འདུལ་བ་གཞི།
ཀ་བི་ནའི་སྡེ་ཚན།
Previous Chapter
Next Chapter
1-140b

སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་ལ་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་

བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་ལ་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་

བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་

དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་ལ་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་དུ་དགེ་འདུན་གྱི་གསོ་སྦྱོང་གི་

གནས་སུ་བློ་མཐུན་པར་བྱས་པ་དེར་དགེ་སློང་རྣམས་ཀྱིས་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱའོ། །མི་མཐུན་པར་བྱེད་ན་འགལ་ཚབས་

ཅན་དུ་འགྱུར་རོ།། །།འདུལ་བ་གཞི།

༈ ཀ་བི་ནའི་སྡེ་ཚན། (标题3)

༆ བམ་པོ་བཅུ་གཉིས་པ། སྡོམ་ལ། ཀབ་པི་ན་དང་ཆོས་གོས་དང་། །དགྲོལ་དང་མཚམས་ཆུང་མཚམས་ཆེན་དང་། །གནང་དང་བསྐྱུང་བསྐྱེད་དགྲོལ་བ་དང་། །

གཅད་དང་མི་འབྲལ་མ་གཅད་དང་། །གྲོང་དགོན་ལས་དང་དགོན་པ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །

དེའི་ཚེ་ན་ཚེ་དང་ལྡན་པ་བྲམ་ཟེ་ཀབ་པི་ན་རྒྱལ་པོའི་ཁབ་ན་སྡེ་ཅན་མའི་ཕུག་ན་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་དགེ་འདུན་དང་མཐུན་པར་འདུག་གོ། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གསོ་སྦྱོང་བཅྭ་ལྔ་པ་

1-141a

དེ་ཉིད་ཀྱི་ཚེ་གསོ་སྦྱོང་གི་གནས་སུ་འདུག་ཅིང་མཐུན་པར་གྱུར་ནས། ཤས་ཆེར་ཚེ་དང་ལྡན་པ་བྲམ་ཟེ་ཀབ་པི་ན་ལ་སྡོད་ཅིང་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་བྲམ་ཟེ་ཀབ་པི་ན་འདི་སྙམ་དུ་སེམས་ཏེ། དེང་དགེ་འདུན་གྱི་གསོ་སྦྱོང་བཅྭ་

ལྔ་པ་ཡིན་ལ་བདག་དགེ་སློང་ཀབ་པི་ནའི་གསོ་སྦྱོང་ཡང་བཅྭ་ལྔ་པ་ཡིན་ན། ཅི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་འགྲོ་བར་བྱའམ། འོན་ཏེ་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་འགྲོ་བར་མི་བྱ། ཅི་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་

མྱོང་བར་བྱའམ། འོན་ཏེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་མི་བྱ། ཅི་དགེ་འདུན་གྱི་བྱ་བ་དག་དང་དགེ་འདུན་གྱི་བྱེད་པ་དག་ཏུ་འགྲོ་བར་བྱའམ། འོན་ཏེ་དགེ་འདུན་གྱི་བྱ་བ་དག་དང་། དགེ་འདུན་གྱི་བྱེད་པ་དག་ཏུ་འགྲོ་བར་

མི་བྱ། ཅི་དགེ་འདུན་དང་ལྷན་ཅིག་དགེ་འདུན་གྱི་བྱ་བ་དག་དང་དགེ་འདུན་གྱི་བྱེད་པ་དག་ཉམས་སུ་མྱོང་བར་བྱའམ། འོན་ཏེ་དགེ་འདུན་དང་ལྷན་ཅིག་དགེ་འདུན་གྱི་བྱ་བ་དག་དང་། དགེ་འདུན་གྱི་བྱེད་པ་དག་ཉམས་སུ་མྱོང་བར་མི་བྱ། བཅོམ་ལྡན་

འདས་ཀྱིས་ཀྱང་། རྟག་ཏུ་དག་པ་སྙིང་པོ་སྟེ། །རྟག་ཏུ་དག་པ་གསོ་སྦྱོང་ཡིན། །གཙང་མའི་ལས་ནི་དག་གྱུར་པ། །དེ་ཡི་བརྟུལ་ཞུགས་འགྲུབ་པར་འགྱུར། །ཞེས་བཀའ་སྩལ་པས་བདག་ནི་དག་ཅིང་མཆོག་ཏུ་དག་པ་དང་

ལྡན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བྲམ་ཟེ་ཀབ་པི་ནའི་སེམས་ཀྱི་ཡོངས་སུ་རྟོགས་པ་ཐུགས་སུ་ཆུད་ནས་འོད་མའི་ཚལ་ནས་མི་སྣང་བར་མཛད་དེ། སྡེ་ཅན་མའི་ཕུག་ཏུ་ཚེ་དང་ལྡན་པ་བྲམ་ཟེ་ཀབ་པི་ནའི་མདུན་དུ་

བཞུགས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀབ་པི་ན་ཁྱོད་གཅིག་པུ་དབེན་པར་སོང་སྟེ་ནང་དུ་ཡང་དག་འཇོག་པ་ན་འདི་སྙམ་དུ་དེང་དགེ་འདུན་གྱི་གསོ་སྦྱོང་བཅྭ་ལྔ་པ་ཡིན་ལ་བདག་དགེ་སློང་ཀབ་པི་ནའི་གསོ་སྦྱོང་ཡང་བཅྭ་ལྔ་པ་ཡིན་ན། ཅི་

དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་འགྲོ་བར་བྱའམ། འོན་ཏེ་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་འགྲོ་བར་མི་བྱ། ཅི་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་བྱའམ། འོན་ཏེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་