་བསྟན་གྱུར་ཀྱང་༔ རང་རྒྱུད་ཐུལ་དུས་མེད་པའི་བློན་པོ་རྣམས༔ ངན་སོང་གསུམ་གྱི་ཇག་པ་བྱུང་ཙ་ན༔ རང་ཁ་དྲག་ཀྱང་མི་ཕན་ཆེ་བ་བསྐྱུངས༔ སྲིད་སྡེ་གྲོགས་དད་ཆེ་ཡང་མི་གཏོང་ངོ་ཤེས་བོར༔ འགྱིང་ར་བྱང་གཡག་ཆེ་ཡང་ལུས་སེམས་འབྲལ༔ ཕྱི་རབས་དོན་དུ་བསྟན་པ་བཞག་པའི་ཕྱིར༔ དོན་གྱི་སྙིང་པོ་འདི་ལས་ངས་མ་བསྟན༔ ཞེན་པ་ལོག་པའི་དད་པ་མ་སྐྱེས་ན༔ འཁྲུལ་པ་ཞིག་པའི་འབྲས་བུ་མི་ཐོབ་བོ༔ ལྟ་བའི་སེམས་སོད་ཆོས་ཉིད་ཟས་སུ་ཟོ༔ སྒོམ་པའི་སེམས་གཟུང་སྤྱོད་པའི་འོལ་ཁ་སྒྱུར༔ བློན་པོ་སེམས་ཆོས་རྡོ་རུས་འཕྲོད་པར་སྤྲོད༔ སྔགས་པ་རབ་འབྲིང་ཐ་མ་རྣམ་པ་གསུམ༔ སྔགས་པ་རབ་ལ་ཤར་བ་རྣམ་པ་ལྔ༔ སྔགས་པ་འབྲིང་ལ་གསལ་བ་རྣམ་པ་ལྔ༔ སྔགས་པ་ཐ་མར་གཟུང་བ་རྣམ་པ་ལྔ༔ དང་པོ་སེམས་ཅན་ཐམས་ཅད་སངས་རྒྱས་ཤར་བ་ཡིས༔

5-116a

༄༅༔       ༔ལམ་གྱི་ཡེ་ཤེས་བགྲོད་དུ་མེད་པར་ཤེས༔ གནམ་ས་རི་བྲག་ཡི་དམ་ལྷར་ཤར་བས༔ འབྲས་བུ་ཡིད་བཞིན་ལྷུན་གྲུབ་རྫོགས་པར་ཤེས༔ སྡུག་བསྔལ་ཐམས་ཅད་བདེ་བར་ཤར་བ་ཡིས༔ སྣང་བ་སྣ་ཚོགས་ལམ་དུ་འཁྱེར་བར་ཤེས༔ ཉོན་མོངས་ཐམས་ཅད་ཡེ་ཤེས་ཤར་བ་ཡིས༔ རང་བྱུང་ཡེ་ཤེས་རང་ལ་གནས་པར་ཤེས༔ གཉིས་པ་འབྲིང་ལ་གསལ་བ་རྣམ་པ་ལྔ༔ སྟོང་གསུམ་ལྷ་ཡི་གཞལ་ཡས་ཁང་དུ་གསལ༔ གཞལ་ཡས་ཁང་ལ་ཡངས་དོག་མེད་པའི་གནད༔ རང་ལུས་ཕུང་ཁམས་ལྷ་རུ་གསལ་བ་ཡིས༔ བར་ཆོད་གདོན་བགེགས་ཀུན་གྱིས་མི་ཚུགས་གནད༔ ཕྱི་སྣོད་འཇིག་རྟེན་གཏོར་སྣོད་གསལ་བ་ཡིས༔ གཏོར་མའི་སྣོད་ལ་བཟང་ངན་མེད་པའི་གནད༔ ནང་བཅུད་སེམས་ཅན་དམ་རྫས་གསལ་བ་ཡིས༔ དམ་ཅན་རྣམས་ཀྱི་འཁུ་ལྡོག་མི་འོང་གནད༔ གནས་ལུགས་སྟོང་པ་ཉིད་དུ་གསལ་བ་ཡིས༔ སངས་རྒྱས་གཞན་ནས་མི་

5-116b

འཚོལ་པ་ཡི་གནད༔ གསུམ་པ་སྔགས་པ་ཐ་མའི་གཟུང་བ་ལྔ༔ ལྷ་ལ་རྟག་པར་ཐེར་ཟུག་གཟུང་༔ འཕྲིན་ལས་གྱེར་སྒོམ་མེད་པར་བཟུང་༔ སྔགས་དང་སྙིང་པོ་རང་རྒྱུད་བཟུང་༔ རྫས་དང་གཏོར་ཆུང་བཤོས་བུར་བཟུང་༔ འབྲས་བུ་འཇིག་རྟེན་རཱུ་ཏྲར་བཟུང་༔ སྔགས་པ་རབ་དང་བློན་པོ་ཐང་ཡིག་ཕྲད༔ མཉམ་ཉིད་འཁྲུལ་པ་མེད་པས་ཐུགས་སྟོབས་ཆེ༔ བྱང་སེམས་སྤྱོད་པ་སེམས་ཅན་ཕྱི་མིག་ལྟ༔ སྤྱོད་པ་གཙོ་ཆེར་བྱེད་པའི་དགེ་སློང་ནི༔ རབ་རྩལ་གཙང་མའི་བློ་དང་ལྡན་པས་སུ༔ ས་ནི་དང་པོའི་བྱང་ཆུབ་སེམས་དཔའ་དེས༔ སེམས་ཅན་དོན་བྱེད་པ་ལ་དགའ་བས་སུ༔ འཛམ་གླིང་དབང་པོ་འཁོར་ལོས་སྒྱུར་བར་སྤྲུལ༔ གང་ཟག་བློ་རྣམས་གཅིག་ཏུ་མ་ངེས་པར༔ སེམས་ཅན་མོས་པ་བསྐྱེད་པའི་དོན་བྱེད་ཕྱིར༔ རྡོག་པའི་གཏད་ས་མ་འོངས་སྤྲུལ་སྐུ་ཡིན༔ རྡོག་པ་འདྲེད་པ་ཡོང་ངོ་ཨོ་རྒྱན་གླིང་༔ བྱེད་པ་གཞན་དོན་བྱེད་པ་ཟེར་སྐད་ཀྱང་༔ བྱུང་བ་རང་དོན་མ་བྱུང་ཉེན་ཡོད་དོ༔ སྐལ་ལྡན་

5-117a

༄༅༔       ༔སློབ་མ་ཉིན་སྐར་བས་ཀྱང་དཀོན༔ གསེར་ཆོས་གདམས་ངག་དམ་པར་མ་བྱས་ན༔ སྣོད་ངན་ལག་ཏུ་འགྲིམས་ན་བཀའ་ཆད་འོང་༔ ཆོས་ལ་གཅེས་པར་མ་བྱས་བྱིན་རླབས་ཡལ༔ སྦས་དམ་ཐུབ་ལ་ཆོས་སྐྱོང་ཆགས༔ འདོད་ཚད་མ་སྟེར་བརྒྱུད་པ་རང་གིས་བཟུང་༔ སྐལ་ལྡན་ལས་འཕྲོ་ཅན་དང་ཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན་པའོ༔ ཤོག་སེར་ཤོག་དྲིལ་གཅིག་འདུག་གོ༔ སརྦ་མངྒ་ལཾ༔        ༔